སྨན་རྩིས་དྲ་བ། - མདུན་ངོས།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 11.04.2024
མདུན་ངོས། >>

 



༄༅། །འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་སྤྱི་ཁྱབ་འགན་འཛིན་ཐུབ་བསྟན་ཚེ་རིང་མཆོག་གིས་བཙན་བྱོལ་དུ་སྨན་རྩིས་ཁང་

དབུ་བརྙེས་ཏེ་ལོ་ངོ་ ༦༣ འཁོར་བའི་དུས་དྲན་སྲུང་བརྩི་མཛད་སྒོར་གནང་བའི་གསུང་བཤད།



 

༄༅། །སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ།།

ཆེས་ཆེར་གསལ་མཛད་གངས་ལྗོངས་བསྟན་འགྲོའི་མགོན།།

ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ།།

གསོལ་བ་འདེབས་སོ་ཐུགས་རྗེ་བྱིན་གྱིས་རློབས།།

འགྲོ་བ་ལྷ་དང་བཅས་པའི་སྐྱབས་མགོན་འཛམ་གླིང་ཞི་བདེའི་དེད་དཔོན་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་བཏང་བའི་ཐོག དེ་རིང་འདི་ག་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་རྒྱ་གར་དུ་སླར་གསོའམ་གསར་འཛུགས་བསྐྱངས་ནས་མི་ལོ་ ༦༣ དང་། བོད་དུ་ལྷ་ལྡན་སྨན་རྩིས་འགྲོ་ཕན་གླིང་དབུ་བརྙེས་ནས་མི་ལོ་ ༡༠༨ འཁོར་བའི་དུས་ཆེན་སྲུང་བརྩི་ཞུ་བའི་མཛད་སྒོར་ཇི་ལྟར་སྐྱབས་འཇུག་ཞུས་པ་བཞིན་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པའི་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་ཚབ་ཤེས་རིག་བཀའ་བློན་སྐུ་ངོ་ཐར་ལམ་སྒྲོལ་མ་མཆོག་དང་། དམིགས་བསལ་སྐུ་མགྲོན་དཔལ་ལྡན་སྐུ་སྒེར་དྲུང་ཆེ་སྐུ་ངོ་བློ་བཟང་སྦྱིན་པ་མཆོག སྨན་རྩིས་ཁང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཞོན་མཚུངས་མེད་འཕྲོད་བསྟེན་དྲུང་ཆེ་སྐུ་ངོ་ཟླ་བ་ཚུལ་ཁྲིམས་མཆོག  ཨ་ཡུ་ཤི་ལྷན་ཁང་ཀངྒརཱ་རྫོང་གི་ངེས་སྟོན་པ་གཞོན་པ་ལྕམ་ Dr. Rashmi Agnihotri  རཤྨི་ཨགྣིཧོཏྲཱི་མཆོག་གིས་དབུས་པའི་སྐུ་མགྲོན་རྣམ་པ་དང་། སྨན་རྩིས་ལས་བྱེད་རྣམ་པ། དེ་བཞིན་སྨན་རྩིས་སློབ་མ་བཅས་རྣམ་པ་ལྷན་རྒྱས་ཡོངས་ལ་ངོས་ནས་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་བཀྲིས་བདེ་ལེགས་དང་། སྐུ་མགྲོན་རྣམ་པར་གུས་པ་ཆེན་པོས་བྱོན་པ་ལེགས་ཞེས་དགའ་བསུའི་འཚམས་འདྲི་ཞུ།

དེ་རིང་ནི་ྋགོང་ས་ྋསྐྱབས་མགོན་ཆེན་པོས་བོད་ཆག་འཇིག་ཉག་ཕྲའི་གནས་སྐབས་སུ་བོད་བསྟན་སྲིད་འགྲོ་བ་ཙམ་དུ་མ་ཟད། འཛམ་གླིང་འགྲོ་བ་ཡོངས་ལ་ཕན་པའི་ཐུགས་བསྐྱེད་མཛད་འཕྲིན་རླབས་ཆེན་མཐའ་ཡས་པར་བསྐྱངས་པ་ནས། བོད་ཀྱི་རྩ་ཆེའི་རིག་གནས་གསོ་བ་རིག་པ་དང་སྐར་དཔྱད་རྩིས་རིག་གཉིས་ཀྱི་བསྟན་པ་མི་ཉམས་རྒྱུན་འཛིན་ཐོག་ཐུགས་བསྐྱེད་བཀའ་དྲིན་ཇི་ཙམ་བསྐྱངས་པ་དང་། སྐྱོང་བཞིན་པ་རྗེས་དྲན་ཞུ་བའི་དུས་ཤིག་ཡིན་ཅིང་། རང་ཅག་འགོ་ལས་ཡོངས་ནས་རྟག་ཏུ་མགོན་པོ་གང་གི་ཐུགས་རྗེ་བཀའ་དྲིན་དྲན་པའི་ཐོག་གང་གི་བསླབ་བྱ་བཞིན་དུ་སྤྱིར་བོད་ཀྱི་ཆོས་དང་རིག་གཞུང་། ཡང་སྒོས་སྨན་རྩིས་བསྟན་པ་གཉིས་པོ་མི་ཉམས་རྒྱུན་འཛིན་ཡོང་རྒྱུར་ཞབས་འདེགས་མུ་མཐུད་གང་ཡོང་སྒྲུབ་དགོས་པ་ཤིན་ཏུ་གལ་ཆེ། དེ་ཡང་གཙོ་ཆེར་སོ་སོར་འཁྲི་བའི་ཁུར་བབ་ལས་འགན་རྣམས་ངོ་ལྐོག་གཡོ་ཟོལ་མེད་པ་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་བསྒྲུབ་རྒྱུ་དང་། ཡ་རབས་སྤྱི་སེམས་ལྡན་པའི་ཐོག་སྨན་རྩིས་ཁང་གི་སྒྲིག་འཛུགས་སྲ་བརྟན་ཡོང་ཐབས་ལ་འབད་འབུངས་གནང་རྒྱུ་དེ་ཡིན། ལྷག་པར་སྨན་པ་དང་རྩིས་པ་རྣམས་ནས་བོད་ཀྱི་སྐད་ཡིག་མཚོན་པའི་སྨན་གཞུང་དང་རྩིས་གཞུང་ལ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་གནང་དགོས། དེ་ལྟར་བྱུང་ཚེ་རྒྱལ་བའི་བཀའ་དྲིན་ཡང་གསབ་ཐུབ་པ་དང་། བོད་བསྟན་སྲིད་མི་མང་གི་ཞབས་འདེགས་ཀྱང་དེ་ནས་བསྒྲུབ་ངེས། དེ་བཞིན་སོ་སོ་རང་ཉིད་ཀྱི་མི་ཚེ་ཡང་དོན་དང་ལྡན་པ་ཚེ་འདི་ཕྱི་གཉིས་ཡོད་ཅིག་ཏུ་གྱུར་ངེས་པ་ཡིན།

སྨན་རྩིས་ཁང་གི་ལོ་རྒྱུས་མདོར་བསྡུས་ཙམ་ཞིག་ཞུ་ན། ཕྱི་ལོ་ ༡༩༡༦ ལོར་བོད་དུ་ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་ལྷ་ལྡན་སྨན་རྩིས་འགྲོ་ཕན་གླིང་གསར་འཛུགས་བསྐྱངས་ཏེ་བླ་སྨན་བྱམས་པ་ཐུབ་དབང་སྤྱི་ཁྱབ་དབུ་འཛིན་དང་། མཁས་དབང་མཁྱེན་རབ་ནོར་བུ་སྨན་རྩིས་ཁང་གི་སྤྱི་འདོམས་སུ་བསྐོ་གཞག་བསྩལ། སྨན་རྩིས་བསྟི་གནས་དེ་ནས་བོད་མདོ་དབུས་ཁམས་གསུམ་དང་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་སྐྱ་སེར་དབྱེར་མེད་སྨན་རྩིས་པ་སྟོང་ཕྲག་བརྒལ་བ་གསོ་སྐྱོང་གནང་བ་དང་། བོད་ཡུལ་སྟོད་སྨད་བར་གསུམ་གྱི་དགོན་སྡེ་ཁག་གི་སྨན་པ་གྲྭ་ཚང་དང་། རྫོང་གཞིས་ཁག་སོགས་ཇི་སྙེད་ཅིག་ལ་སྐབས་དུས་སོ་སོར་སྨན་ཁང་ཡང་བཙུགས་པ་སོགས་ཤིན་ཏུ་དར་རྒྱས་ཆེན་པོ་བྱུང་།

དུས་འགྱུར་མི་བཟད་པ་བྱུང་རྗེས་ཕྱི་ལོ་ ༡༩༦༠ ལོར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་དུས་འཁོར་བ་བློ་གྲོས་རྒྱ་མཚོ་རྡ་སར་བཀའ་འགུགས་ཐོག་ Glenmoor Cottages གེ་ལེན་མཽར་ཀོ་ཊེཇ་ནང་དུ་སྐར་དཔྱད་རྩིས་རིག་གི་འཆད་ཉན་དང་། ཕྱི་ལོ་ ༡༩༦༡ ལོར་ྋསྐུའི་བླ་སྨན་ཡེ་ཤེས་དོན་ལྡན་མཆོག་དང་། བླ་སྨན་པ་མཚོ་སྣ་འཇམ་དབྱངས་བཀྲིས་མཆོག སྐུ་ངོ་བར་གཞིས་ཕུན་ཚོགས་དབང་རྒྱལ་མཆོག་བཅས་དྷ་སར་བཀའ་འགུགས་ཀྱིས་ Chopra House ཅོབ་རཱ་ཧའྶོ་ནང་དུ་བོད་ཀྱི་གསོ་བ་རིག་པའི་འཆད་ཉན་འགོ་འཛུགས་གནང་བ་ནས་བཟུང་སྨན་རྩིས་བསྟན་པའི་མེ་རོ་རྒྱ་གར་དུ་སླར་གསོ་མཛད་པ་དང་། བསྟན་པ་རྒྱས་པའི་རྨང་གཞི་ཡང་དེ་ནས་ཚུགས། ཕྱི་ལོ་ ༡༩༦༧ ལོར་སྨན་རྩིས་གཉིས་ཀ་ཟླ་བསྒྲིལ་བཏང་སྟེ་ Mcleod Ganj མེག་ལོཌ་གྷནཇ་ཏུ་གནས་སྤོ་བྱས་པ་དང་། སྒྲིག་འཛུགས་ཀྱི་མིང་དུ་འགྲོ་ཕན་སྨན་རྩིས་ཁང་ཞེས་གསོལ་བར་མཛད། ཕྱི་ལོ་ ༡༩༦༨ ལོར་སྐབས་དང་པོའི་སྨན་པ་སློབ་ཐོན་བྱུང་། སྐུ་སྒེར་ཡིག་ཚང་ནས་བུན་གཡར་གྱིས་གངས་སྐྱིད་ཉེ་འཁྲིས་སུ་ས་ཁྱོན་ཨེ་ཀར་ལྔ་ཙམ་སྤུས་གཟིགས་གནང་བ་དང་། ཨ་མ་རྗེ་བཙུན་པདྨ་ལགས་ཀྱི་མཐུན་འགྱུར་ཐོག་འཇར་མ་ཎིའི་རོགས་ཚོགས་ཤིག་ལ་བརྟེན་ནས་དབུས་ཀྱི་ལས་ཁུངས་ཚུགས་ཡུལ་མཁར་ཁྱིམ་དེ་ཡང་འཛུགས་སྐྲུན་གནང་། ཕྱི་ལོ་ ༡༩༧༥ ལོར་འབུམ་སྡེ་ལ་དང་། རྡོ་རྗེ་གླིང་། བལ་ཡུལ་ཀ་ཐ་མན་གྲུ་བཅས་ཀྱི་ཡན་ལག་སྨན་ཁང་གསར་འཛུགས་བྱུང་བ་དང་། ཕྱི་ལོ་ ༡༩༧༩ ལོར་རྒྱ་གར་གཞུང་གི་ཁྲིམས་སྒྲིག་འོག་ནས་སྨན་རྩིས་ཁང་གི་སྒྲིག་འཛུགས་འདི་བཞིན་ཁེ་མེད་ཤེས་ཡོན་དང་སྤྱི་ཚོགས་ཞབས་ཞུ་སྒྲུབ་མཁན་ཚོགས་པ་ཞིག་གི་ངོ་བོར་དེབ་སྐྱེལ་གནང་། ཕྱི་ལོ་ ༡༩༨༠ ནས་ལོ་ལྔའི་རིང་སྐུའི་གཅེན་པོ་བློ་བཟང་བསམ་གཏན་ལགས་ཀྱིས་དབུ་འཛིན་གནང་ཡུན་རིང་འཛིན་སྐྱོང་གི་ལས་དོན་ལ་ཡར་རྒྱས་ཤུགས་ཆེ་བྱུང་བ་དང་། བོད་ནས་སྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་གདན་ཞུ་ཐུབ་པ་དང་། བླ་སྨན་བསྟན་འཛིན་རྣམ་རྒྱལ་མཆོག་བོད་ནས་ཕེབས་ཏེ་སྨན་སྦྱོར་ཁང་གི་འགན་འཛིན་གནང་བས་སྨན་སྦྱོར་ཁང་གི་ལས་དོན་ཡར་རྒྱས་བྱུང་ཞིང་། ཕྱི་ལོ་ ༡༩༨༢ ལོར་ྋརྒྱལ་བའི་ཕོ་བྲང་དུ་ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་གིས་ཐུགས་འགན་གཙོ་བཞེས་ཐོག་རིན་ཆེན་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ཕྱག་སྲོལ་ཚུགས། དེ་ནས་རིམ་བཞིན་བླ་སྨན་བློ་བཟང་དབང་རྒྱལ་མཆོག་དང་། བླ་སྨན་ཀུན་དགའ་འགྱུར་མེད་མཆོག་བཅས་བོད་ནས་ཕེབས་འབྱོར་རྗེས་ས་འདིར་གསོ་རིག་བསྟན་པ་ཇེ་རྒྱས་སུ་ཕྱིན་པ་དང་། སློབ་དཔོན་བྲག་མཐོན་བྱམས་པ་རྒྱལ་མཚན་མཆོག་དང་། རྒྱལ་ནང་བློ་བཟང་ནོར་བུ་མཆོག ཚེ་དབང་རྣམ་རྒྱལ་མཆོག་བཅས་ཀྱིས་འབད་བརྩོན་ལ་བརྟེན་ནས་རྩིས་རིག་བསྟན་པ་ཇེ་རྒྱས་སུ་ཕྱིན། དེ་རྗེས་དྷ་ས་སྨན་རྩིས་མཐོ་སློབ་རང་ནས་ཐོན་པའི་སྨན་པ་དང་སྐར་རྩིས་པ་རྣམས་ཀྱིས་སྨན་རྩིས་བསྟན་པའི་རྒྱུན་འཛིན་གནང་སྟེ་ད་ལྟ་བར་དུ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་གནང་བཞིན་པ་འདི་ལྟར་ལགས། ཕྱི་ལོ་ ༡༩༦༡ ནས་ད་བར་དེ་རིང་སློབ་ཐོན་ལག་འཁྱེར་བཞེས་མཁན་སྨན་པ་རྣམས་ཐེ་བས་སྨན་པ་གྲངས་ ༤༡༧ དང་། སྐར་རྩིས་པ་ ༨༧ སྨན་རྩིས་མཐོ་སློབ་ནས་སློབ་ཐོན་བྱུང་ཡོད་ལ། ད་ལྟའི་ཆར་འདི་གར་ཞབས་ཞུ་སྒྲུབ་བཞིན་པའི་སྨན་པ་ ༡༤༠ དང་། སྐར་རྩིས་པ་ ༣༠ ཡོད། དེ་བཞིན་འཛིན་སྐྱོང་ལས་བྱེད་དང་ལས་མི་བསྡོམས་པའི་གྲངས་ ༤༥༡ བཅས་ཁྱོན་སྨན་རྩིས་ལས་བྱེད་ ༦༢༡ ཡོད་པ་རྣམས་ནས་སྤྱིར་བོད་ཀྱི་ཆོས་དང་རིག་གཞུང་། ཡང་སྒོས་སྨན་རྩིས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཐོག་ལ་ཞབས་འདེགས་གང་ཐུབ་བསྒྲུབས་དང་སྒྲུབ་བཞིན་ཡོད།

ལས་བསྡོམས་རྩིས་ཁྲ་བུད་ཙམ་སྙན་གསན་ཞུ་བ་ལ། བར་སྐབས་སྨན་རྩིས་ཁང་ལ་དངུལ་དམར་ཉུང་བའི་དཀའ་ངལ་འཕྲད་རྒྱུའི་གནས་སྟངས་བྱུང་བ་དང་། འདས་པའི་རྩིས་ལོ་ ༢༠༢༡་་་༢༢ དང་ ༢༠༢༠་་༢༡ གཉིས་ཀྱི་ཕྱོགས་བསྡོམས་རྩིས་ཁྲའི་ནང་བསྟུད་མར་གྱོང་གུན་ནམ་སོང་ལས་བྱུང་མང་བའི་གནས་སྟངས་བྱུང་ཡོད་པར་བརྟེན། ཛ་དྲག་གནས་སྟངས་ཤིག་ཏུ་བརྩིས་ཏེ་འགྲོ་གྲོན་བསྲི་ཚགས་དང་རོགས་རམ་ཐབས་འཚོལ་བྱས་པ་བརྒྱུད་རྩིས་ལོ་ ༢༠༢༢་་་༢༣ ནང་ཁེ་བཟང་ངམ་སོང་ལས་བྱུང་མང་བ་ཧིན་སྒོར་ས་ཡ་ ༢༠ མིན་ཙམ་ཞིག་ཐོན་པ་དང་། རྩིས་ལོ་ ༢༠༢༣་་་༢༤ གནས་སྟངས་ཀྱང་སྔ་ལོ་ལས་བཟང་བ་ཞིག་ཡོང་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད། རྩིས་ལོ་དེར་ལས་བྱེད་པའི་གསོག་དངུལ་བརྒྱ་ཆ་ལྔ་བཅུ་ཕྱིར་སློག་གམ་ལས་བྱེད་སོ་སོའི་མཚན་ཐོག་ Canara ཀེ་ན་རཱ་དངུལ་ཁང་ནང་དུ་ཟུར་འཇོག་ཐུབ་པ་བྱུང་ཡོད་ཅིང་། སྤྱི་ཡོངས་གནས་སྟངས་ལ་འགྱུར་བ་མ་ཕྱིན་པར་ད་ལྟའི་འགྲོ་སྟངས་བཞིན་མུ་མཐུད་ཕྱིན་ཚེ་ལོ་གཉིས་ནང་དུ་གསོག་དངུལ་ལྷག་མ་ཧིན་སྒོར་ས་ཡ་ ༡༤༠ མིན་ཙམ་ཏེ་འབུམ་ ༡༣༨༠ ཙམ་ཡོད་པ་དེའང་ཕྱིར་སློག་ཐུབ་པའི་རེ་བ་བྱེད་བཞིན་ཡོད། ནད་པའི་ཞབས་ཞུར་མཚོན་ན། དབུས་དང་ཡན་ལག་སྨན་ཁང་ཁག་ ༦༣ གྱིས་ལོ་འདིར་ནད་པ་ ༦༨༢,༡༦༧ ལ་བརྟག་དཔྱད་ཞབས་ཞུ་བསྒྲུབས་ཡོད་པ་དང་། རྒྱ་བལ་གཉིས་སུ་སྨན་སྦྱིན་བསྡོམས་ཧིན་སྒོར་ས་ཡ་ ༤༠ མིན་ཙམ་བཏང་ཐུབ་པ་བྱུང་ཡོད། ཚེ་རྩིས་རྒྱས་འབྲིང་བསྡུས་གསུམ་འདོན་འབུལ་བྱས་པ་ ༧༨༨ དང་། བག་རྩིས་དང་གཤིན་རྩིས་སོགས་  ༣༥༣། ངག་ཐོག་རྩིས་འབྲས་ཞུས་པ་ ༣༣༣ བཅས་བྱུང་ཡོད། དེས་ན་ད་ལྟའི་ཆར་ཕྱི་ནང་གང་ཅིར་བཟང་ཕྱོགས་ཀྱི་འགྱུར་བ་ཕྲན་བུ་ཞིག་འབྱུང་བཞིན་པའང་ལས་བྱེད་ཆེ་འབྲིང་ཆུང་གསུམ་ཚང་མས་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་དང་། ལས་དོན་ཐོག་ལྷག་བསམ་ཕྱར་བ་གྲུ་འདེགས་གནང་བའི་སྟོབས་ལས་བྱུང་བ་ཞིག་ཡིན་སྟབས། ལས་བྱེད་ཡོངས་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། སླད་མའི་ཆར་ཡང་མཉམ་རུབ་གང་ཡོང་གནང་རོགས་ཞུ་རྒྱུ་ཡིན།

རྩིས་ལོ་དེའི་ནང་དུ་དཔལ་འབྱོར་ཐོག་ནས་རོགས་རམ་རྒྱབ་སྐྱོར་གནང་མཁན་ཨ་རི་བོད་ཀྱི་ཐེབས་རྩ་དང་། ཀྷེཐ་ལིན་དང་ཇོ་ནཱ་ཐཱན་དགེ་རྩ་ཚོགས་པ། ཨི་ཊཱ་ལི་ནང་པའི་མཐུན་ཚོགས། ཨ་རི་ཊེག་སཱས་ཡོད་པའི་ཝེ་ཏི་ནཱམ་ནང་པའི་ཚོགས་པ། ཐེ་ཝན་སློབ་མ་ Chung Lin Huang གཙོས་པའི་ཚོགས་སྒེར་ཡོངས་ལ་གོ་སྐབས་འདིའི་བརྒྱུད་ངོས་ནས་སྨན་རྩིས་ཁང་ལས་བྱེད་དང་སློབ་ཕྲུག་ཡོངས་ཀྱི་ཚབ་ཞུས་ཏེ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན། ལྷག་དོན་ཀེ་ན་རཱ་དངུལ་ཁང་དང་། སྤྱི་འཐུས་དགེ་བཤེས་ཐུབ་བསྟན་དབང་ཆེན་ལགས་གཉིས་ནས་ལས་ཁུངས་ཨ་མའི་ཆེད་དུ་སྐམ་གློག་རོགས་རམ་གནང་བ་དང་། དྷ་རམ་ས་ལ་རྫོང་ཡར་རྒྱས་ལས་ཁུངས་ནས་གླིང་ནང་གི་འགྲོ་ལམ་ལ་རིན་མེད་ཐོག་རྡོ་གཅལ་བཏིང་གནང་བ་ལའང་དམིགས་བསལ་བཀའ་དྲིན་རྗེས་དྲན་ཞུ་བ་དང་སྦྲགས། དེ་རིང་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པའི་ཕྱག་འཁྱེར་བཞེས་མཁན་སྨན་རྩིས་པ་སྐུ་བགྲེས་རྣམ་པ་དང་། སྨན་པ་དཀའ་བཅུ་པའི་ཕྱག་འཁྱེར་བཞེས་མཁན་སྐབས་ཉེར་གཅིག་པའི་སྨན་སློབ། རྩིས་པ་དཀའ་བཅུ་པའི་ཕྱག་འཁྱེར་བཞེས་མཁན་སྐབས་བཅུ་གཅིག་པའི་སྐར་རྩིས་པ། རྒྱུད་གསུམ་རྒྱུགས་ཞུ་མཁན་སྨན་སློབ། དེ་བཞིན་ཞབས་ལོ་ཉི་ཤུ་དང་སུམ་ཅུའི་གཟེངས་རྟགས་བཞེས་མཁན་ལས་བྱེད་དང་། ཞབས་ལོ་བཞི་བཅུ་ལོན་པའི་དམིགས་བསལ་གཟེངས་བསྟོད་ཕྱག་རྟགས་བཞེས་མཁན་སྨན་པ་ཡེ་ཤེས་མཁའ་འགྲོ་ལགས་བཅས་རྣམ་པ་ལྷན་རྒྱས་ཡོངས་ལ་ལེགས་སོའི་བསྔགས་བརྗོད་དང་འཚམས་འདྲི་བཀྲིས་བདེ་ལེགས་གྲངས་མེད་ཞུ།

            མཐའ་དོན་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། བོད་ཀྱི་བདེན་མཐའ་མྱུར་དུ་གསལ་ནས་གཞིས་བྱེས་མཉམ་འཛོམས་ཀྱི་ཉི་མ་མགྱོགས་ནས་མྱུར་དུ་ཤར་བའི་ཕྱོགས་བཅུ་རྒྱལ་བ་རྒྱ་མཚོར་གསོལ་འདེབས་དང་བཅས། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་སྤྱི་ཁྱབ་འགན་འཛིན་ནས་བོད་རྒྱལ་ལོ་ ༢༡༥༡ ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༦ ལ།། །།   

 

On behalf of staff and student of Men-Tsee-Khang, I would like to express my heartfelt gratitude to Ms. Rashmi Agnihotri, for accepting our invitation and gracing this function. We are also very grateful to other Indian dignitaries for sparing your precious time and gathering here with us. Thank you very much!





མཐའ་མའི་འདོན་ཐེངས་།: 12.04.2024 ཉིན། 10:17 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།