སྨན་རྩིས་དྲ་བ། - ལོ་རྒྱུས།

ལོ་ཙྰ་བ་རིན་ཆེན་བཟང་པོའི་རྣམ་ཐར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.11.2014
ལོ་རྒྱུས། >>

 


༄༅། །ལོ་ཙྪ་བ་ཆེན་པོ་རིན་ཆེན་བཟང་པོའི་རྣམ་ཐར་དད་ལྡན་དགེ་འཕེལ་ཞེས་བྱ་བ་བཞུགས་སོ།།

 

ཁྲིགས་མགོན་དཀའ་ཆེན་བློ་བཟང་བཟོད་པ།

 


རྒྱལ་བའི་བཀའ་དང་དགོངས་འགྲེལ་བསྟན་བཅོས་རྣམས།།

ལེགས་སྦྱར་སྐད་ནས་གངས་ལྗོངས་ཆོས་སྐད་དུ།།

རབ་ཏུ་བསྒྱུར་བའི་མཧྰ་ལོ་ཙྪ་བ།།

རིན་ཆེན་བཟང་པོའི་ཞབས་ལ་ཕྱག་འཚལ་ལོ།། །།

 

       ཞེས་བསྔགས་པ་ལོ་ཙྪ་ཆེན་པོ་རིན་ཆེན་བཟང་པོ་ནི། ས་ཕོ་རྟའི་ལོ་(CE 958)ལ་ཡབ་གཞོན་ནུ་དབང་ཕྱུག ཡུམ་ཅོག་རོ་ཀུན་བཟང་ཤེས་བརྟན་མ་ཞེས་བྱ་བའི་སྲས་སུ་འཁྲུངས། རིགས་གཡུ་རི་གཡུ་སྒྲ། དེའི་ཚེ་ཡབ་ཡུམ་གཉིས་རབ་ཏུ་དགའ་ཞིང་། དཀར་ཕྱོགས་སྐྱོངས་བའི་ལྷ་རྣམས་ཡིད་མགུ་ནས་མེ་ཏོག་གི་སྦྲང་ཆར་ཕབ་ཅིང་། བསྟན་པའི་ཉིན་བྱེད་དབང་པོ་ཤར་རོ་ཞེས་ཕྱོགས་ཀུན་ཏུ་སྒྲ་དབྱངས་ཀྱི་བསྔགས་བརྗོད་བགྱི་ཅི་ཤེས་པ་ལེགས་པར་བརྗོད་དོ།།

       དགུང་ལོ་བཅུ་པའི་སྐབས་ལྷ་བླ་མ་ཡེ་ཤེས་འོད་ཀྱི་བཀའ་བཞིན་འཛིན་སྐྱོར་གྱི་འགྲན་སྡུར་དང་། དགུང་ལོ་བཅུ་གསུམ་བཞེས་པའི་ཚེ་མཁན་པོ་ཡེ་ཤེས་བཟང་པོ་ལས་རབ་ཏུ་བྱུང་། དེའི་མོད་ལ་འདུལ་བ་རྒྱ་ཆེར་འགྲེལ་ཐུགས་སུ་ཆུད། དེའི་དུས་སུ་འཇམ་དཔལ་རྩ་རྒྱུད་ལས། གངས་ཅན་དུ་ནི་རྒྱལ་པོའི་རིགས། །ཡེ་ཤེས་འོད་ཅེས་བྱ་བ་འབྱུང་། །ཞེས་ལུང་བསྟན་པ་ལྟར་གྱི་ལྷ་བླ་མ་ཡེ་ཤེས་འོད་ཅེས་བྱ་བ་བྱུང་། རྒྱལ་པོ་དེས་དམ་པའི་ཆོས་ཀྱི་ཐེག་པའི་རིམ་པ་མཐའ་དག་གཟིགས་པས། སྔགས་དང་ཕ་རོལ་ཏུ་ཕྱིན་པ་གཉིས་ཆེས་འགལ་བར་གཟིགས་ཤིང་། ལག་ལེན་ཡང་སྔགས་ལ་བརྟེན་ནས་འདུལ་བ་ཅ་ཕྱི། འདུལ་བ་ལ་བརྟེན་ནས་གསང་སྔགས་ཆ་ཕྱི་བར་གཟིགས་ནས། ཐེ་ཚོམ་སྐྱེས་ཏེ་འདི་གཉིས་གང་རུང་གཅིག་ཡིན་ཏེ་གཅིག་མ་ཡིན་ནམ། གལ་ཏེ་ཚིག་འགལ་ཡང་དོན་མི་འགལ་བ་ཡིན་ནམ་སྙམ་ནས་ཐེ་ཚོམ་བསལ་བའི་ཕྱིར་མངའ་རི་སྐོར་གསུམ་ནས་བློ་འབྲིང་མན་ཆད་བོར་ཏེ། བློ་རབ་ཏུ་རྣོ་བ་དེ་ཡང་ལོ་བཅུ་ལོན་པ་རྣམས་བསགས་ནས་ཆོས་ཀྱི་ཚིག་འདི་ཙམ། དུས་འདི་ཙམ་ཚུན་ལ་ཟུངས་ཤིག་ཅེས་བྱ་བ་ལ་སོགས་པས་བློ་བརྟག་པས། བློ་རབ་འབྲིང་དགུའི་ཡང་རབ་བདུན་རྙེད་ནས་དེ་རྣམས་ཀྱི་ཕ་མ་ལ་བླུད་བྱིན་ཏེ་ཡི་གེ་བསླབས། རབ་ཏུ་བྱུང་ནས་བྱིས་པ་བདུན་པོ་དེ་ལ་གཡོག་པོ་རེ་རེ་དང་། ཡང་གཡོག་རེ་རེ་སྟེ་དཔོན་གཡོག་ཉེར་གཅིག་བྱས་ནས་ཁ་ཆེའི་ཡུལ་དུ་ཆོས་འཚོལ་དུ་བཏང་། དེ་རྣམས་ལ་ཡང་རྒྱལ་པོས་ཀུན་དགའ་སྙིང་པོའི་ཆོས་ཚོལ་ལ་ཤོག་ཅེས་དང་། དམ་པའི་ཆོས་འདུལ་བ་མཐའ་དག་ཚོལ་ལ་ཤོག་ཅེས་དང་། དཔལ་གསང་བ་འདུས་པ་རྣམ་པ་གཉིས་ཀྱི་ཆོས་སྐོར་ཚོལ་ལ་ཤོག་ཅིག་ཅེས་པ་གསུམ་བསླབས། རྒྱ་གར་ཤར་ཕྱོགས་ཀྱི་དྷརྨ་པྰལ་སྤྱན་འདྲེན་ན་གསེར་ལ་མ་རྩེ་གཅིག ཁ་ཆེའི་བྲམ་ཟེ་རིན་ཆེན་རྡོ་རྗེ་སྤྱན་འདྲེན་ན་གསེར་ལ་མ་རྩེ་གཅིག་ཅེས་པ་དང་། དེ་ལས་གཞན་པ་བོད་ལ་ཕན་ཐོགས་པའི་པཎྜིཏ་ཇི་ལྟ་བུ་འདུག་དྲིས་ལ་ཤོག་ཅེས་བྱ་བ་ལ་སོགས་པའི་བསླབ་བྱ་མང་དུ་བྱས། གསེར་མང་དུ་བསྐུར་ནས་བཏང་བས་དེ་རྣམས་རྒྱལ་པོའི་བཀའ་བཞིན་ལམ་དུ་རྐུན་མ་རི་དྭགས་སོགས་ལ་འཇིགས་པ་མེད་པར་ཁ་ཆེར་བྱོན། མི་བཅུ་དགུ་ཚ་བ་སོགས་ཀྱི་ཤི་ནས་ལོ་ཙྪ་བ་རིན་ཆེན་བཟང་པོ་འདི་དང་། ལོ་ཆུང་ལེགས་པའི་ཤེས་རབ་གཉིས་ལུས། དེ་གཉིས་ཀྱིས་རྒྱ་གར་མཁས་པ་རྣམས་ཀྱི་སྤྱན་སྔར་ཕྱིན་ནས་སྐད་བསྒྱུར་བའི་ལོ་ཙྪ་བ་མཁས་པར་བསླབས། པཎྜིཏ་ཀྰ་ར་རྣམ་གསུམ་སོགས་པཎ་གྲུབ་དུ་མ་ལ་གཏུགས་ཏེ། དམ་པའི་ཆོས་མང་པོ་གསན། སྔགས་དང་མཚན་ཉིད་ཀྱི་གཞུང་མང་པོ་ལ་སྦྱངས། ཐེ་ཚོམ་ཐམས་ཅད་བཅད་ཅིང་ཤེས་པར་བསླབས། ད་ནི་བོད་ལ་ཕན་ཐོགས་པའི་པཎྚིཏ་ཞིག་སྤྱན་འདྲེན་ན་ནི་དྲང་། མ་འདྲེན་ན་དྲིས་ལ་འགྲོ་དགོས་སྙམ་ནས། རྒྱ་གར་གྱི་སྤྲང་པོ་ལ་བྱ་དགའ་ཁས་བླངས་ཏེ་བོད་ལ་ཕན་ཐོགས་པའི་པཎྜིཏ་ཡོད་དམ་མེད་འདྲིས་བཏང་བས་མ་རྙེད་པར་བྱུང་། བི་ཀྲ་མ་ལ་ཤྰི་ལའི་གཙུག་ལག་ཁང་དུ་ཕྱིན་ནས་པཎྜིཏ་རྣམས་ལ་བོད་ལ་ཕན་ཐོགས་པའི་པཎྜིཏ་ཡོད་དམ་ཞེས་དྲིས་པས་ཇོ་བོ་ཨ་ཏི་ཤའི་མཚན་ནས་ཕྱུང་སྟེ་འདི་ན་རྒྱལ་རིགས་ལས་རབ་ཏུ་བྱུང་བ། ནང་པ་སངས་རྒྱས་པ་རྣམས་ཀྱི་གཙུག་གི་ནོར་བུར་གྱུར་བ། ལྔ་བརྒྱ་རྣམས་ཀྱི་ཐམས་ཅད་མཁྱེན་པ་ཉིས་པ་གྱུར་པ་ཞིག་ཡོད་དེ། ཁྱེད་ཀྱིས་སྤྱན་མི་འདྲེན། དེ་ལས་གཞན་བོད་ལ་ཕན་པའི་པཎྜིཏ་མིང་གསུངས། དེར་ཇོ་བོ་རྩད་ཆེད་བོད་དུ་སྤྱན་འདྲེན་པའི་ཞུ་བ་ཕུལ་པས་རྔོ་མ་ཐོགས་ཏེ། སླར་བོད་དུ་ལོག་ནས་ལོ་ཙྪ་བ་འདིས་རྒྱ་གར་གྱི་མཁས་པ་རྣམས་ཀྱི་མཛད་སྤྱོད་དང་བཞེད་པ་རྒྱལ་པོའི་སྙན་དུ་གསོལ། གང་ཟག་གི་སྦྱངས་པའི་ཁྱད་པར་དང་། དབང་པོ་རབ་འབྲིང་གི་བྱེ་བྲག་དང་། བསོད་ནམས་ཆེ་ཆུང་གི་ཁྱད་པར་དང་། སྣོད་ཀྱི་འདུལ་བྱའི་ལག་ལེན་ལ་དགོངས་ནས་ཐེག་པའི་རིམ་པ་མང་པོ་སངས་རྒྱས་ཀྱིས་གསུངས་པ་ཡིན། དོན་ལ་ནི་འགལ་བ་གང་ཡང་མེད་ཅེས་སྙན་དུ་གསོལ།

          བོད་ལ་ཕན་ཐོགས་པའི་པཎྜིཏ་རྒྱ་གར་ཤར་ནུབ་གང་ནས་ཀྱང་མ་རྙེད། བི་ཀྲ་མ་ལ་ཤྰི་ལའི་གཙུག་ལག་ཁང་ན་རྒྱལ་རིགས་ལས་ཐར་བར་གཤེགས་པ། ནང་པ་སངས་རྒྱས་པ་ཐམས་ཅད་ཀྱི་གཙུག་གི་ནོར་བུར་གྱུར་པ་དཔལ་མར་མེ་མཛད་ཡེ་ཤེས་ཞེས་བྱ་བ་དཔལ་རྡོ་རྗེད་གདན་ནས་རྒྱལ་པོ་མཧྰ་པ་ལ་ཞེས་བྱ་བས་སྤྱན་དྲངས་པའི་པཎྜིཏ་ཆེན་པོ་ཞིག་འདུག དེ་སྤྱན་འདྲེན་ན་བོད་ལ་ཕན་ཐོགས་པར་བི་ཀྲ་མ་ལ་ཤྰི་ལའི་པཎྜིཏ་རྣམས་ཀྱིས་ལུང་བསྟན་ཞེས་རྒྱལ་པོའི་སྙན་དུ་གསོལ་བས། རྒྱལ་བའི་གསུང་རབ་ཀྱི་དོན་ལ་ཐེ་ཚོམ་ཡང་ཆོད། ཇོ་བོ་རྗེ་ལ་ཡང་དང་བ་སྐྱེས་ནས་ཐུགས་ཤིན་ཏུ་དགེས་པར་གྱུར་ཏོ། །

          ལོ་ཙྪ་བ་འདི་ཉིད་མཁྱེན་པ་ཤིན་ཏུ་ཆེ་བས་མདོ་སྔགས་ཀྱི་ཆོས་མང་པོ་བོད་དུ་བསྒྱུར། ཕ་རོལ་ཏུ་ཕྱིན་པ་དང་རྒྱུད་ཀྱི་ཕྱོགས་གཉིས་ཀའི་བཤད་པ་རྒྱ་ཆེར་མཛད། དབང་བསྐུར་རྗེས་གནང་དང་སྒྲུབ་པའི་ལག་ལེན་མང་དུ་བསྟན་ཏེ། བསྟན་པ་སྔ་དར་ལས་ཕྱི་དར་སྔགས་ཀྱི་བསྟན་པ་བོད་དུ་དར་བ་ཡང་ལོ་ཙྪ་བ་འདི་ཁོ་ནའི་བཀའ་དྲིན་ཡིན། །པཎྜིཏ་བདུན་ཅུ་རྩ་ལྔ་བསྟེན་ནས་དམ་པའི་ཆོས་མང་དུ་གསན། བླ་ཆེན་པོ་རྒྱལ་པོ་ལྷ་ལྡེ་བཙན་གྱི་དབུའི་མཆོད་གནས་དང་རྡོ་རྗེ་སློབ་དཔོན་དུ་བསྐུར། པུ་རངས་ཞེར་གྱི་གནས་གཞི་ཕུལ། ལོ་ཙྪ་བས་དེར་གཙུག་ལག་ཁང་ཡང་བཞེངས། ཁ་ཆེའི་ཡུལ་གྱི་གཙུག་ལག་ཁང་དང་། རོང་དང་ཉར་མའི་གཙུག་ལག་ཁང་དང་། ཨལ་ཕྱིའི་གཙུག་ལག་ཁང་ལ་སོགས་པ་གནས་གཞི་དང་གཙུག་ལག་ཁང་མཆོད་རྟེན་སོགས་མང་དུ་བཞེངས།

          ལོ་ཙྪ་བ་འདི་དགུང་ལོ་ང་ལྔའི་སྐབས་ལ་དྭགས་སུ་ཕེབས། དེ་ནས་ཁྲིགས་སེའི་ཉར་མར་གཙུག་ལག་ཁང་བཞེངས་པར་ལྷ་ཁང་ཆེ་ཆུང་བརྒྱད། ལྷ་ཁང་ཆེ་བའི་དཀྱུས་བཞེངས་གཉིས་ལ་གོམ་ཁྲུ་ཉེར་ལྔ་རེ། ལྷ་ཁང་གི་རྩིག་བཞེངས་ལ་ལག་ཁྲུ་གསུམ། རྩིག་པའི་གོ་ཚད་ལ་ལག་ཁྲུ་བཅུ་གསུམ། ཕྱི་ལྕགས་རིའི་ཕྱོགས་རེ་ལ་གོམ་པ་ཉིས་བརྒྱ་ལྔ་བཅུ་རེ། ལྕགས་རིའི་རྩིག་ཞེང་ལ་ལག་ཁྲུ་ཕྱེད་གཉིས། མཐོ་ཚད་ལ་ལག་ཁྲུ་བརྒྱད་ལྷག་ཙམ་ཡོད། མཚོད་རྟེན་ཆེ་ཆུང་བསྡོམས་པ་བརྒྱ་ཕྲག་ལྷག་ཙམ་དང་། དེ་རྣམས་ཀྱི་ནང་བཞུགས་སུ་བདེ་གཤེགས་ལྔ་པ་དང་། བདེ་གཤེགས་བརྒྱད་པ་ཅན་གྱི་ཚ་ཚ་དང་། ལཉྫའི་སྔགས་ཀྱི་ཡི་གེ་ཅན་གྱི་ཚ་ཚ་དཔར་སླབ་སོགས་མང་དུ་བཞུགས། གནས་དེར་ལོ་ཙྪ་བའི་སྲུང་མ་དཔལ་ལྡན་ལྷ་མོ་རྡོ་རྗེ་ཆེིན་མོ་བཞུགས་པས་ཉར་མའི་རྡོ་རྗེ་ཆེན་མོ་ཞེས་ཀྱང་གྲགས། རྗེས་སུ་ལ་དྭགས་རྒྱལ་པོས་རྡོ་རྗེ་ཆེན་མོ་ཤེད་རུ་སྤྱན་དྲངས་ནས་རྒྱལ་པོའི་སྲུང་མ་མཛད། གནས་དེའི་ལྷོ་ནུབ་གཉིས་སུ་རྡོ་ལ་འབུར་དུ་བསྐོས་པའི་རྡོ་སྐུ་བྱིན་ཅན་མང་དུ་བཞུགས། སྐྱེད་ནའི་བླ་མ་ལོ་ཙྪར་ལྷ་ཁང་ཆེ་ཆུང་ལྔ། དེའི་དུས་ལོ་ཙྪ་བས་ཁྲིགས་སེའི་མཁར་ཡུལ་དགོན་པ་ཡོད་པའི་རི་ལ་གཟིགས་ནས། གནས་དེར་ཁྲིམས་དག་པའི་ལུགས་བཟང་དར་བར་འགྱུར་རོ་ཞེས་ལུང་བསྟན། གནས་དང་རྡོ་སྐུ་དེ་རྣམས་ལ་ཁྲིགས་སེའི་དགེ་འདུན་རྣམས་ཀྱིས་ཟླ་བ་ལྔ་པའི་ཚེས་བཅུ་བཞིའི་འབུམ་སྐོར་སྐབས་ལོ་ལྟར་ཁྲུས་གསོལ་དང་རབ་གནས་ཤིས་བརྗོད་མཛད་བཞིན་མཆིས། གནས་དེར་གཙུག་ལག་ཁང་ཆགས་ནས་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་དོན་དྲུག་བར་དུ་ལོ་དགུ་བརྒྱ་རེ་ལྔ་སོང་། རྗེས་སུ་ཆུ་ལོག་དང་དམག་འཁྲུག་སོགས་རྐྱེན་ངན་པས་དབང་གིས་ལྷ་ཁང་གི་སྐུ་དང་ལོགས་བྲིས་བྲལ་གདུང་སོགས་ཕལ་ཆེར་ཞིག་འཇིག་ཏུ་ཁྱེར་དུ་སོང་བས། ལྷག་ལུས་ཕྲན་ཙམ་ཡོད་པ་ཡང་གཞན་འཁྱེར་གྱིས་སྲུང་དཀའ་བར་གྱུར་པ་དེ་རྣམས་དོན་མེད་ཆུད་ཟོས་སུ་གྱུར་བར་མཐོང་ནས། ལ་དྭགས་རྒྱལ་པོ་བློ་གྲོས་མཆོག་ལྡན་གྱི་སྐབས། ཆོས་རྗེ་འཇམ་དབྱངས་རིན་ཆེན་གྱིས་ཁྲི་ཚོགས་ཚུལ་ཁྲིམས་རྣམ་དག་གླིང་གི་གཙུག་ལག་ཁང་ཀ་རིང་དྲུག་དང་ཀ་ཐུང་ཞེ་བཞི་བཅས་བསྡོམས་ཀ་བ་ལྔ་བཅུའི་རྒྱ་ཁྱོན་ཅནདང་། རུང་ཁང་ཀ་བ་བཞིའི་ཁྱོན་ཅན་བཞེངས་སྐབས་བྲལ་གདུང་ལྷག་ལུས་རྣམས་བཞེས་པར་མཛད། འདུ་ཁང་དེར་ཟངས་དཀར་སོགས་ཕྱོགས་ཀུན་གྱི་དགེ་འདུན་རྣམས་འདུས་ནས་དབྱར་ཆོས་དང་དགུན་ཆོས་ཆགས་མེད་མཛད། ཉར་་མ་བཞེངས་ནས་ལོ་བཅུ་ཙམ་སོང་རྗེས་སུ་ལོ་ཙྪ་བས་ཨལ་ཅིའི་གཙུག་ལག་ཁང་དང་། རྟེན་གྱི་གཙོ་བོ་ཀུན་རིག་རྣམ་པར་སྣང་མཛད་ཕུལ་དུ་བྱུང་ཞིང་བལྟ་བས་ངོམས་པ་མེད་པ་བཞེངས་པར་མཛད། དེའི་རྗེས་ཡུལ་གཞན་དང་གཞན་དུ་ཡང་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་མང་དུ་བཞེངས་ཏེ། ལ་དྭགས་ཕྱོགས་ལ་ལོ་ཙྪ་བ་འདི་ཉིད་ཤིན་ཏུ་བཀའ་དྲིན་ཆེ་བ་ཞིག་ཡིན་ནོ། །

          ལོཙྪ་བ་འདི་ལ་གུར་ཤིང་བརྩོན་འགྲུས་རྒྱལ་མཚན་ལ་སོགས་པའི་སློབ་མ་མཁས་གྲུབ་མང་པོ་དང་། ཞུ་ཆེན་ཕེར་བའི་ལོ་ཙྪ་ཡང་བཅུ་ཕྲག་ལྷག་ཙམ་ཐོན། འཕྲལ་གྱི་མཛད་པ་ཡང་སྐུ་གཟུགས་བཞེངས་པ་དང་། འགྱུར་མཛད་པ་ལ་སོགས་རེ་རེའི་རྗེས་ཀྱང་གཞན་གྱིས་མི་སྐོགས་ཤིང་བློས་ཤོང་དཀའ་བ་དང་། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ཡང་སཾསྐྲྀཏའི་སྐད་དུ་འབུམ་ཕྲག་གཅིག བོད་སྐད་དུ་འབུམ་ཕྲག་གཅིག གཞན་ལ་ཡོན་བྱིན་བྱིན་ཏེ་འབུམ་ཕྲག་གཅིག་རྣམས་བཏོན་པར་མཛད།

          དགུང་ལོ་བརྒྱད་ཅུ་རྩ་ལྔ་བཞེས་པ་ཆུ་རྟ་ལོ་ལ་ཇོ་བོ་དཔལ་ལྡན་ཨ་ཏི་ཤ་བོད་དུ་ཕེབས་པ་དང་། ལོ་ཙྪ་བའི་དགོངས་པ་ལ་པཎྜིཏ་ཡོན་ཏན་ཁོ་བོ་ལས་ཆེ་བ་དཀའ་མེད་ཀྱི་ལྷ་བླ་མས་སྤྱན་དྲངས་པས་ཞབས་ཏོག་ཅིག་བྱ་དགོས་སྙམ་ནས། ལོ་ཙྪ་བ་རང་གིས་བཞེངས་པའི་གནས་མཐོ་ལྡིང་གི་གཙུག་ལག་ཁང་གསུམ་བརྩེགས་ཅན་དུ་སྤྱན་དྲངས། དེ་ན་རྒྱུད་སྡེ་གོང་འོག་གི་ལྷ་རྣམས་ཐོག་གི་རིམ་པ་བྱས་ནས་བྲིས་ཡོད་པ་དེ་རྣམས་ལ་ཇོ་བོས་སོ་སོར་བསྟོད་པ་ཚིགས་སུ་བཅད་པ་རེ་མཛད་དེ། སྟན་ལ་བཞུགས་པ་ན་ལོ་ཙྪ་བས་ད་ཅི་ནས་མཛད་པའི་བསྟོད་པ་དེ་རྣམས་སུས་མཛད་ཅེས་འདྲིས་པས། ཇོ་བོས་དེ་རྣམས་ཁོ་བོ་རང་གིས་འཕྲལ་དུ་བགྱིས་པ་ལགས་གསུངས་པས། ལོ་ཙྪ་བ་ཐུགས་འཇིགས་ཞུམ་གྱིས་སོང་། ཇོ་བོས་ལོ་ཙྪ་བ་ལ་ཁྱེད་ཀྱིས་ཆོས་ཅི་འདྲ་མཁྱེན་གསུངས་པར། ལོ་ཙྪ་བ་རང་གིས་མཁྱེན་པ་རགས་རིམ་ཞིག་ཞུས་པས་ཇོ་བོའི་ཞལ་ནས། ཁྱེད་ལྟ་བུ་མཁས་གྲུབ་གཉིས་ལྡན་བོད་ན་བཞུགས་ནས་སྣང་བས། ཁོ་བོ་བོད་དུ་འོང་མི་དགོས་པར་འདུག་པ་ཞེས་གསུངས་ནས་ཐུགས་ཀར་ཐལ་མོ་སྦྱར། ལོ་ཙྪ་བ་མཁྱེན་པ་ཆེ་བར་གདའ་ཡི། སྟན་ཐོག་གཅིག་ཏུ་རང་གི་རྒྱུད་ཐོག་ཉམས་སུ་ལེན་ན་ཇི་ལྟར་བགྱིས་གསུངས་པ་ལ། ལོ་ཙྪ་བས་རྒྱུད་སྡེ་སོ་སོ་ནས་བྱུང་བ་བཞིན་ལྷ་སོ་སོའི་སྒྲུབ་ཐབས་ལྟར་བྱེད་པ་ལགས་མོད་ཞུས་པས། ཇོ་བོས་ཐུགས་མ་ཉེས། དཔེ་འགའ་ཞིག་ཏུ་ལོ་ཙྪ་བས་དེ་ལྟར་ཞུས་པ་ལ། དེར་ཇོ་བོས་ལོ་ཙྪ་བ་རུལ། ཁོ་བོ་བོད་དུ་འོང་དགོས་པར་འདུག་གསུངས་ནས་མ་མཉེས་སྐད་ཅེས་ཟེར། མཁས་པ་འགའ་ཞིག་གིས་ཚུལ་དེ་ལྟར་ཡིན་ན་ལོ་ཙྪ་བ་མ་རུལ་ཇོ་བོ་རུལ་ཞེས་ཟེར་རོ། །དེ་ནས་ལོ་ཙྪ་བས་གསེར་སྲང་བདུན་ཕུལ་ནས་བདེ་མཆོག་གི་རིམ་པ་གཅིག་པ་དང་། རྗེ་བཙུན་མའི་བྱིན་རླབས་སོགས་གསང་སྔགས་ཀྱི་ཆོས་ཀྱི་གདམས་མ་མང་དུ་ཞུས། བྱིན་རླབས་ཐོབ་པ་དང་རྟོགས་པ་ཉམས་བཟང་པོ་སྐྱེས། དཔེ་དང་མཆོད་གནས་མ་གཏོགས་པ་ཅི་ཡོད་ཇོ་བོ་ལ་ཕུལ། ཇོ་བོའི་བོད་མཆོག་དང་རྗེ་བཙུན་མ་ལ་ཐུགས་དམ་གྱི་མཐིལ་མཛད། སྔར་བསྒྱུར་བའི་བཀའ་དང་བསྟན་བཅོས་མང་པོ་ལ་ཞུས་དག་མཛད། ཇོ་བོ་ཉིད་ཀྱི་མཛད་པའི་དམ་ཚིག་བསྡུས་པ་བསྒྱུར་བས་འགྱུར་བཟང་བ་ཅིག་བྱུང་། དེ་ལ་ཇོ་བོ་དགྱེས་ནས་ངའི་ལོ་ཙྪ་བྱེད་དགོས་པའི་བཀའ་ལུང་གནང་བས། ལོ་ཙྪ་བས་རང་གི་དབུ་བསྟན་ཏེ། མགོ་བོ་དཀར་པོ་འདི་བཞིན་དུ་སོང་བས་ཁོ་བ་སྒྲུབ་པ་རྣམ་དག་ཅིག་བྱེད་པར་ཞུ་བ་ཕུལ་བས། ཇོ་བོས་ཀ་ཡེ་རིན་བཟང་པོ་ཁྱེད་སྒྲུབ་པ་གཤའ་མ་ཅིག་བྱེད་ན། སྐྱེ་བ་སྔ་མ་ཕན་ཆད་ཀྱི་དགེ་བའི་ཆོས་དཔག་ཏུ་མེད་པའི་མཐུ་ནི་ཡོད། དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ་པར་དཀའ་བ་ནི་ཐོབ། སངས་རྒྱས་ཀྱི་བསྟན་པ་དང་ནི་ཕྲད། དེ་སྟོན་པའི་དགེ་བའི་བཤེས་གཉེན་དང་ནི་འཛོམ། སྲིད་པའི་ནད་རབ་ཏུ་ཞི་བར་བྱེད་པ་དམ་པའི་ཆོས་ཀྱི་སྒྲོན་མེ་དང་ཕྲད་པའི་སྐབས་འདིར། སེམས་བྱ་བ་ངན་པ་རྣམས་ཀྱིས་མ་གཡེང་པར་མཛོད་ཅིག་གསུངས། ལོ་ཙྪ་བས་དེ་ཐུགས་ལ་བཞག་ནས་གྲུབ་ཁང་གིས་སྒོ་ལ་ལྕགས་གཟེར་བཏབ་ནས་ཆོས་སྟོན་བུག་པ་ཅིག་ནས་ཚུར་བླངས། ཕྱི་རོལ་ན་སྒོ་གསུམ་རིམ་དུ་ཡོད་པ་ལ། སྒོའི་ཡ་ཐེམས་ཕྱི་མ་ལ་སྒོ་འདིའི་ནང་དུ་ཚེ་འདིའི་རྣམ་པར་རྟོག་པ་སྐད་ཅིག་མ་གཅིག་སྐྱེས་ན་བསྟན་སྲུང་རྣམས་ཀྱིས་མགོ་བོ་ཁོས་བྱ་བ་དང་། བར་པ་ལ་རང་དོན་ཡིད་བྱེད་ཀྱི་བློ་སྐད་ཅིག་མ་གཅིག་སྐྱེས་ན་བསྟན་སྲུང་རྣམས་ཀྱིས་མགོ་བོ་ཁོས་བྱ་བ་དང་། ནང་མ་ལ་སྒོ་འདིའི་ནང་དུ་ཐ་མལ་གྱི་རྣམ་རྟོག་སྐད་ཅིག་མ་གཅིག་སྐྱེས་ན་བསྟན་སྲུང་རྣམས་ཀྱིས་མགོ་བོ་ཁོས་ཤིག་བྱ་བ་རྣམས་བྲིས་ནས། ཇོ་བོ་ཐེགས་པ་ཟིན་པའི་རྗེས་སུ་ལོ་བཅུའི་བར་དུ་རྩེ་གཅིག་ཏུ་ཐབས་ཤེས་ཟུང་དུ་འབྲེལ་བའི་སྒྲུབ་པ་མཛད་པས་དཔལ་གསང་བ་འདུས་པ་དང་། བདེ་མཆོག་གི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་གཟིགས་ཤིང་། ཉམས་རྟོགས་ཁྱད་པར་ཅན་བརྙེས་ནས་གྲུབ་པའི་གོ་འཕང་མཐོན་པོར་གྱུར།

          དགུང་ལོ་དགུ་བཅུ་རྩ་བརྒྱད་པ་ཤིང་མོ་ལུག་(CE 1055)གི་དགུན་ཟླ་ཐ་ཆུང་གི་ཚེས་བཅུ་བདུན་ལ་མྱ་ངན་ལས་འདས་པའི་ཚུལ་བསྟན་པ་དང་། དེའི་ཚེ་ནམ་མཁའ་གང་བའི་ལྷ་ཚོགས་རྣམས་ཀྱིས་རོལ་མོ་རྒྱ་ཆེར་སྒྲོག་པ་དང་། མེ་ཏོག་གི་ཆར་འབེབས་པ་ལ་སོགས་པ་གྲོང་པའི་སྐྱེ་བོ་ཐམས་ཅད་ཀྱིས་མངོན་སུམ་དུ་གྱུར། གདུང་རྟེན་མ་བྱུང་བས་མཁའ་སྤྱོད་དག་པའི་ཞིང་དུ་གཤེགས་པར་གྲགས། རིང་བསྲེལ་འོལ་མོ་སེའི་མདོག་ལྟ་བུ་གསུམ་བྱུང་བ། ཇི་ཞིག་ན་འབྲུག་སྐད་ལྟ་བུའི་སྒྲ་དང་བཅས་ཏེ་ནམ་མཁར་སོང་ངོ་། །

          ལོ་ཙྪ་བ་འདི་ཐུགས་དམ་གྱི་རྟེན་གསང་བ་འདུས་པ་གསེར་ཟངས་ལས་གྲུབ་པ་ཁྱུད་གང་ཙམ་དང་། རྒྱུན་དུ་གསོ་སྦྱོང་སོགས་ཀྱི་སྐབས་སྐུ་ལ་བསྣམས་པའི་རྣམ་སྦྱར་སོགས་ནང་རྟེན་བྱིན་ཅན་མཐོ་ལྡིང་དུ་བཞུགས་པ་རྣམས། བོད་རྒྱ་དམར་གྱིས་བཙན་འོག་བྱས་རྐྱེན་ལ་བརྟེན། མགོ་ལྡིང་གི་དགེ་འདུན་རྣམས་ཀྱིས་སྤྱན་དྲངས་ནས། ད་ལྟ་རྒྱ་གར་ལྷོ་ཕྱོགས་མོན་ཀོ་ཊའི་བོད་ཀེམྤ་ལྔ་པར་གནས་པའི་མཐོ་ལྡིང་གི་དགོན་པར་མཇལ་རྒྱུ་ཡོད་དོ། །

ཆེན་པོའི་རྣམ་ཐར་ས་འོག་ཆུ་ཡི་གཏེར།།

མངོན་གྱུར་མིན་ཡང་དམ་པ་ལག་འགྲོ་ཡི།།

མཐུ་ལས་ཐིགས་པ་ཙམ་ཞིག་འགོད་པ་ཡིས།།

འགྲོ་རྣམས་བླ་མེད་དཔལ་ལ་མྱུར་གནས་ཤོག། །།

 

ཅེས་ལོ་ཙྪ་བ་ཆེན་པོ་རིན་ཆེན་བཟང་པོའི་རྣམ་ཐར་དད་ལྡན་དགེ་འཕེལ་ཞེས་བྱ་བ་འདི་ནི། སྦྱར་པན་ན་གོ་ཡ་པ་ཐ་ག་ཝ་གས་ལོ་ཙྪ་བ་ཆེན་པོའི་རྣམ་ཐར་ཞིག་དགོས་ཞེས་ནན་གྱིས་བསྐུལ་ངོར་ཁྲིགས་དགོན་དཀའ་ཆེན་བློ་བཟང་བཟོད་པས། སྔོན་ཆད་འདིའི་རྣམ་ཐར་རྒྱས་པ་མ་མཐོང་ཡང་བཀའ་གདམས་ཆོས་བྱུང་ནང་གི་རྣམ་ཐར་ལ་གཞི་བྱས། ཇོ་བོ་ཨ་ཏི་ཤའི་རྣམ་ཐར་གསུམ་དང་། བཀའ་གདམས་གླེགས་བམ་སོགས་ནས་བྱུང་བ་རྣམས་བསྡེབས་ནས་ཁྲིགས་དགོན་གཟིམས་དཔལ་ཡོན་ཀུན་འཁྱིལ་དུ་རབ་བྱུང་བཅུ་དྲུག་པའི་མེ་འབྲུག་ལོའི་ཟླ་བ་ལྔ་པའི་ཚེས་བཅོ་ལྔའི་ཉིན་སུག་བྲིས་བགྱིས་པའོ།། དགེ་ལེགས་འཕེལ། ལོཙྪ་བ་འཁྲུངས་ནས་མེ་འབྲུག་ལོ་དང་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་དོན་དྲུག་བར་དུ་ལོ་ ༡༠༢༠ སོང་།།

མཐའ་མའི་འདོན་ཐེངས་།: 03.11.2014 ཉིན། 4:50 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

གཙང་སྨན་པའི་བསླབ་བྱ་དང་སྐྱོ་མགུར།

གཙང་སྨན་པའི་སྨན་གྱི་འདྲ་དཔེ།

སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྨན་རྩིས་རིག་གནས་ཐད་ཀྱི་མཛད་རྗེས་གཙོ་བོ།

སྨན་རྩིས་ཁང་འགན་འཛིན་མཆོག་གི་གསུང་བཤད།

ཡོ་ག་ལག་ལེན་དམར་ཁྲིད་དབུ་ཚུགས་པ།

རིགས་ལམ་ངོ་སྤྲོད་སོགས་ཀྱི་འཆད་ཁྲིད་མུ་མཐུད་གནང་རྒྱུ།

ལོ་ངོ་ ༡༠༡ འཁོར་བའི་དུས་དྲན་མཛད་སྒོ།

བརྟག་ཐབས་རིག་པའི་རྒྱལ་ཡོངས་ཚོགས་འདུའི་སྒོ་འབྱེད་གཏམ་བཤད།

གཏེར་བདག་གླིང་པ།

ཉི་ཐང་སྨན་མཁྱེན་བློ་བཟང་རྒྱ་མཚོ།

རྒྱལ་བ་ལྔ་པ་ཆེན་པོ།

བྱང་ངོས་ནང་སོ་དར་རྒྱས།

འཚོ་བྱེད་བློ་གྲོས་བརྟན་པའམ་རིན་སྡིངས་བློ་བཟང་རྒྱ་མཚོ།

བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ།

བདེ་ཆོས་སྨན་པ་རཏྣའི་མིང་ཅན།