སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

མངའ་རིས་འཚོ་བྱེད་ཆོས་སྐྱོང་དཔལ་བཟང་།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 01.02.2017
གསོ་རིག་མཁས་དབང་རིམ་བྱོན། >>

 

 

མངའ་རིས་འཚོ་བྱེད་ཆོས་སྐྱོང་དཔལ་བཟང་།

- བྱམས་པ་འཕྲིན་ལས།
 

          མངའ་རིས་འཚོ་བྱེད་ཆོས་སྐྱོང་དཔལ་བཟང་ནི་རབ་བྱུང་བརྒྱད་པའི་ས་ཕག་(སྤྱི་ལོ་1479)ལོ་ལ་འཁྲུངས། ཡབ་ཡུམ་གྱི་མཚན་སོགས་འཁོད་པའི་རྣམ་ཐར་མ་མཐོང་། འོན་ཀྱང་ནོར་བུ་གླིང་ཁའི་དཔེ་མཛོད་ཁང་དུ་ཆོས་སྐྱོང་དཔལ་བཟང་གིས་མཛད་པའི་《གསོ་བ་རིག་པའི་ཆོས་འབྱུང་བདུད་རྩིའི་ཆུ་རྒྱུན་》ཞེས་བྱ་བ་བྲིས་མ་ཞིག་མཇལ་བ་དེའི་འགོ་བརྗོད་ལ། ཀུན་མཁྱེན་རྒྱལ་བའི་མཁའ་ལས་ལེགས་བབས་ཤིང་། །སྡུད་བྱེད་གངས་རིའི་མགུལ་ནས་ལེགས་བལྟམས་པའི། །རྒྱ་བོད་མཁས་པའི་ལེགས་བཤད་ཀུན་འདུས་ཚལ། །གསོ་རིག་མ་དྲོས་རྒྱ་མཚོ་བརྒལ་བར་འདོད། །བདག་ལྟས་གཏིང་མཐའ་རྟོགས་པར་མི་ནུས་ཀྱང་། །ངོ་མཚར་དོན་གྱི་རིན་ཆེན་ཅིས་མི་གཉེར། །རྙེད་ཀྱང་བྱི་དོར་ལེགས་པར་མ་བྱས་ན། །ཡིད་ཆེས་རྒྱལ་མཚན་རྩེ་ལ་སུ་ཞིག་འཛིན། །འཛིན་པ་མེད་ན་རེ་འདོད་མི་སྐོང་ཞིང་། །བདག་བློའི་དབུལ་བ་སེལ་བར་མི་ནུས་པས། །འགྲོ་བའི་རེ་འདོད་ཡིད་བཞིན་སྐོང་བ་དང་། །རང་གི་ཡིད་ཀྱི་དབུལ་བ་བསལ་བའི་ཕྱིར། །གསོ་རིག་རིན་ཆེན་མཛོད་ཀྱི་སྒོ་དབྱེའོ། །ཞེས་འདུག་པས་གསོ་དཔྱད་སྨན་གྱི་རིག་པར་མཁྱེན་རླབས་གཞན་འགྲན་བྲལ་བ་ཞིག་དོན་གྱིས་གྲུབ་པར་ངེས།
 

          སྤྱིར་ན་《གསོ་བ་རིག་པའི་ཁོག་འབུགས་བདུད་རྩི་ཆུ་རྒྱུན་》འདིར་ཐོག་མར་དམ་པའི་ཆོས་ཀྱི་བྱུང་ཚུལ་དང་། དེ་ནས་གསོ་བ་རིག་པ་དར་ཚུལ་སོགས་ཡོད་ཅིང་། ཁྱད་པར་གསོ་བ་རིག་པ་བྱུང་ཚུལ་སྐབས། བཀའ་དང་བསྟན་བཅོས་བྱུང་ཚུལ་སྐོར་ལ་གསལ་བཤད་ཞིབ་རྒྱས་སུ་མཛད་དེ་བཀའ་དང་པོ་བདེན་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྐབས་སུ་འདུལ་བ་སྨན་གྱི་གཞི་ལ་སོགས་པ་གསུངས་པ་དང་།  བར་པ་མཚན་ཉིད་མེད་པའི་སྐབས་སུ་《གཅེར་མཐོང་རིག་པའི་རྒྱུད།》ཤོ་ལོ་ཀ་འབུམ་ཕྲག་ཅིག་གསུངས། མཐའ་མ་ལེགས་པར་རྣམ་པར་དབྱེ་བའི་སྐབས་《གསེར་འོད་དམ་པ་ནད་རབ་ཏུ་ཞི་བར་བྱ་བའི་ལེའུ།》ལ་སོགས་རྒྱས་པར་གསུངས། ཆོས་འཁོར་ཅིག་ཅར་པའི་དབང་དུ་བྱས་ན་སྐུའི་བཀོད་པ་ཐ་དད་པ་དང། གསུང་གི་བཀོད་པ་མཐའ་ཡས་པས་འདུལ་བར་གླེང་གཞིའི་ཚུལ་གྱིས་གསུངས། མདོ་སྡེ་རྣམས་སུ་གཏམ་རྒྱུད་སྐྱེས་རབས་ཀྱི་ཚུལ་གྱིས་གསུངས།  གཞན་ཡང་གསང་སྔགས་རྒྱུད་སྡེ་རྣམས་སུ་གསང་སྔགས་དང་། རིག་སྔགས། གཟུགས་སྔགས་རྣམས་ཀྱིས་རིམས་ནད་ལ་སོགས་པ་ཞི་བར་བྱེད་པ་དང་། སྨན་དང་རྫས་ཀྱི་བཅུད་ལེན་ཚེའི་རིག་འཛིན་སྒྲུབ་པ། ད་དུང་སྔགས་དང་རྫས་ལ་བརྟེན་ནས་མཆོག་གི་དངོས་གྲུབ་བསྒྲུབ་པའི་ཐབས་མང་དུ་གསུངས་སོ།།
 

          ཡང་གསུངས་པར་སྐབས་འདིར་ཁ་ཅིག་གིས་《གསོ་དཔྱད་འབུམ་པ།》དང་《ཤེལ་གྱི་མེ་ལོང་།》 《རྒྱུད་བཞི།》དང་《རིགས་ལྔ་མཐོང་གྲོལ།》 སོགས་བཀའ་ཡིན་ཞེས་ཟེར། དེ་མི་འཐད་དེ་གསོ་དཔྱད་འབུམ་པ་དང་། གཅེར་མཐོང་རིག་པ་གཉིས་དོན་གཅིག་ཡིན་པ་དང་སྔོན་མ་གཞུང་ཚད་ལ་བཏགས་པ་དང་། ཕྱི་མ་དོན་ལ་བཏགས་པ་ཡིན་པས་ཐ་དད་དུ་འཆད་པ་ནི་ཤིན་ཏུ་འཁྲུལ། དེང་སང་འབུམ་པར་གྲགས་པ་བོད་དུ་ཡོད་པ་འདི་ནི་བོད་སྔ་རབས་ཁ་ཅིག་གིས་བརྩམས་པར་སྣང་ངོ་ཞེས་པ་སོགས་དཔྱད་བཟོད་ཀྱི་དགག་སྒྲུབ་མང་དག་མཛད་འདུག་པར་མ་ཟད་གསོ་དཔྱད་ཀྱི་རྒྱུད་བཅོས་མ་དུ་མ་བྱུང་བར་མངོན་ཤེས་ལྡན་པ་རྣམས་ཀྱིས་དཔྱད་པར་བྱའོ་ཞེས་པ་དང་།  དེ་འཕྲོས་སུ་《རྒྱུད་བཞི།》འདི་ཡང་དགོས་པའི་དབང་གིས་ཁ་འཕངས་པ་ཡིན་ཏེ་དོན་ལ་གཡུ་ཐོག་ཡོན་ཏན་མགོན་པོས་མཛད་པ་ཡིན་མོད། དེང་སང་ས་སྐྱ་སྨ་གྲོང་པ། དྭགས་པོ་པཎྜིཏ། གོང་སྨན་བསོད་ནམས་བཀྲ་ཤིས་སོགས་མཁས་པ་རྣམས་བསྟན་བཅོས་ཡིན་པར་མཐུན་མོད། བླུན་པོ་གྲགས་པའི་རྗེས་སུ་འབྲངས་པ་ཕལ་ཆེར་བཀའ་ཡིན་ཟེར་བ་ལ་རྒྱུ་མཚན་ཅི་ཡང་མེད་པས་སྒྲུབ་བྱེད་ཆུང་ཡང་། བྲང་ཏི་དཔལ་ལྡན་འཚོ་བྱེད་དང་། བདག་ཆེན་རྣམ་རྒྱལ་གྲགས་བཟང་པ་གཉིས་དེ་ལྟར་གསུངས་པ་མི་རིགས་མོད་དེ་མཁས་པ་ཆེན་པོ་ཡིན་པའི་ཕྱིར་རོ།། དེ་དག་གི་རྒྱུ་མཚན་རྒྱས་པ་ནི་ཁོ་བོས་བྱས་པའི་《རྒྱུད་ཀྱི་རྣམ་བཤད་དྲང་ངེས་རྣམ་འབྱེད་གང་གཱའི་ཆུ་རྒྱུན།》དུ་བལྟ་བར་བྱའོ་ཞེས་《རྒྱུད་བཞི།》བསྟན་བཅོས་སུ་བཞེད་མཁན་གྲས་ཡིན།
 

          བསྟན་བཅོས་བྱུང་ཚུལ་ལའང་ལུགས་སྡེ་བདུན་དུ་གསུངས་པ་ལྟར། དེ་ལ་ལུགས་བདུན་ནི་རྒྱལ་སྲས་བྱང་ཆུབ་སེམས་པའི་ལུགས། བསྐལ་བཟང་ལྷའི་ལུགས། རིགས་འཛིན་དྲང་སྲོང་གི་ལུགས། བློ་ལྡན་འཕགས་པའི་ལུགས། མཁས་ལྡན་མངའ་རིས་ཀྱི་ལུགས། རྒྱ་ནག་ཧྭ་ཤང་གི་ལུགས། རིགས་ལྡན་བོད་ཀྱི་ལུགས་བཅས་ཡོད་ཚུལ། ལྷག་པར་བསྟན་པ་སྔ་དར་གྱི་དུས་སུ་སད་མི་མི་བདུན་གྱིས་གསོ་དཔྱད་མང་དུ་བསྒྱུར་ཞིང་བརྩམས་པ་དང་།  སྨན་པ་ཆེན་པོ་བདུན་ཞེས་བྱ་བའི་ཐ་སྙད་ཀྱང་བྱུང་བས་དེ་དག་གི་རྗེས་སུ་བོད་འདིར་མཁས་པ་མང་དུ་བྱུང་ཞིང་བསྟན་བཅོས་ཀྱང་མང་དུ་མཛད་མོད། ཐམས་ཅད་འབྲི་བར་ག་ལ་ནུས། གཙོ་ཆེར་བར་མཁས་པ་མི་དགུར་གྲགས་པ་རྣམས་ཀྱིས་མཛད་ཚུལ་སྐོར་གསུངས་ཏེ་སྟོད་ན་བི་བྱི་དང་། ཆེར་རྗེ་འུག་པ་གསུམ། བར་ན་གཡུ་ཐོག བྲང་ཏི། མི་ཉག་གསུམ། སྨད་ན་སོག་པོ། གཉའ། མཐའ་བཞི་བཅས་ཀྱི་འཁྲུངས་ཡུལ་ས་གནས་གང་ཡིན་གཞན་ལས་ཁ་གསལ་བ་ཞིག་འདུག་པས་ཁུངས་དང་རྒྱུ་མཚན་ཆེ་བ་ངེས་པར་ཡོད་དེ། རྒྱུ་མཚན་ནི་མངའ་རིས་འཚོ་བྱེད་ཆོས་སྐྱོང་དཔལ་བཟང་ཁོང་རང་ཆེར་རྗེ་ཞང་སྟོན་ཞིག་པོའི་མི་རྒྱུད་ཡིན་ཞེས་གསུངས་པ་ལྟར་ཞང་སྟོན་ཞིག་པོ་ལ་སློབ་མ་ཆེ་བར་གྲགས་པ་གསུམ་བྱུང་སྟེ་གཙང་སྟོད་དར་མ་མགོན་པོ། མི་ཆེན་པ་རིན་རྒྱལ། ཁྲི་སོ་ལྷ་རྗེ་ཕྱག་ན་རྡོ་རྗེ་གསུམ་ཡིན་ཞིང་། འདི་གསུམ་སློབ་གཉེར་མཐར་ཕྱིན་ནས་ཡུལ་ལ་འགྲོ་བར་ཞུས་པས། སློབ་དཔོན་གྱི་ཞལ་ནས་བརྟག་པ་གཅིག་བྱ་བས་ལུང་པའི་ཕུ་ནས་མེ་ཏོག་རེ་འཐུས་ཤོག་གསུངས། དར་མགོན་གྱིས་མེ་ཏོག་དམར་ལ་གསལ་བ་ཡུ་བ་ཐུང་བ་གཅིག་ཕུལ་བས་ཁྱེད་ཀྱི་གྲགས་པ་མེ་མཆེད་པ་འདྲ་བ་ཡོང་། སྨན་རྒྱུད་ཐུང་ངུ་གཅིག་འོང་། རིན་རྒྱལ་གྱིས་མེ་ཏོག་སེར་པོ་ཤིན་ཏུ་འཇམ་པ་གཅིག་ཕུལ་བས། ཁྱེད་ཀྱི་མི་རྒྱུད་ནམ་གཞུག་སེར་མོར་འགྱུར་བ་གཅིག་ཡོང་གསུངས། ཕྱག་ན་རྡོ་རྗེས་མེ་ཏོག་དཀར་པོ་རྒྱ་ཆེ་ཞིང་ཡུ་བ་རིང་བ་གཅིག་ཕུལ་བས་ཁྱེད་ཀྱི་མི་རྒྱུད་མི་སྐྱ་ཤས་ཆེ་ཞིང་སྨན་རྒྱུད་ཆུ་བོའི་གཞུང་ལྟར་ཤིན་ཏུ་རིང་བ་གཅིག་འོང་གསུངས། དེ་ལྟར་ལུང་བསྟན་པ་ཁོ་ན་ལྟར་བྱུང་སྟེ་གཙང་སྟོད་དར་མགོན་གྱིས་གློ་བོའི་བསམ་རྫོང་དུ་ཡན་ལག་བརྒྱད་པའི་འཆད་ཉན་བཙུགས། 《རྒྱུད་ཆུང་ཉི་མའི་འོད་ཟེར།》 《བཀའ་ཚོམ་གེགས་སེལ་གནམ་ལྕགས་འཁོར་ལོ།》 《ཟིན་ཏིག་བསམ་འཕེལ་ནོར་བུ།》ལ་སོགས་བརྩམས། དེའི་སྲས་མཁས་པ་བཟང་འོད་དང་། ཉི་འོད་ཅེས་བྱ་བ་བྱུང་། དེའི་སྲས་ཆོས་སྐྱོང་ཐང་པོ་བྱ་བ་བྱུང་། དེ་མན་སྨན་རྒྱུད་ནི་ཆད་ལ། མིའི་རྒྱུད་གཅིག་གཉིས་ཙམ་ད་ལྟ་ཡང་ཡོད་དོ།།
 

          རིན་རྒྱལ་གྱི་རྒྱུད་ནི་སེར་མོར་གྱུར་ཏེ་བསམ་རྫོང་གི་བླ་རྒྱུད་བཟུང་ཞིང་དེང་སང་ཡང་བླ་མ་གྲགས་རྒྱལ་བ་ཡོད་དོ།། ཕྱག་རྡོར་ནི་ཁོ་བོའི་ཡབ་མེས་ཏེ་དེང་སང་གི་བར་མི་རྒྱུད་དང་། སྨན་རྒྱུད་མང་དུ་འཕེལ་ཏེ་ཁྲི་སོ་ལྷ་རྗེ་ཞེས་བྱ་བར་ཡོངས་སུ་གྲགས་ཤིང་། ཁྲི་རྒྱལ་བསོད་ནམས་སྡེ་ལ་སོགས་པའི་གདུང་རྒྱུད་རྣམས་ཀྱིས་བླ་སྨན་རིམ་པར་མཛད་ཅིང་། དགེ་སྦྱོང་ཨ་མ་དཔལ་དང་ཆོས་རྒྱལ་མ་མགོན་བཟང་པོ་ལ་སོགས་རྣམས་ཀྱི་བླ་སྨན་དང་སློབ་དཔོན་གཞི་མཐུན་པ་མཛད་དེ་གཞན་ཕན་དང་འཕྲིན་ལས་ཤིན་ཏུ་ཆེ་བ་ཡིན་ནོ་ཞེས་གསུངས་པ་ལྟར་གནང་རིགས་ཀྱི་སྨན་རྒྱུད་དྲི་མ་མེད་པ་ཡིན་འདུག་པས་ཧ་ཅང་ཡིད་ཆེས་ཀྱི་གནས་སུ་གྱུར།
 

          སྤྱིར་ན་《རྒྱུད་བཞི།》བཀའ་དང་བསྟན་བཅོས་གང་ཡིན་སྐོར་ལ་སྔོན་བྱུང་ལོ་རྒྱུས་ཀྱི་བཤད་ཚུལ་རྣམས་མཐའ་གཅིག་ཏུ་འདི་ཡིན་ཞེས་ཁ་ཚོན་གཅོད་པ་དཀའ་རུང་གསོ་དཔྱད་བསྟན་པར་བྱི་དོར་གནང་བའི་ལྷག་བསམ་བཟང་པོར་དེང་གི་དུས་སུའང་ཞིབ་འཇུག་དཔྱད་པ་བྱེད་རྒྱུར་ཕན་པ་ཧ་ཅང་ཆེ་བས་སྔོན་བྱོན་མཁས་པ་རྣམས་ཀྱི་བཀའ་དྲིན་བསམ་བཞིན་དད་པའི་སྤུ་ལོང་མི་གཡོ་བ་ཅི་ལ་སྲིད། དེའི་ཕྱིར་ན་ཉིད་ཀྱི་གསུང་ལས་ཀྱང་། དེ་ལྟར་རྒྱུད་སྡེ་བཞི་ཡི་རྣམ་བཤད་དང་། །གསོ་རིག་བཀའ་དང་བསྟན་བཅོས་གཞུང་ལུགས་ཀྱི། །བྱུང་ཚུལ་རྣམ་པར་དབྱེ་བའི་རབ་བྱེད་འདི། །བསྟན་དང་འགྲོ་ལ་ཕན་པར་འདོད་པའི་བློས། །རྣམ་པར་ཕྱེ་ནས་ཚུལ་བཞིན་སྨྲས་པ་ཡིན། །འདི་སྦྱར་དགེ་བ་ཉིན་མོར་བྱེད་པ་དེས། །ལོག་སྨྲ་མུན་པའི་ཚོགས་རྣམས་ཕྱིར་བསལ་ཏེ། །བློ་གསལ་བློ་ཡི་པདྨ་རྒྱས་པ་དང་། །བླང་དོར་རྟོགས་པའི་སྣང་བས་ཁྱབ་པར་བསྔོ། །འགལ་དང་མ་འབྲེལ་ལ་སོགས་ཉེས་པའི་ཚོགས། །མཆིས་ན་གངས་ཅན་མཁས་པའི་ཚོགས་ལ་བཤགས། །ཞེས་གསལ་བ་ལྟར་རོ།།
 

 

-འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་འདོན་བྱས་པ་ཞིག་ཡིན།


 

 

 

མཐའ་མའི་འདོན་ཐེངས་།: 01.02.2017 ཉིན། 2:35 PM

<< སྔ་མ།