སྨན་རྩིས་དྲ་བ། - མདུན་ངོས།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 11.04.2024
མདུན་ངོས། >>


འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

སྤྱིར་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་སྲུང་བརྩི་ཟླ་ཚེས་ནི་ལོ་ལྟར་ཕྱི་ཟླ་ ༣ ཚེས་ ༢༣ ཉིན་ཡིན་ནའང་། འདི་ལོ་སྨན་རྩིས་མཐོ་སློབ་ཚོགས་ཁང་བཟོ་བཅོས་ལས་གཞི་རྐྱེན་པས་མཛད་སྒོ་དུས་འགྱངས་བཏང་རྗེས་མཐར་ཕྱི་ཟླ་ ༤ ཚེས་ ༦ རེས་གཟའ་སྤེན་པའི་ཉིན་སྲུང་བརྩི་གནང་བ་རེད།

དེ་ཡང་བོད་རྒྱལ་ལོ་ ༢༡༥༡ ཤིང་འབྲུག་ལོའི་བོད་ཟླ་ ༢ ཚེས་ ༢༧ དང་། ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༦ ཉིན་བཞུགས་སྒར་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ། བོད་དུ་ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་ཕྱི་ལོ་ ༡༩༦༡ ལོར་ལྷ་ལྡན་སྨན་རྩིས་ཁང་ཕྱག་བཏབ་ནས་མི་ལོ་ ༡༠༨ དང་། བཙན་བྱོལ་དུ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་བཞུགས་སྒར་དྷ་རམ་ས་ལར་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་མི་ལོ་ ༦༣ འཁོར་བའི་དུས་དྲན་སྲུང་བརྩི་མཛད་སྒོ་ཚོགས་གནང་སོང་།

དེ་ཉིན་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་ཚབ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དང་། དམིགས་གསལ་སྐུ་མགྲོན་ས་གནས་ཀང་ར་རྫོང་གི་ཨ་ཡུ་ཤི་སྨན་པ་ Dr. Rashmi Agnihotri མཆོག དམིགས་གསལ་སྐུ་མགྲོན་དཔལ་ལྡན་འཕྲོད་བསྟེན་དྲུང་ཆེ་མཆོག དེ་བཞིན་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་སྐུ་ངོ་བློ་བཟང་བཟོད་པ་མཆོག་དང་། རྒྱལ་བའི་སྐུ་བཅར་བླ་སྨན་རྣམ་པ། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འགན་འཛིན་ནམ་སྐུ་ཚབ། གསར་འགོད་པ། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་རིག་གཞུང་སྡེ་ཚན་དང་འཛིན་སྐྱོང་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། དེ་བཞིན་དགེ་ལས་སློབ་ཕྲུག་བཅས་ལྷན་འཛོམས་ཀྱི་སྔ་དྲོ་ཆུ་ཚོད་དགུ་པའི་ཐོག་དུས་དྲན་སྲུང་བརྩིའི་རྟེན་འབྲེལ་མཛད་སྒོ་དབུ་འཛུགས་གནང་སོང་།

མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་ཚབ་མཆོག་ནས་རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་དྲུང་དུ་སྣང་གསལ་སྒྲོན་མེ་ཞལ་འབྱེད་གནང་བ་དང་། དེ་ནས་ཚོགས་བཅར་བ་ཡོངས་སྐུ་བཞེངས་ཐོག་བོད་དང་བོད་མིའི་རྩ་དོན་ཆེད་གཅེས་པའི་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་ཡི་རང་གུས་འདུད་མཚོན་བྱེད་ངག་བཅད་སྐར་མ་གཅིག་བཞུགས་རྗེས་བོད་དང་རྒྱ་གར་རྒྱལ་ཁབ་ཆེན་པོ་གཉིས་ཀྱི་རྒྱལ་གླུ་བླངས། དེ་རྗེས་གསོ་བ་རིག་པའི་མེས་པོ་དམ་པ་རྗེ་བཙུན་གཡུ་ཐོག་ཡོན་ཏན་མགོན་པོའི་གསོལ་འདེབས་རྟ་དབྱངས་དང་བཅས་འདོན་ཞོར་ཚོགས་ཞུགས་ཡོངས་ལ་རྟེན་འབྲེལ་གྱི་གྲོ་མ་འབྲས་བསིལ་དང་གསོལ་ཇ་འདེགས་འབུལ་ཞུས།

དེ་ནས་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་སྤྱི་ཁྱབ་འགན་འཛིན་སྐུ་ངོ་ཐུབ་བསྟན་ཚེ་རིང་མཆོག་ནས་མཚམས་འདྲིའི་གསུང་བཤད་དང་ལས་བསྡོམས་སྙན་སྒྲོན་ཞུས་པའི་ནང་དུ། བཞུགས་སྒར་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་བྱུང་རབས་སྙིང་བསྡུས་ཤིག་གླེང་བ་དང་སྦྲགས། ད་བར་སྨན་རྩིས་ཁང་ནས་ཐོན་པའི་སྨན་པ་གྲངས་ ༤༡༧ དང་། སྐར་རྩིས་པ་གྲངས་༨༧ བྱུང་ཡོད་པ་ལས་ད་ལྟ་ཞབས་འདེགས་ཞུ་བཞིན་པའི་སྨན་པ་གྲངས་ ༡༤༠ དང་། སྐར་རྩིས་པ་གྲངས་ ༣༠ ཡོད་ལ། དེ་བཞིན་འཛིན་སྐྱོང་ལས་བྱེད་དང་ལས་མི་བསྡོམས་གྲངས་ ༤༥༡ བཅས་ཁྱོན་སྨན་རྩིས་ཁང་དུ་ལས་བྱེད་གྲངས་ ༦༢༡ ཡོད་བཅས་དང་། དེ་བཞིན་སྨན་རྩིས་ཁང་གི་དཔལ་འབྱོར་གནས་བབ་ཀྱང་གྲོན་ཆུང་བསྲི་ཚགས་དང་རོགས་རམ་ཐབས་འཚོལ་བྱས་པ་རྒྱུད་དེ་སྔ་ལས་ཡར་རྒྱས་ཕྱིན་ཡོད་པ་གསུངས། མཐའ་དོན་སྨན་རྩིས་ཁང་ལ་དངོས་ཤུགས་བརྒྱུད་གསུམ་དུ་རྒྱབ་སྐྱོར་གནང་མཁན་ཚོགས་སྒེར་ཡོངས་ལ་བཀའ་དྲིན་རྗེས་དྲན་ཞུས་གནང་སོང་།

དེ་ནས་དམིགས་གསལ་སྐུ་མགྲོན་ Dr. Rashmi Agnihortri མཆོག་ནས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པའི་སྨན་པ་གྲངས་ ༡༢ དང་། སྐར་རྩིས་པ་གྲངས་ ༢  དེ་བཞིན་སྨན་སློབ་སྐབས་ ༢༡ དང་། རྩིས་སློབ་སྐབས་ ༡༡ གཉིས་ཀྱི་སློབ་ཐོན་སྨན་རྩིས་དཀའ་བཅུ་པ་རྣམས་ལ་ཕྱག་འཁྱེར་གསོལ་སྩལ་གནང་སོང་། དེ་ནས་ཁོང་མོའི་གསུང་བཤད་གནང་བའི་ནང་དོན་གཙོ་བོ་ནི། སྨན་རྩིས་ཁང་འདི་ནི་ ༡༩༦༡ ལོར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་བོད་གཞུང་གཉིས་ཀྱི་ཐུགས་རྗེའི་ལམ་སྟོན་དང་རོགས་སྐྱོར་འོག་སླར་གསོ་མཛད་ནས་བཙུག་པའི་ཁེ་མེད་ཚོགས་པ་ཞིག་ཡིན་པ་དང་། དེ་ཡང་ཐོག་མའི་དམིགས་ཡུལ་ལྟར་གསོ་རིག་བསྟན་པ་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་ཡོང་སླད། དེ་དེ་བཞིན་སྨན་རྩིས་ཁང་དང་ཨ་ཡུ་ཤི་གཉིས་ནི་ངོ་བོ་ཐ་དད་ཀྱང་མཐར་ཐུག་དམིགས་ཡུལ་ནི་རང་རང་སོ་སོའི་སྲོལ་རྒྱུན་སྨན་རྩིས་རིག་པའི་ལམ་ནས་སྤྱི་ཚོགས་ལ་ལུས་སེམས་གཉིས་ཀྱི་ཐོག་ནས་སྨན་བཅོས་ཀྱི་ཞབས་ཞུ་འགྲུབ་རྒྱུ་གཅིག་མཚུངས་ཡིན་ཚུལ་གསུངས།  མ་ཟད་ཐེངས་འདིར་སློབ་ཐོན་ལག་འཁྱེར་ཐོབ་མཁན་སློབ་མ་རྣམས་ལ་ཡི་རང་བསྔགས་བརྗོད་དང་རྩ་ཆེ་བསླབ་བྱ་བརྒྱབ་གནང་སོང་།

དམིགས་གསལ་སྐུ་མགྲོན་དཔལ་ལྡན་འཕྲོད་བསྟེན་དྲུང་ཆེ་མཆོག་ནས་སྨན་སློབ་སྐབས་ ༢༡ ནང་རྒྱུད་གསུམ་ཆ་ཚང་ངག་རྒྱུགས་འབུལ་མཁན་སྨན་པ་གྲངས་༧ དང་། སྨན་སློབ་སྐབས་ ༢༤ ལོ་འཁོར་ཡིག་རྒྱུགས་གྲུབ་འབྲས་རྩེར་སོན་རྣམ་པ། གཞན་ཡང་བུ་དང་བུ་མོའི་སྤྱི་ཁྱབ་རྒན་བདག་བཅས་ལ་ཕྱག་འཁྱེར་གསོལ་སྩལ་གནང་སོང་།

དམིགས་གསལ་སྐུ་མགྲོན་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་མཆོག་ནས་དཔེ་དེབ་ཞིབ་འཇུག་དང་པར་སྐྲུན་སྡེ་ཚན་ནས་པར་སྐྲུན་གནང་བའི་ (Fundamentals of Tibetan medicine) ཞེས་པའི་དཔེ་དེབ་དབུ་འབྱེད་དང་། ནད་བཅོས་ཉམས་ཞིབ་སྡེ་ཚན་ནས་(སྐྱེ་ཕྲན་རིག་པའི་ཤེས་བྱ་ཞེས་པའི་དེབ་དབུ་འབྱེད་གནང་ཡོད།)

དེ་ནས་སྐུ་མགྲོན་གཙོ་བོ་ལྕང་ར་མཐར་ལམ་སྒྲོལ་མ་མཆོག་ནས་ཞབས་ལོ་ ༤༠/༣༠/༢༠ ལོན་པའི་ལས་བྱེད་རྣམས་ལ་གཟེངས་བསྟོད་ཕྱག་འཁྱེར་གསོལ་སྩལ་གནང་ནས་བཀའ་སློབ་གསུང་བཤད་ཕེབས་དོན། འགྲོ་ཕན་སྨན་རྩིས་ཁང་འདི་བཞིན་མིང་དོན་མཚུངས་པའི་རླབས་ཆེན་གྱི་སྤྱི་ཚོགས་ཞབས་ཞུ་སྒྲུབ་མཁན་ཚོགས་པ་ཞིག་ཡིན་པ། དེ་ཡང་གཙོ་བོ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཐུགས་རྗེ་བཀའ་དྲིན་ཉག་ཀཅིག་ཡིན་པ་ཐུགས་ལ་བཞག་ནས་ཕྱག་ལས་གནང་དགོས་པ། མ་ཟད་སྨན་པ་ཞིག་ཡིན་པའི་ཆ་ནས་སྨན་པའི་ལུས་ངག་ཡིད་གསུམ་ནི་སྨན་གཞུང་དུ་གསུངས་པའི་སྨན་པའི་རྒྱུ་དྲུག་དང་མ་འགལ་བ་དགོས་པ། སྲོལ་རྒྱུན་གསོ་བ་རིག་པ་འདི་ནི་ལྟ་རེག་དྲི་བ་གསུམ་གྱི་སྒོ་ནས་ནད་གཞི་ངོས་འཛིན་ཐུབ་པའི་དམིགས་བསལ་ཁྱད་ཆོས་ལྡན་པ། དེ་བཞིན་སྨན་སྦྱོར་ཁང་འདི་བཞིན་སྨན་རྒྱུའམ་སྨན་སྦྱོར་ལེགས་པོ་ཡོད་དགོས་པ་ཁོར་ཡུག་གཙང་སྦྲ་ཡག་པོ་དགོས་པ་དང་གཙང་མ་ཡོད་བཞིན་པར་བསྔགས་བརྗོད་སོགས་བཀའ་སློབ་རྒྱས་པ་གནང་སོང་།

དེ་ལྟར་མཛད་སྒོའི་བར་བར་ལ་སྨན་རྩིས་ཁང་གི་ལས་བྱེད་ནས་བོད་ཀྱི་སྲོལ་རྒྱུན་གཞས་སྣ་འཁྲབ་སྟོན་ཁག་གཅིག་གཟིགས་འབུལ་ཞུས་པས་ཚོགས་བཅར་བ་རྣམས་ཀྱིས་དགའ་མོས་ཆེན་པོ་གནང་ཡོད། གཞན་ཡང་སྤྱི་ཁྱབ་འགན་འཛིན་མཆོག་ནས་སྐུ་མགྲོན་ཡོངས་ལ་མཇལ་དར་དཀར་གཙང་དང་བཅས་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་གསོ་རིག་ཐོན་དངོས་ཕྱག་རྟགས་ཐུམ་ཆུང་འབུལ་ལམ་ཞུས་ཡོད། མཐའ་གཞུག་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་སྤྱི་ཁྱབ་དྲུང་ཆེ་དོན་གྲུབ་དཔལ་ལྡན་མཆོག་ནས་མཛད་སྒོའི་སྐུ་མགྲོན་ལྷན་རྒྱས་དང་ཚོགས་གཞུག་པ་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་། དེ་རྗེས་སྨན་རྩིས་བསྟན་རྒྱས་སྨོན་ལམ་དང་ྋརྒྱལ་བའི་ཞབས་བརྟན་གསོལ་འདེབས་འདོན་གནང་ནས་མཛད་སྒོ་རྒྱལ་ཁའི་ངང་གྲོལ་སོང་།།











མཐའ་མའི་འདོན་ཐེངས་།: 12.04.2024 ཉིན། 10:09 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།