སྨན་རྩིས་དྲ་བ། - གསོ་རིག་ཐོན་དངོས།


རིན་ཆེན་གྲང་སྦྱོར་རིལ་ནག་ཆེན་མོ།

འདུ་འཁྲུགས་ལས་བྱུང་གསོ་དཀའི་ནད་མཐའ་དག །འདི་ཡིས་མི་སེལ་འགའ་མེད་ཡོན་ཏན་རྣམས། །བརྗོད་ཀྱི་མི་ལང་རྒྱལ་ཁམས་ཡོངས་ལ་གྲགས། །ཞེས་གསུངས་པ་ལྟར། གྲང་སྦྱོར་རིལ་ནག་ཆེན་མོ་འདིས་ཉེས་གསུམ་ལས་བྱུང་བའི་ནད་རིགས་སྤྱི་དང་། ལྷག་པར་ཕོ་བ་ན་བ་དང། མཆིན་ཁྲག་རྒྱས་པ། སྨུག་པོ་འཐབ་ནས་གླང་ཐབས་སུ་ན་བ། བྲང་དང་ཕོ་བར་ཚ་ཤར་རྒྱག་པ། དམར་པོ་ཁྲག་མདོག་བཤལ་བའམ་ཁྲག་རུལ་དུད་ཁུའི་མདོག་སྐྱུགས་པ། བཤང་བར་ཁྲག་འདྲེས་པ། སྙིང་ནད་རྐྱེན་གྱིས་ཁྲག་གི་རྒྱུ་བ་ཞན་པ། ཆུ་བསགས་པ། ཚིགས་གྲུམ་གྱི་ནད་རིགས། པགས་ནད་ཆུ་སེར། རྨ་རྙིང། གྱུར་དུག་དང་སྦྱར་དུག་སོགས་དུག་གི་ནད། མཛེ་ནད། འབྲས་ནད་ཀྱི་རིགས། གག་ལྷོག གཉན་རིམས་ཀྱི་ནད་སོགས་ལ་ཕན་པར་མ་ཟད། ནད་མེད་རྣམས་ཀྱིས་བསྟེན་ན་ལུས་མདངས་རྒྱས་ཤིང། དབང་པོ་གསལ་བ། རྒས་ཀ་སྲ་བ། རོ་ཙ་འཕེལ་བ། རྩ་དང་རུས་པ་མཁྲེགས་པ། ནད་གཞི་སྔོན་འགོག་ཐུབ་པ་སོགས་བཅུད་ལེན་གྱི་མཆོག་ཏུ་གྱུར་བ་ཡིན།            

 

རིན་ཆེན་རཏྣ་བསམ་འཕེལ།

ཁྲག་ཤེད་མཐོ་བ་དང་། ཁྲག་རླུང་འཐབ་ནས་ཁྲག་ཤུགས་འཕར་བ། མགོ་ན་བ། ཞེ་མེར་ལངས་པ། སྐྱུགས་ལྡང་བྱེད་པ། གྲིབ་སྐྱོན་གྱིས་གློ་བུར་དུ་འགྱེལ་ནས་དྲན་པ་འཐོར་བ། གཟུགས་པོའི་གཞོགས་ཕྱེད་ཀྱི་ཚོར་བ་ཉམས་པ། རྐང་ལག་བརྐྱང་བསྐུམ་མི་ཐུབ་པ། ཁ་མིག་ཡོ་བ། ངག་ལྐུགས་པ། བཤང་གཅི་དབང་མེད་དུ་ཤོར་བ། དྲན་པ་ཉམས་པ། སྨྱོ་ནད། ཀླད་པ་འཁྱོམས་པ། ཀླད་ཁྲག་གི་འཁོར་རྒྱུག་མི་སྙོམས་པ། གཞན་ཡང་ཁྲག་ཤེད་མཐོ་བའི་སྙིང་ནད་དང་ཁྲག་རིལ་དཀར་པོའི་ནད། ཁྲག་རླུང་སྟོད་འཚངས་ཀྱི་ནད། རྩ་དཀར་ཀྱི་ནད། སྙིང་རླུང་། སྲོག་རླུང་། བརྒྱལ་གཟེར། དུག་ནད། མཛེ་ནད། ཁྲག་གི་རྒྱུ་བ་འགགས་པ་དང་སྙིང་ནད་རྐྱེན་ཀྱིས་ཆུ་བསགས་པ་སོགས་ལ་ཕན། ནད་མེད་རྣམས་ཀྱིས་བསྟེན་ན་ལུས་མདངས་རྒྱས་ཤིང། དབང་པོ་གསལ་བ། རྒས་ཀ་སྲ་བ། རོ་ཙ་འཕེལ་བ། གོང་གསལ་ནད་གཞིའི་རིགས་སྔོན་འགོག་ཐུབ་པ་སོགས་བཅུད་ལེན་གྱི་མཆོག་ཏུ་གྱུར་བ་ ཡིན།

 

རིན་ཆེན་ཚ་སྦྱོར་ཆེན་མོ།

དྲེག་དང་། གྲུམ་བུ། འབྲས་ནད། སུརྱ། མཛེ་ནད། སྐྲན་ནད། དམུ་ཆུ། འོར་ནད་སོགས་འཇོམས་ཤིང་། རྩ་སྦུག་ནང་ངན་ཁྲག་རྒྱས་ཏེ་འགག་པ་དང་། གྲང་བའི་རྣག་སོགས་ཀྱང་སྐེམ་པར་བྱེད་པ་ཡིན། ནད་མེད་རྣམས་ཀྱིས་བསྟེན་ན་གོང་གསལ་ནད་གཞི་རྣམས་སྔོན་འགོག་ཐུབ་པ་ཡིན། འོན་ཏེ་སྨན་པར་བསྟེན་གཏུགས་གནང་ནས་བསྟེན་ན་དགེ་ཕན་ ཆེ།                                                                       

 

རིན་ཆེན་མང་སྦྱོར་ཆེན་མོ།

ཁ་ཟས་མི་འཕྲོད་པ་དང་མ་གོམས་པ་ཟོས་པ་ལས་བྱུང་བའི་གྱུར་དུག་རྐྱེན་གྱིས་ཕོ་བ་ དང་རྒྱུ་མར་ན་ཟུག་གཏོང་བ་དང་། གླང་ཐབས་ན་བ། སྨུག་པོ་གྱེན་དུ་བརྡོལ་ཏེ་ཁྲག་སྐྱུགས་པ། ཐུར་དུ་བརྡོལ་བས་ཁྲག་བཤལ་བ། རིམས་ཚད། རྙིང་ཚད། གབ་ཚད། ཁ་ཚ་རུལ་སུངས་སོགས་ཁ་ཟས་ཟ་ཐལ་ཆེ་བས་རྩ་སྦུག་འགགས་པ། ངན་ཁྲག་གིས་ལུས་ཀྱི་ཤ་སྐམ་པ་དང་། ཤ་མདོག་ནག་པ། དབང་པོ་མི་གསལ་བ། བྲང་ཚ་ཆུ་སྐྱུར་སྐྱུགས་པ། དང་ག་འགགས་པ། རྒྱུན་དུ་གློ་མང་དུད་ཁུ་ཁྲག་རུལ་ལུ་བ། ཆུ་གཞིའི་ནད་ཡོད་པ། ཁྱད་པར་དུ་བསམ་ངན་གྱི་སྦྱོར་བ་ལས་བྱུང་བའི་སྦྱར་དུག དངོས་དུག་སོགས་དུག་རིགས་ཐམས་ཅད་ལ་མཆོག་ཏུ་ཟབ་པ་མ་ཟད། བསིལ་དྲོད་སྙོམས་པས་ཁོང་ནད་ཀྱི་རིགས་ཕལ་ཆེར་ལ་ཕན་པ་ཤིན་ཏུ་ཆེ་བ་ཡིན། ནད་མེད་རྣམས་ཀྱིས་བསྟེན་ན་ལུས་མདངས་རྒྱས་ཤིང། དབང་པོ་གསལ་བ། རྒས་ཀ་སྲ་བ། རོ་ཙ་འཕེལ་བ། རྩ་དང་རུས་པ་མཁྲེགས་པ། ནད་གཞི་སྔོན་འགོག་ཐུབ་པ་སོགས་མདོར་ན་རིན་ཆེན་གྲང་སྦྱོར་ཆེན་མོ་ཉིད་དང་ཁྱད་ མེད་ཀྱི་ཕན་ནུས་ལྡན་ནོ།།

 

རིན་ཆེན་བཙོ་བཀྲུ་ཟླ་ཤེལ་ཆེན་མོ།

མ་ཞུ་བ་དང་བད་ཀན་སྨུག་པོས་ལུས་ཀྱི་རྒྱབ་མདུན་གཟེར་བ་དང་། ཆུ་སྐྱུར་སྐྱུགས་པ། ཁྲག་རུལ་དུད་ཁུ་འཁྲུ་བ་དང་སྐྱུགས་པ། གླང་ཐབས་ན་བ་། རིམས་ཚད་ཀྱི་ནད་མཇུག ཕོ་མཆིན་ན་བ། རྙིང་ཚད་ལུས་ལ་ཞེན་ཏེ་ཟུངས་ཉམས་པ། རྔུལ་མང་བ། རྒྱུན་དུ་བསིལ་གྲིབ་ལ་སྡོད་འདོད་བྱེད་པ། ཤེས་པ་ལྕི་བ། ལུས་ཀྱི་སྨད་དང་ཡན་ལག་སྦྲིད་པ། ཁ་ལྕེ་སྐམ་པ། གདོང་ལ་སྲིན་ཐོར་ཐོན་པ། ཁྲག་ཚད་ཀྱིས་བྲང་རྒྱབ་གཟེར་ཞིང་སྐད་འཛེར་བ། འགྲམས་འཁྲུགས་ཀྱིས་དབུགས་རྒོད་པ། རྒྱབ་མདུན་སྙིང་ཐད་ན་བ། ལུད་པ་མང་བ། འཇུ་སྟོབས་ཆུང་བ། ཆུ་སེར་གྱིས་སྐྲ་དང་བ་སྤུ་བྱི་བ། སོ་དང་སེན་མོའི་བཀྲག་མདངས་ཤོར་ནས་སྐྱ་གླེག་ཆགས་པ། ལུས་ལ་ཟ་འཕྲུག་ལངས་པ། རྨ་ངན་ཤུ་ཐོར་དོན་པ། མཛེ་ནད། ལྷག་པར་ཁ་ཚ་རུལ་སུངས་དང། བརྔོས་བསྲེག་རིགས། ཚུའུ་དང་ཇཱང་ཡུ། ཆང་རག་སོགས་བཟའ་བཏུང་ཐལ་ཆེ་བས་རྩ་སྦུག་འགགས་པ་དང་ལུས་སྟོབས་ཞན་པ། བཞིན་རས་ནག་པ། མིག་མི་གསལ་བ། འཁྲུགས་རྐྱེན་ཅུང་ཟད་ཀྱིས་ཀྱང་ལུས་སྟོད་ཀྱི་རྒྱབ་མདུན་གཟེར་བ། བྲང་ཚ་བ། སྒྱིད་ཁུག་དང་རྐང་པ་སྐྲངས་པ། ཁོང་པར་སྐྲན་ཆགས་པ། གཞན་ཡང་བསམ་སྦྱོར་ངན་པས་སྦྱར་བའི་དུག་དང་། ཁ་ཟས་མི་འཕྲོད་པའི་གྱུར་དུག སྣོད་སོགས་ལས་བྱུང་བའི་གཡའ་དུག་སོགས་དུག་རིགས་ལ་ཤིན་ཏུ་ཕན། ནད་མེད་རྣམས་ཀྱིས་བསྟེན་ན་སྟོབས་སྐྱེད་བཅུད་ལེན་གྱི་མཆོག་ཏུ་གྱུར་བ་ཡིན།

 

རིན་ཆེན་གཡུ་རྙིང་ཉེར་ལྔ།

མཆིན་ཚད་ཀྱིས་མཆིན་པར་ན་ཟུག་གཏོང་བ་དང་ལུས་ཤ་རིམ་པས་སྐེམ་འགྲོ་བ། ལུས་སྟོད་བརྒྱངས་ཤིང་སྐེ་རྩ་རེངས་པ། མཇིང་པ་དགྱེ་གུག་དཀའ་བ། ངན་ཁྲག་རྒྱས་ནས་མགོ་བོ་ན་བ། སྣ་ཁྲག་འཛག་པ། གཉིད་ཆེ་བ། ཁ་སྐམ་པ། ཕོ་བ་ན་ཞིང་དང་ག་འགག་པ། མིག་དམར་པོ་ཆགས་པ། གཟུགས་པོ་ཉོབ་པ། ཁ་ཏིག་ཁ་བ། ཆང་རག་འཐུང་ཆེ་དྲགས་པ་དང་དྲག་ཤུལ་རྐྱེན་གྱིས་མཆིན་པ་ལྡུར་ནས་ཁྲག་རུལ་དུད་ ཁུ་སྐྱུགས་པ། བཤང་བ་སྐམ་ལ་ནག་ཅིང་ཤ་རིལ་འདྲ་བ་འབབ་དཀའ་བ། མཆིན་པ་མཁྲེགས་པོ་ཆགས་པ། མཆིན་ཆུ་བསགས་པ། མི་འཕྲོད་པ་ཟོས་པ་ལས་གྱུར་བའི་དུག བསམ་ངན་གྱི་སྦྱོར་བ་ལས་བྱུང་བའི་སྦྱར་དུག། ཁྱད་པར་དུ་མཆིན་ནད་བཅོས་རྡུགས་ཀྱི་ནད་རྙིང་ལ་ཡུན་དུ་བསྟེན་ན་ཤིན་ཏུ་ཕན། ནད་མེད་རྣམས་ཀྱི་བསྟེན་ན་གོང་གསལ་ནད་གཞི་རྣམས་སྔོན་འགོག་ཐུབ་པ་ཡིན།།

 

རིན་ཆེན་ལྕགས་རིལ་ཆེན་མོ།

མིག་ནང་ལིང་ཏོག་ཐོན་པ། མཆི་མ་འཛག་ཅིང་ན་ཟུག་གཏོང་བ། དཀར་འོད་མི་བཟོད་པ། མིག་སྤྲིན་ནང་ཁྲག་རྒྱས་པ། མིག་གི་རྒྱལ་མོ་འདལ་ནས་རབ་རིབ་ཀྱིས་སྐབས་རེར་མི་མཐོང་བ། མུན་འཐིབས་ཆགས་པ། མིག་སྤྲིན་གྱི་མཐའ་ལ་སྐྱ་འགྲིབ་འཁོར་ནས་རྒྱལ་མོའི་མཐོང་ཤུགས་ཉམས་པ། ནང་འགྲིབ་ཀྱིས་ལོང་བར་གྱུར་བ། མིག་ལ་ཚ་ཤར་རྒྱག་པ། རླུང་དང་བསེར་བུ་མི་བཟོད་པ། མིག་ལྕིབས་སྐྲངས་པ། སྐམ་ཚག་དང་གཤེར་ཚག་གི་ནད། མིག་སྤྲིན་སྟེང་ཤ་མཛེར་འབྲུམ་ཐོར་སྐྱེ་བ། མིག་སྐྱག་མང་བ། ཕྱི་འགྲིབ་དང་མིག་ཆུའི་ནད། མིག་གི་རྨེན་བུར་གཉན་ཚད་རྒྱས་པ། མིག་གི་རྩ་དྲའི་ནད། མིག་འབྱེད་འཛུམ་དཀའ་བ་བཅས་མིག་ནད་ཀུན་ལ་ཕན་པར་མ་ཟད། གཞན་ཡང་སྦྱར་དུག་རྙིང་པས་མིག་འགྲིབ་དང་། ཟུངས་ཁྲག་ཟད་པ། ཤུ་ཐོར་ཐོན་པ། བད་ཀན་སྨུག་པོའི་རྐྱེན་གྱིས་ཁྲག་སྐྱུགས་པ། མཆིན་མཆེར་གཉིས་ལ་ཁྲག་ངན་བབས་པ། མཁྲིས་ནད་ཀྴ་ཡའི་ནད་རིགས་ལ་ཡང་ཤིན་ཏུ་ཕན། ནད་མེད་རྣམས་ཀྱིས་བསྟེན་ན་གོང་གསལ་ནད་གཞི་རྣམས་སྔོན་འགོག་དང་མིག་སྲུང་ སྐྱོབ་ཐུབ་པ་ཡིན།།

 

རིན་ཆེན་བྱུ་དམར་ཉེར་ལྔ།

ཁྲག་ཤེད་མཐོ་བས་མགོ་ན་བ་དང་། མགོ་གཟེར་བ། མཇིང་རྩ་རེངས་པ། ཁ་མིག་ཡོ་བ། རྐང་ལག་རེངས་སམ་འཁུམས་པ། རྐང་ལག་འདར་བ། སྦྲིད་པ། ལུས་ཀྱི་གཞོགས་ཕྱེད་ཀའི་ཚོར་བ་དང་བྱེད་ལས་ཉམས་པ། ཁྲག་རྩ་འགགས་པའམ་ཁྲག་གི་འཁོར་རྒྱུག་མི་སྙོམས་པ། བརྒྱལ་གཟེར་གྱི་ནད། རྩ་ལ་གཉན་ཁ་རྒྱས་པ། མཁལ་རྩ་འཆུས་པ། ཀླད་གཟེར་གྱི་ནད། རྩ་དཀར་དང་རྩ་གྲིབ་བཅས་ལ་ཕན་པ་མ་ཟད། དྲེག་གྲུམ་སོགས་ཀྱི་ན་ཟུག་གཅོག་པའི་ནུས་པ་ཡོད། ནད་མེད་རྣམས་ཀྱིས་བསྟེན་ན་གོང་གསལ་ནད་གཞི་རྣམས་སྔོན་འགོག་ཐུབ་པ་ཡིན།

 

སྲུང་འཁོར་བསྐྱེད་པ་བཞིན་ལྡན།

འཇམ་དབྱངས་གསེར་འཁོར་རམ་བསྐྱེད་པ་བཞི་ལྡན་སྲུང་འཁོར་འདིས་ནད་སོགས་མི་ མཐུན་འཚེ་བ་དང་བགེག་བར་ཐམས་ཅད་ཞི་ནུས་པའི་དམིགས་བསལ་ཕན་ནུས་ལ་བརྟེན། གང་ཟག་གི་ལུས་ལ་བཅང་བའམ། ཁྱིམ་གྱི་སྒོ། རླང་འཁོར་སྦག་སྦག་བཅས་ལ་བཏགས་པས་ཆོག

 

དམིགས་བསལ་སྲུང་འཁོར།

འཇམ་དབྱངས་ཀྱི་དམིགས་བསལ་སྲུང་འཁོར་འདི་བཞིན་གང་ཟག་གི་དགོས་མཁོ་དང་བསྟུན་སོ་སོའི་སྐྱེས་ལོ་ཟླ་ཚེས་ལ་གཞི་བཅོས་ཏེ་བཟོ་བསྐྲུན་ཞུ་བཞིན་ཡོད། དེ་ཡང་སྲོག་ལུས་དབང་ཀླུང་ཉམས་པའམ་མི་མཐུན་པ་གསོ་ཕྱིར། དེ་བཞིན་རང་ཀེག་དང། བདུན་ཟུར། བཞི་གཤེད། དགུ་མིག་ཏུ་ཚུད་པ། སྨེ་བ་གཉིས་ནག་ལ་བབས་པ་བཅས་ཀྱི་ངན་དོག་གཞི་ཕྱིར་དང། ཉེས་པ་ཀུན་ཐུབ་ཀྱི་དམིགས་བསལ་སྲུང་འཁོར་ཡང་བཟོ་བསྐྲུན་ཞུ་བཞིན་ཡོད།།

 

སྟོབས་སྨན་བཅུད་འདུས་རྒྱ་མཚོ།

ལུས་ཁམས་ཀྱི་མདངས་སྟོབས་རྒྱས་པ། མིག་ལ་སོགས་པའི་དབང་པོ་རྣམས་གསལ་བ། ཁྱད་པར་དུ་མཁལ་མའི་དྲོད་བསྐྱེད་ཅིང་འདོད་པ་ཉམས་པ་གསོ་ནུས་པའི་ཕན་ཡོན་ལྡན།

 

རྒས་པ་གསོ་བའི་བཅུད་ལེན་ཆེན་མོ།

ཚེ་ཚད་རིང་དུ་བསྲིང་བ་དང༌། ན་ཚོད་མྱུར་རྒས་ལས་སྒྲོལ་ཏེ་རེ་ཞིག་དར་ལ་འཇོག་པ། ལུས་ཁམས་ཀྱི་མདངས་སྟོབས་རྒྱས་པ། མིག་ལ་སོགས་པའི་དབང་པོའི་ཚོར་བ་དང་སེམས་ཀྱི་དྲན་པ་གསལ་བར་བྱེད་པ། བློ་རིག་རྣོ་ལ་སྐད་གདངས་ཤུགས་དང་ལྡན་ཞིང་ཁྱད་པར་རོ་ཙ་བར་བྱེད་པ་ཡིན།

 

གཅོང་ཆེན་བཅུད་ལེན།

ལུས་སྟོབས་ཉམས་པ། དབུགས་མི་བདེ་བ། མགོ་འཁོར་ལ་སྐྱིགས་བུ་ཡང་ཡང་འབྱུང་བ། ཟས་ལ་དང་ག་མེད་པ། གློ་ནད་ཀུན་དང་ཁྱད་པར་ཟུངས་སྟོབས་ཉམས་པ་གསོ་ལ་རྒྱུན་དུ་བསྟེན་ན་རོ་ཙར་མཆོག་ ཏུ་ཕན།

 

བློ་འཕེལ་བདུད་རྩི།

བློ་གྲོས་ཆེ་ལ་མི་བརྗེད་པའི་དྲན་པ་གསལ་བ། ངག་ཚིག་སྙན་ཞིང་སྨྲ་ལྕེ་བདེ་བར་བྱེད།

 

ཚེ་འཕེལ་བདུད་རྩི།

བྱིས་པའི་ཟུངས་སྟོབས་སྐྱེད་ལ་ཚེ་རིང་དུ་བསྲིང་བ། ནད་གདོན་རྣམས་འཇོམས་པའི་དགེ་ཕན་ཡོད།  

 

སྐེམ་སྨན་ཟླ་ཞུན།

བད་ཚིལ་འཕེལ་ནས་ལུས་ཤ་རྒྱས་པ་སྐེམ་ལ། དེ་མིན་དབུགས་མི་བདེ་བ། རྣབ་ལུད་མང་བ། ཤེས་པ་རྨོངས་པ། གཉིད་ཆེ་བ། གཅིན་ཁ་སྙི་བ། འབྲས་དང་རྨེན་བུའི་ནད་གཞི་སྔོན་འགོག་བྱེད་ཐུབ།

 

རྩི་དྭངས་སྨན་མར།

ལུས་ཀྱི་ཟུངས་སྟོབས་རྒྱས་པ། མདངས་གསལ་བ། ཟུངས་ཁྲག་གསོ་བ། གློ་མཆིན་ཕོ་ནད་གསོ་བ། ཟས་འཇུ་བ། རླུང་ཁ་གནོན་པ་དང་གཅིན་ཁ་སྙི་བ་སོགས་ལ་ཕན།

 

སྨན་སྣ།

ཁ་ཟས་ཀྱི་རོ་བཅུད་རྒྱས་ཤིང༌། ཟས་ཡི་གར་འོང་བ། དྲི་ཞིམ་པ། ཁ་ཟས་ཀྱི་དང་ག་ཕྱེ་བ། འཇུ་བདེ་བ། ཕོ་བའི་མེ་དྲོད་སྲུང་བ་སོགས་ཀྱི་དགེ་མཚན་ཡོད།         

 

རླུང་ཇ།

བསམ་བློ་བཏང་དྲགས་པའམ་སེམས་ངལ་ཆེ་བ། ལུས་ནས་ཁྲག་མང་ཟགས་པ། བཤལ་སྐྱུགས་དྲགས་པ། ལྟོ་སྟོང་སྐབས་ལུས་ཀྱིས་ངལ་རྩོལ་དྲགས་པ་སོགས་ཀྱི་རྐྱེན་པས་ལུས་ཁམས་མི་བདེ་ ཞིང་མདངས་སྟོབས་ཉམས་པ། རོ་སྟོད་དང་དཔྱི་རྐེད་ན་བ། སེམས་ཟང་ཟིང་དང༌། ཁོང་ཁྲོ་ཆེ་བ། གཉིད་མི་ཁུག་པ། ཟས་ལ་དང་ག་མེད་པ་སོགས་རླུང་འཕེལ་བའི་རྟགས་རྣམས་ཞི་བར་བྱེད་པ་ཡིན།

 

མཁྲིས་ཇ།

ལུས་དྲོད་དང་མཁྲིས་པ་རྒྱས་ནས་མགོ་ན་བ། ཞེ་མེར་ལངས་པ། དང་ག་མི་བདེ་བ། ཁ་ལ་ཁ་ཏིག་ཁ་བ། ལུས་ཀྱི་ཚ་དྲོད་སྔར་བས་ཚ་བ། སྐོམ་དད་བྱེད་པ་སོགས་མཁྲིས་པ་འཕེལ་བའི་རྟགས་རྣམས་ཞི་བར་བྱེད་པ་ཡིན།

 

བད་ཀན་ཇ།

ཕོ་བའི་མེ་དྲོད་ཉམས་པ་དང༌། ལུས་དྲོད་ཆུང་བ་ཟས་ཀྱི་འཇུ་སྟོབས་ཞན་པ། ལུས་སེམས་ལྕི་ལ་ཉོབ་པ་བཅས་བད་ཀན་འཕེལ་བའི་རྟགས་བྱུང་བ་རྣམས་ཞི་བར་བྱེད་པ་ ཡིན།

 

སྨན་ཇ་རབ་དགའ་གཡང་འཛིན།

རྒྱུན་གཏན་ཟས་ཀྱི་དང་ག་མེད་པ། ཁ་ཟས་འཇུ་དཀའ་བ། ཟུངས་ཁྲག་ཞན་པ། མཆིན་མཁྲིས་ཚ་བའི་ནད། ཆམ་རིམས་ཕོག་པ། སྐོམས་དད་ཡང་ཡང་བྱེད་པ། གྲང་རླུང་རྐྱེན་པས་ཕོ་བ་སྦོས་བརྒྱངས་བྱེད་པ། གློ་གཅོང་ནད་ཀྱིས་དབུགས་མི་བདེ་བ་སོགས་ལ་ཕན།

 

ཇ་ཤིང་ལྔ་པ།

རྒྱུན་གཏན་སྐོམ་དད་སེལ་བ། ལུས་སེམས་ཀྱི་ངལ་དུབ་གསོ་བ། ཕོ་བའི་དྲོད་སྐྱེད་པ། མིག་སོགས་དབང་པོའི་ནད་སེལ་བ། ཆམ་ནད་དང་གྲེ་འཛེར་སོགས་ལ་ཕན།

 

ཁྲག་ཤེད་ཇ།

སྙིང་མི་དགའ་བ་འམ་གཡུག་ཅིང་གཉིད་མེད་པ། ལུས་པོ་རྔུལ་ལ་ཕྲུམ་སེར་འཁྱེར་བ། བྲང་རྒྱབ་དང་རོ་སྟོད་གཟེར་བ། མགོ་ན་ལ་མིག་རབ་རིབ་བྱེད་པ། ལྟག་པའི་སྡུད་སྒོ་གཟེར་ཅིང་དགྱེ་དགུ་དཀའ་བ། དབུགས་མི་བདེ་བར་རྔམ་པ་རྒོད་ཅིང་སྟོད་རྒྱངས་པ། ཁ་ལྕེ་སྐམ་ལ་སྐོམ་ཚད་ཆེ་བ། ཡན་ལག་སྦྲིད་པ་སོགས་ཀྱི་རྟགས་རྣམས་ཞི་བར་བྱེད།

 

གཅིན་སྙི་ཟ་ཁུའི་ཇ།

ཁ་ཟས་མི་འཇུ་ཞིང་དང་ག་ཞན་པ། སྙིང་མི་བདེ་ཞིང་གཉིད་མི་སྙོམས་པ། དབུགས་མི་བདེ་བ། གཅིན་ཁ་སྙི་བ། ལུད་པ་མང་ཞིང་སྐྱུག་པར་བྱེད་པ། མཚན་མ་དང་ལྒང་པར་ན་ཟུག་བྱེད་པ། ཁ་མངར་ལ་གྲེ་བ་སྐམ་ཞིང་ལུས་དྲོད་ཚ་བ། རྐང་ལག་གི་མཐིལ་བཞི་ཚ་ལ་གཅིན་མདོག་རྙོག་ཅན་སོགས་ཀྱི་ནད་རྟགས་རྣམས་ཞི་བར་ བྱེད་པ་ཡིན།

 

སྙིང་ནད་སྨན་ཇ།

སྙིང་ཁྲག་གི་འཁོར་རྒྱུག་མི་བདེ་བ་དང༌། ཁྲག་ཤེད་མཐོ་བས་རླུང་ཁྲག་འགགས་པ། སྙིང་ནུས་ཉམས་པ། སྙིང་གཟེར་རྒྱག་པ། ཁྲག་རྩ་མཁྲེགས་པོ་ཆགས་པ། སྙིང་གཡུགས་ནས་དངངས་སྐྲག་སྐྱེ་བ། ཤེས་པ་འཕྱོ་ཞིང་དོན་མེད་སེམས་མི་བདེ་བ་བཅས་ལ་ཕན།

 

གཞང་འབྲུམ་སྨན་ཇ།

རྒྱུ་ལོང་མི་བདེ་བར་སྦོས་པ་དང༌། སྐྲང་སྦོས་བྱེད་པ། རྒྱུ་རྩི་དང་ཁྲག་རྩ་ཉམས་པ། རྒྱུ་ལོང་གི་སྲིན་ནད། གཞང་འབྲུམ་བཅས་ལ་ཕན།

 

དབུགས་མི་བདེ་བའི་སྨན་ཇ།

རྒྱུན་གཏན་ཆམ་ཚད་ཀྱིས་བྲང་ཁོག་བསྡམས་པ་དང༌། གློ་བརྒྱལ་ལངས་པ། དབུགས་བཀག་ཐེབས་པ། ལུས་རྔུལ་བ། དབུགས་འབྱིན་རྔུབ་དཀའ་བ། སོར་སྒྲ་ཐོན་པ། ལུས་ཁམས་ཀྱི་ཉམས་སྟོབས་ཆུང་བ་བཅས་ལ་ཕན།

 

སྟོབས་སྐྱེད་སྨན་ཇ།

ཚེ་རིང་ཞིང་ནད་མེད་ལ་ལུས་ཀྱི་སྟོབས་རྒྱས་པ། ལུས་ཀྱི་ཁམས་འཕེལ་ཞིང་སྐྲ་དཀར་དང་གཉེར་མ་འགོག་པ། བཀྲག་མདངས་རྒྱས་ལ་བཞིན་རས་མཛེས་ཤིང་ཀུན་གྱི་ཡིད་དབང་འཕྲོག་པར་བྱེད་ནུས་པ།

 

རླུང་ཚབས་སྨན་ཇ།

སེམས་མི་བདེ་ཞིང་བརྗེད་ངས་ཆེ་ལ་ཤེས་པ་འཆོལ་བ་དང༌། དྲན་མེད་དུ་བརྒྱལ་བ། མཁལ་མ་དང་བུ་སྣོད་ཀྱི་ནུས་པ་ཉམས་པ། ཟླ་མཚན་མི་སྙོམས་པ། ཟུངས་ཁྲག་ཞན་པ། རྐང་ལག་སྦྲིད་པ། ཆུ་སོ་དང་རྒྱུ་ཞབས་བསྡམས་ཞིང་གཟེར་བ། གྲང་བ་འཛགས་པ། ལུས་སྨད་དྲོད་ཆུང་ལ་དཔྱི་རྐེད་རུས་ཚིགས་ན་བ་བཅས་ལ་ཕན།

 

གྲུམ་བུའི་སྨན་ཇ།

མཁལ་མའི་ནུས་སྟོབས་ཉམས་པས་རླུང་ཁྲག་མི་སྙོམས་པ་དང༌། ཆུ་བ་དང་རྒྱུས་པའི་བྱ་བ་ཉམས་པས་གྱོང་པོར་གྱུར་བ། རྐང་ལག་འགུལ་སྐྱོད་མི་ཐུབ་པ། རྩ་དང་རུས་ཚིགས་ལ་ཆུ་སེར་འཁོར་བས་དམར་སྐྲངས་ཆགས་ནས་གཟེར་ཟུག་གཏོང་བ་བཅས་ལ་ ཕན།

 

ཤ་གསོས་པད་དཀར།

ཤ་མདོག་འཇམ་ལ་མཉེན་པ། པགས་པའི་མདངས་སྟོབས་གསོ་ཞིང་གཞོན་ཤ་དོད་པར་བྱེད་ལ། ཉི་ཟེར་ལྷགས་རླུང་གི་གནོད་སྐྱོན་མི་འབྱུང་བའི་སྔོན་འགོག་ཐུབ་པ་དང༌། དེ་མིན་པགས་ནད་ཁྱེ་མ་དང་སྲིན་ཐོར་སོགས་ལ་ཕན།

 

གཉེར་དག་ག་མོ་ལི།

པགས་སྟོབས་ཉམས་པ་གསོ་ཞིང༌། པགས་པའི་འཐེན་གྲིམས་ཉུང་དུ་བཏང་སྟེ་གཉེར་མ་སྔོན་འགོག་ཐུབ་པ། པགས་བཅུད་གསོ་ལ་རེག་བྱ་འཇམ་པ། ཤ་མདངས་གསལ་བ། དེ་མིན་པགས་ནད་ཁྱེ་མ་དང་སྲིན་ཐོར་སོགས་ལ་ཕན།

 

རྨ་སྨན་རབ་འབྱོར།

གཉན་ཚད་འཇོམས་ལ་ཁྲག་འཛག་གཅོད། ནད་སྲིན་འགོག་ཅིང་རྨ་ཁ་གསོ་བ། དེ་མིན་པགས་ནད་ཤུ་བ་དང་མེ་དབལ་སོགས་ལ་ཕན།

 

པགས་བྱུག་སྦྲ་མ་ར།

པགས་པ་གས་ཤིང་རྩུབ་ལ་ཟ་འཕྲུག་ལངས་པ། པགས་ནད་ཤ་བཀྲ་དང་གླང་ཤུ། ཟ་རྐོང༌། ཤུ་བ། སྲིན་ཐོར་སོགས་ལ་ཕན།

 

ཨ་རུ་ཡ་ཆམ་ཟླ་ཞུན།

ཆམ་ནད་དང་རིམས་ནད། ཡ་ཆམ་གྱིས་མགོ་དང་སྣ་ཁུང་གཟེར་བ་བཅས་ལ་ཕན་པ་མ་ཟད། ཤ་སྒྲིམ་གཟེར་བ། དྲེག་གྲུམ། འབུ་སྲིན་གྱིས་རྨུགས་པ་དང༌། ཟ་འཕྲུག བརྡབ་སྐྲངས་སོགས་ལ་ཕན།

 

ཟབ་བརྒྱད།

གཟུགས་པོར་སྲིན་ཐོར་སྐྱེས་པ་དང༌། མེ་ལྕེ་འཁོར་ལོ་དོན་པ། ཟ་འཕྲུག་ལངས་པ། ཤུ་བ་ཐོན་པ། རྨ་རྙིང་སོགས་ལ་ཕན།

 

རྩ་བྱུག

རྩ་དཀར་ནད་ཀྱིས་རྐང་ལག་གི་རྩ་རྒྱུད་ཞ་བ་དང༌། སྦྲིད་པ། རེངས་འཁུམས་བྱེད་པ། དེ་མིན་རྩ་མདུད་དང༌། རྩ་འཆུས་པ་ལ་ཡང་ཕན།

 

རླུང་བྱུག 

ལུས་སེམས་ངལ་དུབ་དང༌། སེམས་འཚབ་པ། ཁོང་ཁྲོ་ཆེ་བ། གཉིད་མི་ཁུག་པ། མདངས་སྟོབས་ཉམས་པ། ཤ་སྐེམ་ལ་ནག་པ། ལུས་དྲོད་ཆུང་བ། ཁྲག་གི་འཁོར་རྒྱུག་མི་སྙོམས་པ། པགས་པ་རྩུབ་ལ་སེར་ག་གས་པ་དང་། ཕྱི་ཤུན་བུད་པ། ཟ་འཕྲུག་ལངས་པ་སོགས་ལ་ཕན།

 

མཁྲིས་བྱུག 

ལུས་ཁམས་ཚ་དྲོད་ཆེ་བ། བཀྲེས་སྐོམ་ཆེ་བ། གཉིད་ཆུང་བ། ཁྲག་གི་འཁོར་རྒྱུག་མི་བདེ་བ། པགས་མིག་སེར་ལ་རྩུབ་པ། སེར་ག་གས་པ། ཕྱི་ཤུན་བུད་པ། ཟ་འཕྲུག་ལངས་པ་སོགས་ལ་ཕན།

 

བད་བྱུག 

མེ་དྲོད་ཆུང་བས་ཟས་མི་འཇུ་བ། ལུས་སེམས་ལྕི་བ། གཉིད་ཆེ་བ། དབུགས་མི་བདེ་བ། ཡན་ལག་གི་ཚིགས་མཚམས་ལྷོད་ཅིང་སྐྲངས་པ། པགས་པ་རྩུབ་ལ་ཤུན་པ་བུད་པ། ཟ་འཕྲུག་ལངས་པ་སོགས་ལ་ཕན།

 

བྱིས་པའི་བྱུག་པ།

པགས་མདོག་སྣུམ་ལ་རེག་བྱ་འཇམ་པ། ལུས་སྟོབས་རྒྱས་ཤིང་ཟུངས་ཁྲག་གསོ་བ། ཚེ་བསྲིངས་པ། རླུང་ཁྲག་འཁོར་རྒྱུག་དང་ནད་གཞི་སྔོན་འགོག་བྱེད་པའི་ནུས་པ་ལྡན་ཡོད།

 

པགས་གསོས་ཕྱེ་མ།

ལུས་ཀྱི་རྔུལ་དྲི་སྲུང་བ། བསེ་དྲི་འདོན་པ། པགས་ནད་ཟ་འཕྲུག་གི་རིགས་སེལ་བ། པགས་མདངས་དང་རེག་བྱ་འཇམ་ལ་བསིལ་བར་བྱེད་པ་དང༌། ཚད་འབུར་སོགས་ལ་ཕན།

 

བྱུག་སྣུམ་ཨ་གར་བདེ་སྟེར།

རྟག་ཏུ་བྱུག་པ་བྱས་ན་ལུས་སེམས་ཀྱི་ངལ་དུབ་སེལ་བ་དང༌། ལུས་ཀྱི་ཚིལ་འབྲི་བ། རྩ་རྒྱུས་དང་ཤ་པགས་མཉེན་པར་བྱེད་པ། ཁྲག་གི་འཁོར་རྒྱུག་བདེ་བ། ལུས་ཟུངས་རྣམས་སྨིན་ཅིང་དྲན་པ་གསལ་བར་བྱེད་པ་བཅས་ཀྱི་དགེ་ཕན་ཡོད།

 

བྱིས་པའི་བྱུག་སྣུམ།

རླུང་ཁ་གནོན་ལ་དབང་སྟོབས་སྐྱེད་ཅིང༌། ཁྲག་གི་རྒྱུ་བ་སྙོམས་པ། རྩ་དང་ཤ་སྒྲིམ་གྱི་ནུས་པ་གསོ་ཤིང་པགས་པ་འཇམ་པ། ལུས་ཟུངས་རྣམས་སྨིན་ཅིང་བློ་རིག་གསལ་བར་བྱེད་པའི་ནུས་པ་ལྡན་ཡོད།

 

སྐྲ་སྣུམ།

སྐྲ་བཟང་པོ་སྐྱེ་བ་དང༌། མདོག་ནག་ཏུ་འགྲོ་བ། སྐོགས་ཤུན་ཉུང་དུ་འགྲོ་བ། རླུང་ཁམས་མནན་པ། མིག་སོགས་དབང་པོའི་ནུས་སྟོབས་ཆེ་རུ་འགྲོ་བ་བཅས་ཀྱི་དགེ་ཕན་ཆེན་པོ་ཡོད།

 

སྐྲ་བཅུད་ལྡེ་གུ།

རྒྱུན་གཏན་སྐྲ་ནུས་ལེགས་ལ་རེག་བྱ་འཇམ་པ། སྐྲ་རྩ་བརྟན་ཅིང་སྐྱེས་བཟང་བ། དམིགས་བསལ་སེམས་ལས་ཆེ་བའམ་འཚོ་བཅུད་མི་ལྡེང་བ་སོགས་ཀྱིས་སྐྲ་བཅུད་ཉམས་པས་ སྐྲ་དཀར་དང༌། སྐོགས་ཤུན་སོགས་སྔོན་འགོག་ཐུབ་པའི་ནུས་པ་ལྡན་ཡོད།

 

བདུད་རྩི་ལྔ་ལུམས།

ལུས་སེམས་ལ་ངལ་གསོ་ཐོབ་པ་དང༌། ལུས་ཀྱི་འདུ་བ་སྙོམས་པ། ལུས་སྟོབས་འཕེལ་ཞིང་རོ་ཙ་སྐྱེད་ཅིང་། ཚེ་མདངས་རྒྱས་པ། དྲེག་གྲུམ་རྐང་འབམ་སོགས་ཀྱི་ནད་མཇུག་གིས་ཆུ་རྒྱུས་རེངས་ཤིང་འཁུམས་པ་དང༌། ལུས་སྒུར་པོར་སོང་བ། རུས་ཚིགས་སྦོས་ཤིང་སྐྲངས་པ། གྲིབ་སྐྱོན་དང་རྩ་དཀར་ནད་རིགས་ཀྱིས་ཡན་ལག་ཞ་བ། ཤ་སྐམ་ཞིང་རིད་པ། ཤ་སྒྲིམ་ཉམས་རྒུད་དུ་གྱུར་པ། ཁྲག་རྩར་ཚ་བ་བྱེར་ནས་འབུར་འཁྱོག་ཏུ་སོང་བ། རྐེད་རྩ་འཆུས་པ། ཤ་བཀྲ་སོགས་པགས་ནད་ཆུ་སེར་དང་། རྨ་རྙིང་པ། རྨ་འབྲས། དོན་སྣོད་ཀྱི་སུར་ཡ། དུག་གི་ནད་རོ། རླུང་གི་སྐྲངས་སྦོས། བུད་མེད་ཀྱི་རླུང་ཚབས། དེ་མིན་པགས་མདངས་ཉམས་པའམ་རྩུབ་པོ་ཆགས་པ་སོགས་མདོར་ན་ནད་རྙིང་བཅོས་དཀའ་བའི་ རིགས་ལ་ཕན་ནུས་མངོན་གསལ་དོད་པ་དང་ལག་ལེན་སྟབས་བདེ་བའི་ཁྱད་ཆོས་ལྡན་ཡོད།

 

ཧོར་མེའི་བཅོས་ཐབས།

རླུང་ནད་ཀྱིས་གློ་བུར་དུ་བརྒྱལ་བ་དང༌། ཡན་ལག་རེངས་པ། མགོ་ཡུ་འཁོར་བ། ཤེས་པ་འཆོལ་བ། སྙིང་ག་གཡུག་ཆེ་བ། གཉིད་ཡེར་བ། རྣ་བ་འུར་བ་སོགས་རླུང་སེམས་ནད་ཀྱི་རིགས་བཅོས་པའི་ཐབས་ཤེས་ཤིག་ཡིན།

 

གཟིམ་སྤོས།

ཐོ་རེངས་དྲི་གཞན་སྣ་ལ་མི་ཚོར་གོང༌། །སྤོས་སྦྱོར་འདི་བསྲེགས་ཕུད་ཀྱིས་དཀོན་མཆོག་དང༌། །རྩ་གསུམ་མཆོད་ཅིང་ལྷག་པར་དངོས་གྲུབ་ཐོབ། །ཉིན་རེའི་གདོན་བགེགས་གནོད་བྱེད་མཐའ་དག་དང༌། །ཁྱད་པར་འགོས་ནད་སྲུང་བ་མྱོང་ན་ཤེས།།

 

རླུང་སྤོས།

རླུང་གིས་ལུས་སྟོད་འཚངས་ཤིང་ཁ་ལྕེ་སྐམ་པ་དང༌། གློ་བུར་དྲན་མེད་དུ་འགྱེལ་ཞིང་གྲང་རྔུལ་བྱུང་བ། ཡན་ལག་རེངས་འཁུམས་བྱེད་པ། ཤ་སྦྲིད་པ། གཉིད་མེད་ཅིང་གཡལ་འདར་བྱེད་པ། ལུས་སེམས་ཀྱི་ཚོར་བ་ཉམས་པ། ངག་ལྐུགས་པ། ཡིད་མི་བདེ་བ་བཅས་ལ་བདུག་པས་ཕན་ནོ། །

 

­སྨན་བསངས།

སྨན་བསངས་འདི་ཉིད་བསྲེག་ཅིང་བདུག་པས་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང༌། ཡུལ་ལྷ་གཞི་བདག་སོགས་ཐུགས་ཉེས་ལ། གནས་ཁང་ཁོར་ཡུག་སོགས་ལ་མི་གཙང་བའི་མནོལ་གྲིབ་དང་གདོན་ནད་ཕོག་པ་སོགས་བསངས་པ་ དང༌། ཆམ་རིམས་སོགས་ནད་རིགས་ཀྱི་སྔོན་འགོག་ཀྱང་བྱེད་ཐུབ་པའི་ནུས་པ་ཡོད།









མགོ་ནད་སེལ་བའི་སྨན་ཇ།

སྤྱིར་མགོ་བོ་མི་བདེ་བ་དང་། ལྷག་པར་མགོ་བོ་འཁོར་ཞིང་ཡོམ་ཡོམ་བྱེད་པ་མགོ་གཟེར་བཅས་ལ་ཕན་ཞིང་། གཞན་ཡང་ལུས་སེམས་གྲུང་པོ་ཡོང་བའི་ཕན་ནུས་ལྡན།





གྲུམ་བུའི་བྱུག་སྣུམ།

གྲུམ་བུའི་ནད་ཀྱིས་པུས་མོ་དང་། རྐེད་པ། རྐང་ལག་སོགས་ཀྱི་ཚིགས་རྣམས་ན་བ་དང་ཆུ་རྒྱུས་རེངས་འཁུམས་བཅས་ལ་ཕན་ནུས་ལྡན་པ་ཞིག་ཡིན།





མིག་གི་ནུས་པ་གསོ་བའི་སྨན་ཇ།

རྒྱུན་དུ་མིག་མི་བདེ་བ། མིག་གི་མཐོང་ཤུགས་ཞན་པ་དང་། མིག་ལ་ན་ཟུག་གཏོང་བ་སོགས་ལ་ཕན་ཞིང་། ཉིན་ལྟར་བཞེས་ན་མིག་གི་བདུད་རྩི་ཡིན།

སྐེམ་སྨན་གཞོན་ནུ།

ལུས་ཤ་རྒྱས་པ་དང་། ཁྲག་ངན་ཆུ་སེར་གྱིས་ལུས་པོ་སྦོས་སྐྲངས་ཆགས་པ། སྒྱིད་ལུག་ཏུ་གྱུར་བ་སོགས་ལ་ཕན་པ་མ་ཟད། ད་དུང་ཁ་ཟས་འཇུ་བདེ་བ་དང་། བཤང་གཅི་དུས་སུ་འབབ་ཐུབ་པའི་ཕན་ཡོན་ལྡན།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།

ལེའུ་དགུ་པ། འོར་ནད་གསོ་བ།