སྨན་རྩིས་དྲ་བ། - ཆེད་རྩོམ།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.04.2024
ཆེད་རྩོམ། >>


བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།


ཡེ་ཤེས་རྒྱལ་མཚན།

 

དང་པོ། བོད་དུ་སྨན་དཔྱད་ཀྱི་སྲོལ་ཐོག་མར་དར་བ་དང་འཕེལ་རྒྱས་བྱུང་ཚུལ།

གནའ་རབས་ཀྱི་དུས་སུ་བོད་ན་ནད་གསོ་བར་བྱེད་པའི་དཔྱད་མེད་པ་ལ། ལྷ་ཐོ་ཐོ་རི་སྙན་ཤལ་གྱི་རིང་ན་ལུགས་ལ་ཟས་ཀྱིས་ཕན་གནོད་དང་། རྨ་གསར་ལ་མར་ཁུ་བཞུས་པ་བཏང་སྟེ་རྩ་ཁ་སྡོམ་ཤེས་པ་ཙམ་བྱུང་ནས་སྨན་དཔྱད་ཀྱི་དབུ་བརྙེས། ལྷག་དོན་ཆོས་རྒྱས་མེས་དབོན་རྣམ་གསུམ་གྱི་སྐུ་རིང་ལ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་བོད་དུ་བྱོན་པས་དེ་དང་ཆབས་ཅིག་བོད་ཀྱི་སྨན་དཔྱད་ཀྱང་དར་འཕེལ་ཆེན་པོ་བྱུང་སྟེ་བོད་སྨན་མཁས་པ་མང་དུ་བྱུང་བ་མ་ཟད་བསྟན་བཅོས་ཀྱང་དུ་མང་མཛད་མོད། འོན་ཀྱང་ཐམས་ཅད་འབྲི་བར་མི་སྤོབས་པས། གཙོ་ཆེ་བ་འགའ་ཞིག་བགྲང་ན་འདི་ལྟ་སྟེ།

གནའ་རབས་ཀྱི་བོད་སྨན་མཁས་པ་སྟོད་ན་བི་ཇི་ཆེར་རྡེ་འུག་པ་གསུམ་དང་། བར་ན་གཡུ་ཐོག་བྲང་ཏེ་མི་ཉག་གསུམ། སྨད་ན་སོག་པོ་གཉའ་དང་མཐའ་བཞི་གསུམ་སྟེ་མི་དགུར་གྲགས་པ་རྣམས་ཀྱིས་བསྟན་བཅོས་མཛད་ཚུལ་ལས། བི་ཇི་བས་རྒྱལ་པོའི་བླ་ཡིག་མཛད་པ་འདི་ལ་མདོར་རྒྱས་གསུམ་དུ་ཡོད་པ་གོང་རྒྱལ་པོའི་བླ་ཡིག་གཏེར་གྱི་ཁ་བྱང་ཡིན། པོ་ཏི་ཁ་སེར་གཏེར་གྱི་ཡང་བྱང་ཡིན། གཅེས་གསང་སྒྲོན་མ་གཏེར་གྱི་སྙིང་ཐིག་ཡིན། ཞེས་དང་། གཞན་ཡང་འོད་བྷར་མདོ་བརྒྱད་ཤུག་བདུན་སྒྲོན་མ་རྣམས་མཛད་དོ།།

ཆེར་རྗེ་ཞེས་པས་ཡན་ལག་བརྒྱད་པའི་ཊིཀ་མུ་ཏིག་འཕྲེང་བ་དང་། ལྡེའུ་མིག་དོན་ཁྲིགས་སྒྲོལ་མ། ཁོག་འབུགས་རྒྱལ་མཚན་རྩེ་འབར། མན་ངག་བདུད་རྩེའི་ཐིགས་པ་རྣམས་མཛད་པའི་ཐིགས་པ་འདི་ལ་གློ་བུར་རྐྱེན་བྱུང་ནད་སེལ་རྨ་ཡི་སྐོར་དང་། ལྷན་སྐྱེས་ཁམས་ཀྱི་ཆ་སྙོམས་འདུ་བའི་སྐོར། སྤྱི་འགྲོ་གེགས་སེལ་ཐོར་དཔྱད་གནད་ཀྱི་སྐོར་ཏེ་སྐོར་གསུམ་དུ་ཤེས་པར་བྱའོ།།

འུག་པས་ཡན་ལག་ཁོག་པ་སྒྲོན་བཞིའི་བསྡུས་དོན་དང་། འདུ་བ་སྤྱི་བཅོས་ལ་སོགས་མཛད་དོ། །གཡུ་ཐོག་པས་བུ་སློབ་སྟོང་ཕྲག་བརྒལ་བ་གསོ་སྐྱོང་མཛད་པ་མ་ཟད་ཕྱི་རབས་ཀྱི་དོན་དུ་ལག་ལེན་གསལ་སྒྲོན་དང་། ཉམས་ཡིག་མཐོང་བ་དོན་ལྡན། འཁྲིད་ཡིག་བརྒྱ་དང་རྩ་གཅིག རོ་བཀྲ་དང་། བྱང་ཁོག་གསང་དབྱེ། ཐུར་དཔྱད། མེ་བརྩའ། གཏར་ཁ་སོགས་ཀྱི་སྨན་གཞུང་དུ་མ་མཛད། ལྷག་པར་དུ་བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱིས་བོད་སྨན་མཁས་པས་བརྩམས་པའི་རྒྱུད་བཞི་བསླབས། ཞེས་དང་ རྩིས་གཞུང་ཉེར་མཁོ་བུམ་བཟང་ལས། གཞན་ཡང་མཁས་གྲུབ་གཡུ་ཐོག་པས། འཕགས་ཡུལ་རྒྱལ་ནག་ཆུ་བཞིན་ཉུལ། །ཀུན་གྱི་བཅུད་བསྡུས་རྒྱུད་བཞི་བརྩམས། འདི་ལ་རྒོལ་དུ་གཞན་ཅི་ནུས། །ཞེས་གསུངས་པ་ལྟར། རང་ཅག་བོད་ཀྱི་མི་རབས་སྔ་མས་གསར་བསྐྲུན་གནང་བའི་སྨན་གཞུང་གི་རྨང་གཞིའི་ཐོག་རྒྱ་གར་དང་། བལ་ཡུལ། ཁ་ཆེ། ཁྲོམ་སོགས་ཀྱི་གསོ་རིག་གི་ཕུན་སུམ་ཚོགས་པའི་ཉིང་ཁུ་དང་། ལྷག་པར་མེས་རྒྱལ་ཀྲུང་ལུགས་གསོ་རིག་སྨན་དཔྱད་ཀྱི་ངོ་མཚར་ཆེ་བའི་ཁྱད་ཆོས་རྣམས་བསྡུ་ལེན་གྱིས་རྒྱུད་བཞི་ཆ་ལམ་ཙམ་ཞིག་མཛད་པར་གྲགས་སོ།།

བྲང་ཏི་ནི་མེས་ཨག་ཚོམ་གྱི་དུས་སུ་བྱུང་སྟེ་བརྒྱུད་ནས་བརྒྱུད་ཀྱི་བླ་སྨན་དུ་དབང་བསྐུར་ཞེས་ཟེར་བ་དེས་བྱང་ཁོག་དོན་ཐིག་དང་། ཚིག་དོན་བརྒྱ་པ། ཁྱད་པར་དཔྱད་བཅུ་གཉིས། དམར་སྒྲོམ་ཆེན་མོ་ལ་སོགས་པ་མཛད།

མི་ཉག་པ་ནི་དམར་དཔྱད་ལ་ཤིན་ཏུ་མཁས་པ་ཞིག་ཡིན་ཏེ་དེས་དུམ་ཚན་ནག་པོ་རྨའི་སྐོར་གསུམ་དང་། དམྱལ་བ་ཁྲག་འཛགས་ལ་སོགས་པ་མཛད།

སྨད་ཀྱི་མཁས་པ་གསུམ་སྟེ། ཁྲོམ་གྱི་སྨན་པ་ཙན་པ་ཤི་ལ་ཧའི་སྲས་ཆུང་བ་ལ་སོག་པོར་གྲགས་པ་དེ་དང་། གཉའ་དང་མཐའ་བཞི་གཉིས་དེའི་སློབ་མ་ཡིན་པར་བཤད་པ་འདི་གསུམ་དམར་སྦྱངས་ལ་མཁས་ཤིང་ཡན་ལག་རྣམ་གསུམ། འདུ་བ་རྣམ་གསུམ་དང་། ཐོར་དཔྱད་མུ་ཏིག་འཕྲེང་བ། མཐའ་བཞིའི་ཁུ་བ་བཞི་ལྡན། གཉའ་ཡི་མགོ་རོ་ཁྲག་གཅོད་སོགས་བསྟན་བཅོས་དུ་མ་མཛད་ཡོད།

 

གཉིས་པ། རྒྱ་གར་སྐད་ནས་བསྒྱུར་བའི་གསོ་རིག་སྐོར།

ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་རྒྱ་གར་ནས་པཎྜི་ཏ་མང་པོ་སྤྱན་དྲངས། ཐོན་མི་སམ་བྷོ་ཌས་འདུལ་བ་སྨན་བཞི་དང་། མདོ་གསེར་འོད་དམ་པ། རྒྱུད་སྡེ་སྤྱིའི་ལས་ཚོགས་ལ་སོགས་པ་གསོ་དཔྱད་ཀྱི་བཀའ་དང་བསྟན་བཅོས་མང་དུ་བསྒྱུར་ཏེ་སྲོལ་གཏོད། དེ་རྗེས་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་གྱིས་སྐུ་རིང་ལ་ཕན་སྨན་གྱི་མདོ་ལེའུ་བཅུ་བ་དང་། སྨན་པ་ལ་རབ་ཏུ་གཅེས་པ་ལེའུ་བཅུ་པའི་མདོ།་ཪིན་ཆེན་འཕྲེང་བ་ལེའུ་ལྔ་བཅུ་པ། སྤྱན་རས་གཟིཊ་ཀྱིས་མཛད་པའི་བྱང་ཁོག་རོ་བཀྲ་འཕྲུལ་གྱི་མེ་ལོང་ལེའུ་ཉེར་དྲུག་པ། ཕྱག་ན་རྡོ་རྗེས་མཛད་བའི་མགོ་བོ་རྩོད་བཟློག རྗེ་བཙུན་སྒྲོལ་མས་མཛད་པའི་སྔོ་སྦྱོར་རིན་པོ་ཆེའི་འཁྲུངས་དཔེ། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་རླུང་མཁྲིས་བད་ཀན་གསུམ་དང་ཟས་ཀྱིས་འཚོ་བའི་མདོ་ཚིགས་སུ་བཅད་པ་དང་། རྩ་ཨ་མའི་ཆོ་ག སྔོ་སྦྱོར་བདུད་རྩི་གསང་བ། སྨན་རིན་པོ་ཆེའི་རིམ་པ། དངུལ་ཆུའི་སྦྱོར་བ་རིན་ཆེན་འཕྲེང་བ། ལྷོག་སྤུན་བཞི། གཉན་ནད་སོགས་ཀྱི་བཅོས་བསྒྱུར་བ་མང་ངོ་།།

ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་ཨོ་རྒྱན་གྱི་མཁན་པོ་པདྨ་སམ་བྷ་ལྦ་དང་ཟ་ཧོར་གྱི་མཁན་པོ་ཤནྟ་ཏཀྟི་ལ་སོགས་པ་སྤྱན་དྲངས་ནས་སྐ་ཅོག་གཉིས་དང་། ཞང་ཡེ་ཤེས་སྡེ། གླང་དཔལ་གྱི་སེང་གེ་རྣམས་ཀྱིས་ལོ་ཙཱ་བྱས་ཏེ་ཐུབ་པས་གསུངས་པའི་རྒྱུད་སྡེ་སྒྲོམ་དམར་པོ་དང་། སྨན་བླས་གསུངས་པའི་ཤོ་ལོ་ཀ་སྡེ་བཞི། བདུད་རྩིའི་ལྷུང་བཟེད་ཆེ་ཆུང་། བདུད་རྩི་དུམ་སྙིང་། སྤྱན་རས་གཟིགས་ཀྱིས་གསུངས་པའི་སྤུངས་པ་སྡེ་ལྔ། དྲང་སྲོང་གིས་མཛད་པའི་ཙ་ར་ཀའི་འགྲེལ་པ། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་རྩ་མདོ་ལ་སོགས་པ་བསྒྱུར། དེ་ནས་གདུང་རབས་གསུམ་པ་རྒྱལ་པོ་ཁྲི་རལ་པ་ཅན་གྱི་སྐུ་རིང་ལ་རྒྱ་གར་གྱི་དྲང་སྲོང་ཉི་མའི་བུས་མཛད་པའི་གཅེས་པར་གྲུབ་པ་ལེའུ་སུམ་ཅུ་སོ་གཅིག་པ་ཇི་ན་མི་ཏྲ་ལ་སོགས་པས་བསྒྱུར། སྙི་བོར་ལོ་རྩཱ་བ་དབྱིག་གི་རིན་ཆེན་དང་། མར་ལོ་རིག་པའི་གཞོན་ནུ། དབྱིག་གུ་དགེ་སློང་ཤཱཀྱ་བློ་གྲོས་རྣམས་ཀྱིས་སྙིང་པོ་བསྡུས་པ་དང་།་དཔའ་བོའི་རང་འགྲེལ་དུ་གྲགས་པ་རྣམས་བསྒྱུར་ནས་གསོ་དཔྱད་དར་ཞིང་རྒྱས་པར་བྱས་པ་དེ་རྣམས་ནི་སྔ་བསྒྱུར་དུ་གྲགས་སོ།།

ཕྱི་དར་ནི་གུ་གེའི་རྩད་པོ་ལྷ་བླ་མ་བྱང་ཆུབ་འོད་ཀྱི་སྐུ་རིང་ལ་པནྜི་ཏ་ཛྙ་ན་ངྷ་ར་སྤྱན་དྲངས་ནས་ལོ་ཙཱ་བ་རིན་ཆེན་བཟང་པོས་ཡན་ལག་བརྒྱད་པའི་རྩ་བ་དང་། འགྲེལ་པ་ཟླ་ཟེར། ཊིག་མུ་ཏིག་འཕྲེང་བ། ལྡེའུ་མིག་དོན་ཁྲིགས་སྒྲོལ་མ་ལ་སོགས་པ་འཛམ་གླིང་རྒྱན་གྱི་གཙུག་ལག་ཁང་དུ་བསྒྱུར། སྒྲོལ་མས་མཛད་པའི་མཁྲིས་རིམས་དུག་ཐབས་ཞི་བར་བྱེད་པ་དང་། ཤ་སྦྱོར་བདུད་རྩིའི་དར་ཡ་ཀན་གཉིས་ཇོ་བོ་རྗེ་དང་། ནག་ཚོ་ལོ་ཙཱ་བ་གཉིས་ཀྱིས་བསྒྱུར་རོ།།

མངག་བདག་རྩེ་ལྡེའི་རིང་ལ་ཨོ་རྒྱན་གྱི་སྨན་པ་ཕྱག་དུམ་དུ་གྲགས་པ་བོད་དུ་བྱོན་ནས་ཀླུ་གྲུབ་ཀྱིས་མཛད་པའི་མདོ་ལྡ་དང་། འཁྲུལ་སོ་སྤྲིན་བྲལ་ཟླ་ཟེར། བདུད་རྩི་ཀུ་མུ་ཏ། སྤྱི་དོན་བཞི་པ་ལེའུ་ལྔ་བཅུ་པ། ཉི་མ་ཡབ་སྲས་ཀྱིས་མཛད་པ་གསོ་བ་སྟོང་དགུ་བཅུ་རྩ་གཅིག མགོ་བོ་དང་ཚད་པའི་སྐོར་བུ་ལ་གདམས་སུ་གྲགས་པ་རྣམས་རང་འགྱུར་དུ་མཛད་ཅིང་། ཉིད་ཀྱི་ཕྱི་དྲངས་ཀྱི་སྡེ་སྐོར་དང་། ནང་དོན་གྱི་སྡེ་སྐོར། གསང་བ་ལག་ལེན་གྱི་སྡེ་སྐོར་རྣམས་རྩ་འགྲེལ་ཆ་ལགས་དང་བཅས་པ་མཛད། ལྷ་བཙུན་སྔོན་མོའི་རིང་ལ་བྷེ་ནག་པས་ཚད་པའི་བཅོས་ཐབས་དང་། མེ་ཆུ་གོ་སྡོག་བསྒྱུར། ཨ་ཙ་ར་དམར་ཞབས་ཀྱིས་མཛེ་ནད་གསོ་བའི་དོན་སྐོར་ལྔ་པ་དང་འགྱུར་དུ་མཛད། ཀླུ་སྒྲུབ་ཀྱིས་མཛད་པའི་སྦྱོར་བ་བརྒྱ་་པ་དང་། ཁ་ཆེ་ཟླ་དགས་མཛད་པའི་སྨན་གྱི་མངོན་བརྗོད་སྒྲ་སྦྱོར་ངེས་པ་གཉིས་ཐར་པ་ལོ་ཙཱ་བ་ཉི་མ་རྒྱལ་མཚན་གྱིས་བསྒྱུར་བ་དེ་རྣམས་ཕྱི་བསྒྱུར་དུ་ཤེས་པར་བྱའོ།།

 

གསུམ་པ། རྒྱ་ནག་སྐད་ནས་བསྒྱུར་བའི་གསོ་རིག་སྐོར།

སྤྱི་ལོའི་དུས་རབས་བདུན་པའི་སྐབས་གནམ་རི་སྲོང་བཙན་དུས་སུ་རྒྱ་ནག་རྩིས་དང་སྨན་གྱི་སྐོར་འགའ་ཞིག་བླངས་པའི་སྐོར་ལོ་རྒྱུས་འགར་གསལ་རུང་དར་རྒྱས་ཆེར་མ་བྱུང་། དེ་ནས་བོད་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོར་རྒྱ་བཟའ་འུན་ཤིན་ཀོང་ཇོ་བོད་ལ་ཕེབས་དུས་མེས་རྒྱལ་ཀྲུང་ལུགས་གསོ་རིག་དང་། སྨན་རིག་གི་དཔེ་དེབ་མང་པོ་ཞིག་བསྣམས་ཕེབས་པའི་ནང་ནས་རྒྱ་ནག་གི་པཎྚི་ཏ་ཧ་ཤང་མཧྭ་དེ་ལྦ་དང་། བོད་ཀྱི་ལོ་ཙཱ་བ་མཁས་ཅན་པཎྚི་ཏ་ངྷརྨ་ཀོ་ཥ་གཉིས་ཀྱིས་ཀྲུང་ལུགས་ཀྱི་སྨན་གཞུང་སྨན་དཔྱད་ཆེན་མོ་ཞེས་པ་བོད་ཡིག་ཏུ་བསྒྱུར་ཅིང་། རྒྱ་ནག་གི་ཀྲང་ལུགས་སྨན་པ་ཧན་ལྦན་ཧང་གིས་བརྩམས་པའི་རྒྱ་དཔྱད་ཆེན་མོ་ཞེས་པ་བོད་ཡིག་ཏུ་བསྒྱུར་ཅིང་། རྒྱ་ནག་གི་ཀྲུང་ལུགས་ཀྱི་སྨན་གཞུང་སྨན་དཔྱད་ཆེན་མོ་ཞེས་པ་བོད་ཡིག་ཏུ་བསྒྱུར་ཅིང་། རྒྱ་ནག་གི་ཀྲུང་ལུགས་སྨན་པ་ཧན་ལྦན་ཧང་གིས་བརྩམས་པའི་རྒྱ་དཔྱད་ཐོར་བུ་ཆེ་ཆུང་སོགས་ཐོན་མི་དང་གླང་གོ་ཆས་བསྒྱུར་བ་མ་ཟད་རྒྱ་གར་དང་། ཏ་ཟིག་གཉིས་ཀྱི་སྨན་པ་དང་མཉམ་བཀའ་བགྲོས་ཏེ་མི་འཇིགས་པའི་མཚོན་ཆ་ཞེས་པ་བམ་པོ་བདུན་ཡོད་པ་ཞིག་ཀྱང་བརྩམས་ནས་སྲོང་བཙན་ལ་ཕུལ་བས་རྒྱལ་པོ་ཤིན་ཏུ་མཉེས་ཏེ་བླ་གཙིགས་བཅུ་གཉིས་ཞེས་པའི་ཆེ་བསྟོད་དང་། འཚོ་བྱེད་སྨན་པ་ཞེས་པའི་མཚན་སྙན་ཁྱབ་མཛད། གོང་གསལ་སྨན་དཔྱད་ཆེན་མོ་དང་མི་པའི་མཚོན་ཆ་ཞེས་པ་དེ་གཉིས་དུས་ཕྱིས་མཐོང་རྒྱུ་མེད་རུང་། དེ་དག་གི་ཉིང་ཁུ་རྣམས་རང་རེའི་ད་ཡོད་གསོ་རིག་རྒྱུད་བཞིའི་ནང་ཚུད་ཡོད་པའི་པའི་སྐོར་སློབ་དཔོན་བཀའ་དྲིན་མཚུངས་མེད་རྩིས་མཁས་དབང་མཁྱེན་རབ་ནོར་བུ་མཆོག་གིས་སློབ་ཁྲིད་གནང་སྐབས་ཞལ་ནས་དངོས་སུ་ཐོས་མྱོང་བས་དེ་དག་ལ་སོམ་ཉི་མ་དགོས་པ་རྒྱུད་བཞིའི་ནང་དོན་གྱིས་ཀྱང་ར་སྤྲོད་གསལ་པོར་བྱེད་ཆོག།

དེ་ནས་དུས་རབས་བརྒྱད་པའི་ནང་བོད་རྒྱལ་ཁྲི་ལྡེ་གཙུག་བརྟན་གྱི་དུས་སུ་བོད་ཀྱི་གསོ་རིག་དར་རྒྱས་ཡོང་ཆེད་རྒྱ་ནག་སོགས་ནས་ཕྱོགས་རིགས་ཀྱི་སྨན་པ་མཁས་ཅན་དགུ་བོད་ལ་གདན་དྲངས་ཏེ་ཡུལ་ལུང་སོ་སོའི་སྨན་དཔྱད་ལག་རྩལ་བརྒྱུད་སྤེལ་སྔར་ན་མ་གྲགས་པ་ཞིག་མཛད་པ་དང་། ལྷག་པར་དུ་སྤྱི་ལོ་ ༧༡༠ ལོ་ཁྲང་རྔན་ནས་གོང་མ་ཐང་ཀྲུང་ཛུང་གི་སྲས་མོ་གྱིམ་ཤིང་ཀོང་ཇོ་ཞེས་པ་སྲས་འཇང་ཚ་ལྷ་དབོན་གྱི་བཙུན་མོར་བསྲུས་སྟབས་ཡང་བསྐྱར་སྨན་རྩིས་ཀྱི་རིག་གཞུང་དར་ཁྱབ་ཆེན་པོ་བྱུང་བའི་ནང་ནས་ཧ་ཤང་མ་ཧཱ་ཀྱིན་ད་དང་། རྒྱ་ཕྲུག་གར་མཁན་སོགས་ཀྱིས་ཟླ་བའི་རྒྱལ་པོའམ་སོ་མ་རཱ་ཛ་ལེའུ་བརྒྱ་དང་བཅོ་ལྔ་པ་ཞིག་གིས་གཙོ་བྱས་མང་དུ་བསྒྱུར་བ་དང་། དེ་དུས་དར་བའི་སྨན་དཔྱད་ཟླ་བའི་རྒྱལ་པོ་ཞེས་ད་ཡོད་ལེའུ་བརྒྱ་དང་བཅུ་གསུམ་གྱི་བདག་ཉིད་ཅན་འདི་རྒྱ་ནག་གི་པཎྚི་ཏ་ཧ་ཤང་མ་ཧཱ་ཡ་ན་དང་། བོད་ཀྱི་ལོ་ཆེན་བེེ་རོ་ཙ་ན་གཉིས་ཀྱིས་བསྒྱུར་བའི་སྨན་གཞུང་འདི་ཉིད་ཤིང་པར་དུ་བརྐོས་ཏེ་ད་ལྟའི་བར་དུའང་རྒྱུན་འཛིན་བྱས་ཡོད་པས་སྨན་གཞུང་དེའི་ནང་རིགས་པའི་གཞུང་ལུགས་དང་། སྐྱེས་དངོས། སྲོག་ཆགས། གཏེར་ཁ་བཅས་ཀྱི་སྨན་རིགས་སྣ་ཚོགས་དང་། ད་དུང་ནད་རིགས་སྣ་ཚོགས་བཅོས་པའི་སྨན་སྦྱོར་ཁྱད་དུ་འཕགས་པ་མང་དག་ཅིག་བཅས་ཡོད་པ་ནི་ལོ་རྒྱུས་ཐོག་ཉར་ཚགས་བྱས་པའི་གསོ་རིག་གི་སྨན་གཞུང་སྔ་ཤོས་ཀྱི་གྲས་ཤིག་ཡིན། དེ་བཞིན་རྒྱ་ནག་ཏོང་གིས་མཛད་པ་རིན་པོ་ཆེའི་དབྱིག་བདུན་ཅུ་པ་སོགས་སྨན་དཔྱད་དུ་མ་བསྒྱུར་པའང་བཤད་དོ།།

 

བཞི་པ། དུས་རབས་བརྒྱད་པ་ནས་བཅུ་དྲུག་བར་གྱི་བོད་ལུགས་གསོ་རིག་མཁས་པས་མཛད་པའི་སྨན་གཞུང་སྐོར།

གོང་གསལ་དུས་རབས་ནང་སྔ་ཕྱིར་བྱོན་པའི་བོད་ལུགས་གསོ་རིག་མཁས་པ་རྣམས་ཀྱིས་མཛད་པའི་སྨན་དཔྱད་ཀྱི་གཞུང་ལུགས་གཙོ་ཆེ་བའི་གྲས་སུ་དུས་རབས་བརྒྱད་པ་ནས་དགུ་པའི་བར་ཁྲི་སྲོང་གི་བླ་སྨན་བདུན་གྱིས་གཞུང་ལུགས་གཙོ་ཆེ་བའི་གྲས་སུ་དུས་རབས་བརྒྱད་པ་ནས་དགུ་པའི་བར་ཁྲི་སྲོང་གིས་བླ་སྨན་བདུན་གྱིས་མཛད་པའི་གསོ་དཔྱད་སྔོ་སྣ་ཚོགས་ཀྱི་འཁྲངས་དཔེ་བསྟན་པ་དང་། ལོ་ཆེན་བེེ་རོ་ཙ་ནས་གསོ་དཔྱད་སྔོའི་མན་ངག་སྔོ་འབུམ་སོགས་མཛད་པར་གྲགས།

དུས་རབས་བཅུ་པའི་ནང་ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོས་གསོ་རིག་གཞུང་ལུགས་སྨན་དཔྱད་ཡན་ལག་བརྒྱད་པ་སོགས་སྨན་གཞུང་མང་པོ་བསྒྱུར་བ་དང་། སློབ་མ་མཁས་པ་མི་དགུ་སོགས་བྱུང་སྟེ་བོད་ཀྱི་གསོ་རིག་སླར་ཡང་གོང་འཕེལ་གསར་པ་ཞིག་བྱུང་ཡོད།

དུས་རབས་བཅུ་གཅིག་པའི་ནང་མཉམ་མེད་དྭགས་པོ་ལྷ་རྗེས་གཞུང་འགྲེལ་དང་། མན་ངག་ལག་ལེན་སྐོར་སོགས་ཁ་འཐོར་སྣ་ཚོགས་ཡོད་པའི་སྨན་གྱི་བསྟན་བཅོས་རྣམས་དང་། རོག་སྟོན་དཀོན་མཆོག་སྐྱབས་ཀྱིས་ཚིག་དོན་གསལ་བྱེད་འབུམ་ཏྲིག་སོགས་མཛད་པར་གསུངས།

དུས་རབས་བཅུ་གཉིས་པའི་ནང་གཡུ་ཐོག་གསར་་མ་ཡོན་ཏན་མགོན་པོས་རྩ་དཔྱད་རིག་པ་རང་གསལ་སྡེ་ཚན་ལྔ་པ་དང་། ལག་ལེན་པོད་ཆུང་། རྒྱུད་ཆུང་བདུད་རྩི་སྙིང་པོ། ཤོག་དྲིལ་སྐོར་གསུམ། ལྡེ་མིག་སྐོར་དྲུག བུ་སྟོན་མ་སོགས་མཛད་ཅིང་། ལྷག་པར་དུ་དཔལ་ལྡན་རྒྱུད་བཞི་འདི་ཉིད་གསོ་དཔྱད་ཀུན་གྱི་ཡང་རྩེར་གཟིགས་ནས་ཕྱི་རབས་ཀྱི་དོན་དུ་བཀའ་རྒྱ་བཀྲོལ་ཏེ་ཡུལ་དུས་གནས་སྐབས་དང་བསྟུན་པའི་བསྣན་ཁའང་རྩ་རྒྱུད་ཀྱི་ལེའུའི་གྲངས་དང་། བཤད་རྒྱུད་དུ་ཇ་དང་། ཟས་སྨན་ལེའུ་སོགས་སུ་འཐོར་བུའི་བསྣན་ཁ་དང་བཅོས། ཕྱི་རྒྱུད་དུ་སྨན་དཔྱད་ཟླ་བའི་རྒྱལ་པོའི་དགོངསདོན་རྩ་ཆུའི་བརྟག་ཐབས་དང་། མ་བུ་དགྲ་གྲོགས། ཇ་དཀར་ཡོལ་ལ་སོགས་པ་ཁ་སྣོན་དང་། དེ་བཞིན་མན་རྒྱུད་དུའང་དོན་གོང་མཚུངས་ཀྱི་བསྣན་ཁ་དང་ཞུས་ལེགས་པར་མཛད་ཅིང་དེའང་བུའི་དོན་དུ་གསེར་མཆན་དང་། སློབ་མའི་དོན་དུ་ཟོང་མཆན་ཞེས་པའི་མང་ཉུང་གཉིས་བཀོད་པར་མཛད། རྒྱུད་ཀྱི་གཞུང་འགྲེལ་མན་ངག་ཁ་སྐོང་དང་བཅས་པའི་གོ་ཆོད་དུ་ཆ་ལག་བཅོ་བརྒྱད་ལེགས་པར་བསྒྲིགས། སུམ་སྟོན་ཡེ་ཤེས་གཟུངས་ཀྱིས་གཡུ་ཐོག་པའི་རྣམ་ཐར་བཀའ་རྒྱ་མའམ་སྐུ་ལྔ་ལྷུན་གྲུབ་མ་དང་། གསང་བའི་རྣམ་ཐར། བཤད་རྒྱུད་གྱི་འབྲེལ་པ་འབུམ་ཆུང་གསལ་སྒྲོན། རྐང་འབམ་གསོ་བ་སྙན་བརྒྱུད་ཟིན་བྲིས་ལ་སོགས་པ་མཛད་པ་དང་། གཙོ་བོ་དཔལ་ལྡན་རྒྱུད་བཞི་འདི་ཉིད་ཀྱི་འཕྲིན་ལས་རྒྱ་ཆེར་བསྐྱངས།

དུས་རབས་བཅུ་གསུམ་པའི་ནང་གནས་ལྔ་རིག་པའི་དབང་ཕྱུག་ཀརྨ་པ་རང་བྱུང་རྡོ་རྗེས་སྨན་གྱི་རྣམ་གྲངས་བརྒྱད་བརྒྱ་སུམ་ཅུ་ལྷག་ཙམ་གྱི་ནུས་པ་ཞིབ་ཕྲ་བཀོད་པའི་སྔོ་འབུམ་རྒྱས་ཤོས་སྨན་མིང་རྒྱ་མཚོ་ཞེས་པ་མཛད་པར་ཕྱིས་ཀྱི་སྨན་པ་མཁས་པ་མང་པོས་ཀྱང་འདི་ཉིད་ཤིན་ཏུ་ཁུངས་དག་པར་གཟིཊ་ཏེ་སྔོ་འབུམ་རྗེས་མ་མང་པོའི་གཞི་བཟུང་ས་ཞིག་ཏུ་གྱུར་ནས་ལུང་འདྲེན་མཛད་ཡོད།

དུས་རབས་བཅུ་བཞི་པའི་ཡས་མས་སུ་བྲང་ཏི་དཔལ་ལྡན་འཚོ་བྱེད་ཀྱིས་འབུགས་ཤེས་བྱ་རབ་གསལ་དང་། རྩ་རྒྱུད་ཀྱི་འགྲེལ་པ་རྒྱུད་དོན་རབ་གསལ། ཕྱི་རྒྱུད་ཀྱི་འགྲེལ་པ་ཚུལ་གསུམ་སྣང་བ། རྩ་མདོའི་འགྲེལ་པ་ཉི་མའི་འོད་ཟེར། བརྒྱད་པའི་ཁོག་འབུགས་དྲང་སྲོང་གི་རྟོགས་བརྗོད། མ་ལ་ཡའི་དཀའ་འགྲེལ། ཕྱི་རྒྱུད་སྨན་སྦྱོར་དཔེ་རིས། རྩའི་ལྷ་མོའི་སྒྲུབས་ཐབས། ཆུ་མདོའི་འགྲེལ་པ་ཚིག་དོན་གསལ་བྱེད་ཡིད་བཞིན་ནོར་བུ། ཐང་ཕྱེའི་འགྲེལ་པ། བྱང་ཁོག་གི་ཐིགས་འགྲིམས་གསལ་སྒྲོན། མདོ་གནས་ལེའུ་སུམ་ཅུ་པའི་འགྲེལ་པ་སོགས་བསྟན་བཅོས་ཆེ་ཆུང་བཅོ་བརྒྱད་ཙམ་མཛད་དེ་བསྟན་པ་དང་འགྲོ་བའི་དོན་བསམ་གྱིས་མི་ཁྱབ་པ་མཛད། བྲང་ཏི་དཔལ་ལྡན་རྒྱལ་མཚན་སོགས་ཀྱིས་གསེར་བྲེ་དང་དངུལ་བྲེ་སོགས་བྲང་ཏིའི་ཁྱད་ཆོས་རྣམས་མཛང་པར་གྲགས་སོ།།

དུས་རབས་བཅོ་ལྔ་པའི་སྐབས་བོད་ཀྱི་གསོ་རིག་གཞུང་ལཊ་དང་སྨན་བཅོས་ལག་ལེན་སྐོར་ལ་འཕེལ་རྒྱས་གསར་པ་བྱུང་སྟེ། བྱང་ཟུར་ཞེས་པའི་ལུགས་གཉིས་སུ་གྱེས་པའི་བཤད་སྲོལ་དར་བའི་བྱང་པ་ནི་མི་ཡི་དང་ཇ་པོ་རྣམ་རྒྱལ་གྲགས་བཟང་གིས་གཙོས་པའི་བྱམས་པ་དཀོན་མཆོག་རིན་ཆེན་ནམ་མིའི་ཉི་མ་མཐོང་བ་དོན་ལྡན་སོགས་གསོ་རིག་མཁས་པ་བར་མ་ཆད་པ་བྱུང་བ་རྣམས་ཀྱིས་དཔལ་ལྡན་རྒྱུད་བཞི་རྨང་གཞིིར་བཟུང་ནས་བོད་ཀྱི་སྟོད་བྱང་ཕྱོགས་ཀྱི་ས་བབ་དང་། གནམ་གཤིས། འཚོ་བའི་གོམས་སྲོལ་སོགས་ཀྱི་ཁྱད་ཆོས་དང་བསྟུན་ཏེ་ཐུན་མོང་མ་ཡིན་པའི་སྨན་བཅོས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་དང་དར་སྤེལ་མཛད་པ་རྣམས་ལ་ཟེར་ཞིང་།

 དེའང་རྣམ་རྒྱལ་གྲགས་བཟང་མཆོག་གིས་ཡན་ལག་བརྒྱད་པ་ཐམས་ཅད་ཀྱི་སྙིང་བོ་བསྡུས་པ་ཡིད་བཞིན་རིན་པོ་ཆེ་ཞེས་བྱ་བའི་བསྟན་བཅོས་ལེའུ་བརྒྱ་དང་ཉི་ཤུ་ཡོད་པ་ཞིག་དང་། རྩ་བའི་རྒྱུད་ཀྱི་བཤད་པ་རྒྱུད་དོན་གསལ་བྱེད་སྒྲོལ་མ། བཤད་རྒྱུད་ཀྱི་རྒྱ་ཆེར་འགྲེལ་བ་བདུད་རྩིའི་ཆུ་རྒྱུན། ཊིག་ཆུང་དོན་གསལ། ཕྱི་མ་རྒྱུད་ཀྱི་དཀའ་འགྲེལ་དགོས་འདོད་འབྱུང་བ། ཡོངས་གཏད་ཀྱི་འགྲེལ་པ་ཚིག་དོན་རྣམ་པར་གསལ་བ། སྨན་གཞུང་རིན་ཆེན་སྒྲོལ་བུ། རྒྱུད་བཞིའི་དཀའ་འཕྲང་མུན་སེལ། གསོ་ཐབས་སུམ་བརྒྱ་དྲུག་ཅུའི་ངོས་འཛིན། རྩ་བཤད་གསལ་བའི་སྒྲོན་མེ། སྲོག་གཅོད་ནད་དགུའི་དབྱེ་བ། འཚོ་བྱེད་རྣམས་ལ་སྙིང་ནས་བརྩེ་བའི་འཕྲུལ་གྱི་ཡིག་ཆུང་སོཊ་འཆད་རྩོད་རྩོམ་གསུམ་རྒྱ་ཚེར་གནང་བའི་སྒོ་ནས་གསོ་བ་རིག་པའི་སྲོག་མཐུད་པ་ལྟ་བུར་གྱུར། རྗེ་དེའི་གསོ་རིག་གི་ཐུགས་སྲས་དམ་པ་མིའི་ཉི་མ་མཐོང་བ་དོན་ལྡན་ཞེས་པས་གངས་ཅན་གྱི་ལྗོངས་སུ་དར་བའི་གསོ་དཔྱད་ཕལ་ཆེ་བར་ཐོས་བསམ་གནང་སྟེ་མཁས་པར་གྱུར་ནས་གསོ་དཔྱད་ཀྱི་རྒྱལ་པོ་ཞེས་བསྟན་བཅོས་དང་། དཔལ་ལྡན་རྒྱུད་བཞིར་འགྲེལ་པ་བཀོད་པ་རྣམ་བཞི། རྒྱུད་བཞི་རྣམ་ངེས་སམ་སྒྲུབ། མ་ལ་ཡའི་དཀའ་འགྲེལ་འདོད་འཇོ་ཆེ་ཆུང་། ཁྱད་པར་སྤྱི་སྨན། ངོ་མཚར་སྤྱི་སྨན། རིམས་བཅོས་མི་ལ་སྲོག་སྟེར། བཤད་རྒྱུད་ལེའུ་བཞི་པའི་འགྲེལ་པ་གནས་ལུགས་རབ་གསལ། རྩ་མདོའི་འགྲེལ་པ་སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་། གཅེས་བསྡུས་རིན་ཆེན་འཕྲེང་བ་སོགས་བརྩམས་ཏེ་བྱང་པ་རྣམ་རྒྱལ་གྲགས་བཟང་གི་བཞེས་སྲོལ་དར་རྒྱས་སུ་མཛད། དེའི་སྲས་ལྷ་བཙུན་བཀྲ་ཤིས་དཔལ་བཟང་གིས་བཤད་རྒྱུད་ཀྱི་འགྲེལ་པ་ལེགས་བཤད་ནོར་བུ་དང་། ཕྱི་རྒྱུད་ཀྱི་འགྲེལ་པ་དགོས་འདོད་འབྱུང་བ་རིན་པོ་ཆེའི་བང་མཛོད་དམ་བཀླགས་པ་ཀུན་ཤེས། ཁོག་འབུགས་འཛུམ་དཀར་བཞད་པའི་ཉི་མ། རྒྱུད་བཞིའི་རྣམ་ངེས་དཔག་བསམ་ལྗོན་ཤིང་ལ་སོགས་པ་མཛད། དེས་སྐུ་ཚེའི་སྟོད་དུ་བསྐྲུན་པའི་སྲས་དྲང་སྲོང་བསོད་ནམས་ཡེ་ཤེས་རྒྱལ་མཚན་པས་གསོ་རིག་ཁོག་འབུགས་པད་དཀར་རྒྱས་པའི་ཉིན་བྱེད་དང་། བཤད་རྒྱུད་ཀྱི་འགྲེལ་པ་འགྲེལ་ཆེན་དྲི་མེད་ཀུན་གསལ་སོགས་མཛད། གཞན་ཡང་ལྷུན་སྡིངས་པ་ལེགས་གྲུབ་དབལ་བ་དང་། བདུད་རྩི་འགྱུར་མེད་སོགས་བྱང་ལུགས་མཁས་པ་རིམ་བྱོན་གྱིས་སྔོ་འབུམ་སྨན་གྱི་གཏེར་མཛོད་སོགས་གསོ་བ་རིག་པའི་གཞུང་ལཊ་མང་དག་ཅིག་མཛད་ཡོད་པའང་ཤེས་པར་བྱ་དགོས་སོ།།

ཟུར་ལུགས་ཞེས་པ་ནི་བོད་ཀྱི་དྭགས་ཀོང་སོགས་ལྷོ་རོང་ཁུལ་གྱི་ས་བབ་དམའ་བ་དང་། གནམ་གཤིས་དྲོ་བ། རླན་གཤེར་ཆེ་བ་སོགས་ཡུལ་དུས་ཀྱི་ཁྱད་པར་དང་། འཚོ་བའི་སྤྱོད་སྟངས་མི་འདྲ་བར་གཞིགས་པའི་ཚད་རིམས་དང་། འབམ་གྲུམ་སོགས་ཀྱི་ནད་ལ་གཞན་དང་མི་འདྲ་བའི་སྨན་བཅོས་བྱ་ཐབས་བྱུང་བའི་ཉམས་མྱོང་རྣམས་ཕྱོགས་བསྡོམས་ཀྱིས་རྒྱུད་བཞི་རྨང་གཞིར་བཞག་ཐོག་ཁུལ་དེའི་མང་ཚོགས་ཚོར་ནད་གཞི་འགོག་བཅོས་ཀྱི་དངོས་དོན་དང་འཚམས་པར་བོད་ཀྱི་གསོ་རིག་གཞུང་ལུགས་དང་། སྨན་བཅོས་ལག་རྩལ་འཕེལ་རྒྱས་སུ་བཏང་ཡོད་པ་ལ་ཟུར་ལུཊ་ཞེས་གྲཊ། དེའང་ཟུར་ལུགས་སྨྲ་བའི་དབང་པོ་རྗེ་མཉམ་ཉིད་རྡོ་རྗེས་ཐོག་མར་འབྱུང་བ་ལུས་འཁྲུཊ་ཀྱི་གེགས་སེལ་ལ་ཚིག་བཅད་ལྷུག་ཅི་རིགས་སུ་བྱས་པའི་པོ་ཏི་རིང་བསྲེལ་ཙམ་གྱི་ནང་ནས་མན་ངག་བྱེ་བ་འབྱུང་བས་བྱེ་བ་རིང་བསྲེལ་དུ་གྲཊ་པར་ཁྱོན་དཔེ་ཚན་བཞི་བརྒྱ་དང་བཅུ་དྲུག་ཡོད་པ་ཞིག་དང་། དཔལ་ལྡན་རྒྱུད་བཞིའི་འགྲེལ་ཆེན་པོད་ཤེལ་ཕྲ་མོ། སྤྱི་དོན་ནམ་རྒྱུད་ཀྱི་དཀའ་གནད་རྣམས་ལ་དྲི་ཚིག་དངུལ་དཀར་མེ་ལོང་། ལེགས་བཤད་ཉི་ཟེར། ཕྱོགས་ཀྱི་སྨན་པ་རྣམས་ལ་སྤྲེངས་ཡིག། རང་གཞན་ལ་ཕན་པའི་བསླབ་བྱ་སོགས་བརྩམས་ཤིང་། མདོར་ན་ཨེ་ཉང་ཀོང་གསུམ་དང་། གཉལ་ལོང་བྱར་གསུམ་དང་བཅས་པའི་སྨན་པ་ཐམས་ཅད་བསྡུས་ཏེ་སྨན་གྱི་ཤེས་བྱ་རོ་ནུས་ཞུ་རྗེས་དང་། ངོ་བོ་ངེས་ཚིག་བྱེད་ལས་སོགས་ངོས་འཛིན་དང་། ཁྲིད་སྦྱོང་གཏན་འཁེལ་མཛད་པ་སོགས་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བོད་ཀྱི་གསོ་རིག་དང་སྨན་རིག་གོང་འཕེལ་འགྲོ་རྒྱུར་ཐུགས་ནུས་ཡོད་རྒུ་བཏོན་པར་མཛད། ཁོང་གི་སློབ་མ་གཙོ་བོའི་གྲས་སུ་སྐྱེམ་པ་ཚེ་འབུམ་རྡོ་རྗེའི་སློབ་མ་སྐྱེས་པ་ཚེ་དབང་གིས་རྩ་རྒྱུད་ལ་འགྲེལ་པ་སྙིང་པོ་སྣང་བ་དང་། བཤད་རྒྱུད་ལ་འགྲེལ་པ་ཚིག་དོན་ཉི་མ། མན་རྒྱུད་ལ་འགྲེལ་པ་བདེ་བའི་འདོད་འཇོ། ཕྱི་རྒྱུད་ལ་འགྲེལ་པ་ལག་ལེན་གསལ་བྱེད་སོགས་རྩོམ་གནང་མཛད་ཡོད།

དུས་རབས་བཅུ་དྲུག་པའི་ནང་ཟུར་མཁར་གོང་མའི་རིགས་སུ་འཁྲུངས་པ་ཟུར་མཁར་གློ་གྲོས་རྒྱལ་པོའམ་ལེགས་བཤད་འཚོལ་དུ་གྲགས་པ་དེས་བྱེ་བ་རིང་བསྲེལ་གྱི་དཀར་ཆག་མཁས་པའི་ཡིག་འཕྲོག་དང་། དྲང་སྲོང་མཉམ་ཉིད་རྡོ་རྗེའི་རྣམ་ཐར་འགོག་པ་མེད་པ་ཡི་གེའི་གཏམ་ཆེན་པོ།་རྣམ་ཐར་གསོལ་འདེབས་དད་པའི་རོལ་མཚོ་གསར་པ། སྨན་གྱི་རོ་ནུས་ཞུ་རྗེས་ཀྱི་རེའུ་མིག་ག་བུར་དང་ གུར་གུམ། ཙན་དན་སོགས་ཀྱི་སྐྱོན་སེལ་འགའ་ཞིག་དང་། མ་ནུའི་དྲིས་ལན། ཆུ་སྐོལ་རྣམ་བཤད་ལ་སོགས་པའི་བསྟན་བཅོས་ཆེ་ཆུང་མང་པོ་མཛད། སྐུ་ཚེའི་སྨད་ཙམ་ལ་གཡུ་ཐོག་གསར་མས་ཁ་སྐོང་བསྐྱོན་པའི་རྒྱུད་བཞི་ཕྱག་དྲེག་མ་དེ་བཙལ་རྙེད་བྱུང་ཞིང་། །ས་སྤྱོད་དབང་རྒྱལ་གྲགས་པས་མཐུན་རྐྱེན་སྦྱར་ཏེ་ལོ་བཞིའི་ནང་རྩ་བཤད་མེས་པོའི་ཞལ་ལུང་དང་། ཕྱི་རྒྱུད་རྩ་ཆུའི་མེས་པོའི་ཞལ་ལུང་གཉིས་གསར་རྩོམ་མཛད། དེ་ནས་ལྷོ་ཁ་གྲྭ་ཐང་ལ་ཕེབས་ཏེ་ཡར་རྒྱབ་པས་སྦྱིན་བདག་མཛད་ནས་བོད་ཀྱི་ལོ་རྒྱས་ཐོག་རྒྱུད་བཞི་ཤིང་པར་དུ་བཀོད་པ་ཐེངས་དང་པོ་ཡིན་པའི་གྲྭ་ཐང་རྒྱུད་བཞི་ཞེས་པ་སྐད་གྲགས་ཅན་དེ་པར་དུ་བསྐྲུན་པས་བོད་ཀྱི་ས་གནས་མང་པོར་རྒྱུད་བཞི་འཆད་ཉན་དར་སྤེལ་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེ་བྱུང་། དེ་རྗེས་རྒྱུད་བཞི་བཀའ་དང་བསྟན་བཅོས་རྣམ་པར་དབྱེ་བ་མུན་སེལ་སྒྲོལ་མེ་དང་། ཕྱི་ནང་གསང་གསུམ་གྱི་རྣམ་གཞག་ཤེས་བྱ་སྤྱིའི་ཁོག་འབུགས་དྲང་སྲོང་ཀུན་ཏུ་དགའ་བའི་ཟློས་གར་གཏན་པ་མེད་པའི་མཆོད་སྦྱིན་གྱི་སྒོ་འཕར་ཡངས་པོར་ཕྱེ་བ་མཛད་འཕྲོར་ལུས་པ་སོགས་གཞུང་ལུགས་མང་དུ་མཛད། གཞན་ཡང་ཟུར་ལུགས་པ་མང་ཐོས་ཟླ་བའི་དབང་པོ་དང་། སེམས་དཔའ་ཆེན་པོ་བློ་བཟང་རྒྱ་མཚོ། དྲང་སྲོང་བསྟན་འཛིན་རྒྱལ་པོ། རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་སོགས་ཟུར་ལུགས་རྒྱུན་འཛིན་མཁས་མཆོག་རིམ་བྱོན་རྣམས་ཀྱིས་གཞུང་བཤད་ལག་ལེན་མན་ངག་ཕུན་སུམ་ཚོཊ་པའི་སྨན་གཞུང་ཇི་སྙེད་ཅིག་རྩོམ་གནང་གིས་བོད་ཀྱི་གསོ་རིག་སླར་ཡང་དར་རྒྱས་སུ་མཛད་པ་ནི་མཁས་མཆོག་དེ་རྣམས་ཀྱི་བཀའ་དྲིན་ཁོ་ན་ལས་མ་འདས་སོ།།

 

ལྔ་པ། ཉེ་རབས་བོད་ལུགས་གསོ་རིགས་མཁས་པས་མཛད་པའི་བསྟན་བཅོས་སྐོར།

དེའང་ཉེ་རབས་བོད་ལུགས་གསོ་རིག་མཁས་པས་མཛད་པའི་བསྟན་བཅོས་གཙོ་ཆེ་བ་རྣམས་ཀྱི་གྲས་སུ་སྤྱི་ལོའི་དུས་རབས་བཅུ་བདུན་པའི་ནང་རྒྱལ་དབང་ལྔ་པ་ཆེན་པོས་བོད་ཀྱི་གསོ་རིག་དང་སྨན་རིག་བྱ་གཞག་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་རྒྱུའི་ཐུགས་བསྐྱེད་བཟང་པོའི་ཉེར་ལེན་ལས།

ཐོག་མར་གྲྭ་ཐང་རྒྱུད་བཞི་འདི་ཉིད་སོར་བཞག་གིས་པར་གཞི་ཆེས་བགྲེས་ཟོམ་དུ་གྱུར་པ་རྣམས་གསར་བརྐོས་དང་འགྲེལ་མཛད་བྱང་བཀའ་རྩོམ་བཟང་པོས་བརྒྱན་པ་བརྩལ་བ་དང་། དེ་དང་ཆབས་ཅིག་དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཀྱིས་འཚོལ་བསྡུ་གནང་བ་དང་ལྔ་པ་ཆེན་པོའི་བཀའི་གནང་བ་ཐོབ་པ་ལྟར་གཡུ་ཐོག་གསར་རྙིང་གི་རྣམ་ཐར་དང་། ཆ་ལག་བཅོ་བརྒྱད་སོགས་ཀྱི་འཕྲུལ་པར་གསར་བརྐོས་མཛད། གཞན་ཡང་དར་མོ་སྨན་རམས་པ་རང་གིས་མན་རྒྱད་ཀྱི་འགྲེལ་པ་མེས་པོའི་ཞལ་ལུང་ལེགས་བཤད་གསེར་རྒྱན་དང་། རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་རྣམ་གཉིས་ཀྱིས་ཕྱི་རྒྱུད་རྩ་ཆུ་མན་གྱི་འགྲེལ་པ་མེས་པོའི་ཞལ་ལུང་དཀའ་གནད་རྡོ་རྗེ་མདུད་འགྲོལ་ཞེས་པ་མཛད། དེ་བཞིན་མན་ངག་རྒྱུད་ཀྱི་འབྲུ་འགྲེལ་དཀའ་འཕྲང་མུན་སེལ་སྒྲོན་མེད་དང་། བཤད་རྒྱུད་ཀྱི་འགྲེལ་ཆེན་རྣམ་བཀྲ་གླེགས་བམ་གསེར་མཆན་གན་མཛོད། བཤད་རྒྱུད་ཀྱི་སྡོང་འགྲེམས་ལེགས་བཤད་གསེར་གྱི་ཐུར་མ། ལེགས་བཤད་བེེཊཱུརྱ་དཀར་པོའི་འཕྲེང་བ། བཅུད་ལེན་འཆི་གསོས། བདུད་རྩིའི་ཉིང་ཁུ་འདོད་ལྡན་དགའ་བསྐྱེད་མཐོང་བ་འཛུམ་ཤོར་ནོར་བུའི་བང་མཛོད། ཁོང་རང་ཉིད་ཀྱི་མྱོང་གོམས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་མན་ངག་བཀའ་རྒྱ་མ་སོགས་གསོ་རིགས་ཀྱི་བསྟན་བཅོས་མང་དག་ཅིག་མཛད་ནས་བོད་ཀྱི་གསོ་རིག་དང་སྨན་རིག་གོང་འཕེལ་འགྲོ་རྒྱུར་མི་ནུབ་པའི་མཛད་རྗེས་ཆེན་པོ་འཇོག་གནང་མཛད་ཡོད། དེ་རྗེས་གནས་ལྔ་རིག་པའི་པཎྜི་ཏ་ཆེན་མོ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བོད་ཀྱི་གསོ་རིག་འཆད་རིག་འཆད་ཉན་དར་སྤེལ་ཡོང་བ་དང་། ལུས་ཅན་མཐའ་དག་ལ་ཕན་བདེའི་འབྲས་བུ་ཡུན་ནས་ཡུན་དུ་ལོངས་སུ་སྤྱོད་ཕྱིར་རྒྱུད་བཞི་ལ་སྔོན་མེད་ཀྱི་འབྲུ་འགྲེལ་བེེཌཱུརྱ་སྔོན་པོ་པོད་བཞི་དང་འབྲེལ་དེའི་ནང་དོན་རྣམས་མཁས་པ་ནས་སྤྱིར་བཏང་བར་མི་ཚང་མས་བདེ་བླག་ཏུ་རྟོགས་པའི་མཚོན་ཁྲ་ཅན་གྱི་སྨན་ཐང་བྲིས་ཆ་བདུན་ཅུ་དོན་དགུ་ཕྱོགས་བསྒྲིགས་མཛད་པ་དང་། མན་ངག་རྒྱུད་ཁ་སྐོང་དང་འཕེལ་རྒྱས་སུ་མཛད་དེ་མན་ངག་ལྷན་ཐབས་དུས་མིན་འཆི་ཞགས་གཅོད་པའི་རལ་གྲི་དང་། དཔལ་ལྡན་གསོ་བ་རིག་པའི་ཁོག་འབུགས་ལེགས་བཤད་བེེཌཱུརྱའི་མེ་ལོང་དྲང་སྲོང་དགྱེས་པའི་དགའ་སྟོན་ལ་སོགས་པའི་བསྟན་བཅོས་མང་པོ་གསར་རྩོམ་གྱིས་བྱས་རྗེས་རླབས་པོ་ཆེ་འཇོག་གནང་མཛད། དེ་བཞིན་འབྲི་གུང་ཆོས་གྲགས་ཀྱི་སློབ་མ་དཀོན་མཆོག་འགྲོ་ཕན་དབང་པོ་དང་། དེའི་སློབ་མ་དཔོན་ཚང་ཡེ་ཤེས་སོགས་ཀྱིས་ཀྱང་གཅེས་བསྡུས་ཕན་བདེའི་སྙིང་པོ་དང་། །གཅེས་བསྡུས་ཕན་བདེའི་ཆར་རྒྱུན། གཅེ་བསྡུས་ཕན་བསྡུས་ཕན་བདེའི་འབུམ་ཕྲག་སོགས་སྨན་རྫས་རིག་པའི་གཞུང་ལུགས་མང་པོ་མཛད་པར་གྲགས་སོ།།

དུས་རབས་བཅོ་བརྒྱད་པའི་ཡས་མས་ལ་མཁས་མཆོག་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་རྒྱ་བོད་གཉིས་ཀྱི་རྩ་བལྟ་གནས་དང་། འབྲུམ་བཅོས་སོགས་གསོ་དཔྱད་གསར་འགྱུར་སྣ་ཚོགས་ཕན་བདེའི་འབྱུང་གནས་དང་། མིག་འབྱེད་ལག་ལེན། དངུལ་ཆུ་བཙོ་བཀྲུའི་ཟིན་བྲིས་ལེ་ཚན་དུ་མ་ཡོད་པའི་གསོ་དཔྱད་གསར་འགྱུར་རིགས་མང་པོ་མཛད་ཅིང་། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་སྐད་གྲགས་ཡོད་པའི་སྨན་རྫས་རིག་པའི་བསྟན་བཅོས་ཚད་ལྡན་འདུས་ནད་འཇོམས་པའི་གཉེན་པོ་རྩའི་སྨན་གྱི་ནུས་པ་རྐྱང་བཤད་གསལ་བར་སྟོན་པའི་དྲི་མེད་ཤེལ་གོང་དང་། བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་སོགས་རྒྱས་པར་བཤད་དྲི་མེད་ཤེལ་ཕྲེང་ཞེས་པ་རྩ་འགྲེལ་གཉིས་དང་། སྨན་གྱི་ལས་སྣོན་བྱ་ཐབས་ཀྱི་ལག་ལེན་རྣམས་གཅེས་པར་བསྡུས་པ་སྨན་ཀུན་བཅུད་དུ་བསྒྲུབ་པའི་ལས་ཀྱི་ཆོ་ག་ཀུན་གསལ་སྣང་མཛོད། རོ་སྡེབ་སྦྱོར་བ་ཕན་ཡོན་སྦྲགས་མང་ཚིགས་སུ་བཅད་པ་དོན་ཚང་ཚིག་བསྡུས། གཏར་ཀའི་གདམས་པ་ཉེས་འཁྲུགས་རྙོག་དྲུང་འབྱིན་བྱེད་ཀེ་ཏ་ཀ་ མེ་བཙའ་གདམས་པ་ཤེལ་དཀར་མེ་ལོང་། སྣ་ཚོགས་ཉེར་ལྔ་བརྒྱ་རྩ་འཆི་མེད་བདུད་རྩིའི་འཕྲེང་བ་ཞེས་བྱ་བ་མཁས་མང་ཡོངས་ཀྱི་མགུལ་རྒྱན། གསོ་རིག་ཆོས་འབྱུང་རྣམ་ཐར་རྒྱ་མཚོའི་རྦ་རླབས་དྲང་སྲོང་དགྱེས་པའི་འཛུམ་འཕྲེང་སོགས་མཛད་དེ་བོད་ཀྱི་གསོ་བ་རིག་པ་ཁ་སྐོང་དང་འཕེལ་རྒྱས་གཏོང་རྒྱུར་མཛད་རྗེས་ཆེན་པོ་འཇོག་གནང་མཛད་ཡོད། དབན་ཀརྨ་ངེས་ལེགས་བསྟན་འཛིན་གྱིས་མན་ངག་ཐམས་ཅད་ཀྱི་གླེགས་བམ་གཅིག་པུ་སྨན་བསྡུས་ཨེ་དང་ལྦཾ་ཞེས་པའི་པོད་ཆེན་གཉིས་མཛད། ཀརྨ་ངེས་དོན་འཕྲིན་ལས་རབ་རྒྱས་ཀྱིས་སྨན་གྱི་གཅེས་བསྡུར་འཆི་མད་ནོར་བུའི་འཕྲེང་བ་དང་། དེའི་བུ་ཡིག་མན་ངག་སྙིང་གི་ནོར་བུ་གཉིས་མཛད། སྨིན་གྲོལ་ནོར་མི་ཧན་འཇམ་དཔལ་ཆོས་ཀྱི་བསྟན་འཛིན་འཔྲིན་ལས་རབ་རྒྱས་ཀྱིས་སྨན་གྱི་གཅེས་བསྡུས་ལཆི་མེད་ནོར་བུ་འཕྲེང་བ་དང་། དེའི་བུ་ཡིག་མན་ངག་སྙིང་གི་ནོར་བུ་གཉིས་མཛད། སྨིན་གྲོལ་ནོ་མི་ཧན་འཇམ་དཔལ་ཆོས་ཀྱི་བསྟན་འཛིན་འཕྲིན་ལས་ཀྱིས་གསོ་རིག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པ་མན་ངག་རིན་ཆེན་འབྱུང་གནས་དང་། ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས་ཀྱིས་གསོ་དཔྱད་བདུད་རྩིའི་འཁྲུལ་མེད་ངོས་འཛིན། བཟོ་རིག་མེད་ལོང་དུ་རྣམ་པར་ཤར་བ་མཛེས་མཚར་མིག་རྒྱན། སོག་པོའི་སྨན་པ་ལུང་རིགས་བསྟན་དར་གྱས་རྒྱུད་བཞིའི་བརྡ་དོན་གོ་དཀའ་བ་འགའ་ཞིག་དཀྲོལ་བ་རྣམ་རྒྱལ་ཨ་རུ་རའི་འཕྲེང་བའི་མཛེས་རྒྱན་དང་། མན་རྒྱད་ལྷན་ཐབས་ཀྱི་དཀའ་གནད་བཀྲོལ་བ་རྣམ་རྒྱལ་གསེར་མདོག་འཕྲེང་བ་སོགས་ཁམས་ཕྱོགས་དང་།་མདོ་སྨད་ལྷོ་བྱང་ས་ཁུལ་ལ་མཁས་པ་སོ་སོའི་བཞེད་པ་མི་འདaེ་བའི་གསོ་རིག་དང་སྨན་རིག་གི་བསྟན་བཅོས་ཇི་སྙེད་ཅིག་གསར་རྩོམ་མཛད་ཡོད།

དུས་རབས་ཉི་ཤུ་པའི་ནང་སྨན་རྩིས་གཉིས་ཀྱིས་གཙོས་བཅུ་ཕྲག་རིག་པའི་གནས་ལ་མཛད་རྗེས་གཟེངས་སུ་ཐོན་པའི་སྨན་རྩིས་ཁང་གི་དབུ་འཛིན་མཁས་དབང་མཁྱེན་རབ་ནོར་བུ་མཆོག་གིས་སྔ་ཕྱིར་སྨན་གཞུང་ཕྱོགས་སྒྲིག་དང་། གསར་རྩོམ་གནང་བ་རྒྱུད་ཀྱི་ས་བཅད་སྟག་མོའི་རྔམས་ཐབས་དང་། རྩ་རྒྱུད་སྡོད་འགྲེམས་གསོ་རིག་རྒྱ་མཚོའི་སྙིང་པོ། བཤད་རྒྱུད་སྡོང་འགྲེམས་ཟླ་ཤེལ་ནོར་བུའི་མེ་ལོང་། ཉམས་ཡིག་བསྡུས་འབྲིང་དང་མན་ངག་ལྷན་ཐབས་ནས་བཤད་པའི་ནད་མིང་ཚིགས་སུ་བཅད་པ་རིན་ཆེན་འཕྲེང་བ། ཕྱི་མ་རྒྱུད་ཀྱི་སྤྱི་དོན་སྡོམ་ཚིག་གཞུང་དོན་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ ཕྱི་རྒྱུད་རྩ་ཆུའི་ལྷན་ཐབས། གཏར་རྩའི་སྡོམ་ཚིག་གཞོན་ནུའི་ངག་རྒྱན། བྱིས་པ་བཙའ་ཐབས་ཀུན་ཕན་ཟླ་བའི་མེ་ལོང་། བྱིས་པའི་ནད་རིགས་བཅོལ་པའི་ཉམས་ཡིག  ཕྲོག་སྨན་འཁྲུངས་དཔེ་ཡིད་བཞིན་འདོད་འཇོའི་བུམ་བཟང་།བདུསད་རྩི་སྔོའི་འཁྲུངས་དཔེ་རྒྱས་པ་འཚོ་བྱེད་གཞོན་ནུའི་སྙིང་ནོར། སྔོ་སྨན་འཁྲུམས་དཔེ་བསྡུས་པ་ངོ་མཚར་གསེར་གྱི་སྙི་མ། སྨན་སྦྱོར་ནུས་པ་ཕྱོགས་བསྡུས་ཕན་བདེའི་ལེགས་བཤད། སྨན་སྦྱོར་ བདུད་རྩི་བུམ་བཟང་སོགས་རྩོམ་སྒྲིག་གནང་ནས་སྐུ་ཚེ་གཅིག་རིང་བོད་ཀྱི་གསོ་རིག་དང་སྨན་རིག་བྱ་གཞག་གི་ཆེད་དུ་ཐུགས་ནུས་ཡོད་རྒུ་ལེགས་སྐྱེས་སུ་འབུལ་གནང་མཛད་ཡོད་དོ།།

 

དྲུག་པ། དེང་རབས་ཀྱི་གསོ་རིག་སྐོར།

ལོ་ཤས་རིང་ལྗོངས་ཕྱི་ནང་གི་བོད་ལུགས་སྨན་པ་ཚོས་བོད་གནའ་རབས་ཀྱི་གསོ་རིག་དང་སྨན་རིག་དེ་བཞིན་གསོ་རིག་གི་ལོ་རྒྱུས་བཅས་པར་སློབ་སྦྱོང་དང་ཞིབ་འཇུག་བྱས་དང་བྱེད་བཞིན་ཐོག་ ལྷག་དོན་རྒྱུན་དུ་མཐོང་མཐོང་མང་བ་དང་། ན་མང་བའི་ནད་རིགས་ཀྱི་གྲས་བད་ཀན་སྨུག་པོའི་ནད་རིགས་བཅོས་ཐབས་ལ་བརྒྱུད་རིམས་ལྡན་པའི་ཞིབ་འཇུག་གཟབ་ནན་བགྱེས་ཏེ་ཉམས་མྱོང་བཟང་པོ་རྣམས་ཕྱོགས་བསྡོམས་བྱས་པའི་༼བོད་སྨན་གྱིས་བད་ཀན་སྨུག་པའི་ནད་གཞི་བཅོས་ཐབས༽ ཞེས་པ་དང་། གསོ་རིག་གཞི་རྩའི་ཤེས་བྱ་ཁ་གསབ་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ལུས་ཁམས་ཀྱི་གྲུབ་བྱའི་གནས་ལུགས་དང་མཚན་ཉིད་ཁོང་དུ་ཆུད་ཐུབ་པ་དང་། ནད་ཐོག་གི་ལག་རྩལ་ཆུ་ཚད་གོང་འཕེལ་མཐོར་གཏོང་བ་དང་སྨན་བཅོས་ཀྱི་སྤུ་ཚད་ལེགས་སུ་གཏོང་ཆེད་སྔར་ཡོད་གསོ་རིག་གཞུང་ལུགས་ཀྱི་རྨང་གཞིའི་ཐོག་ནད་ཐོག་ལག་ལེན་ནང་ཤེས་རྟོགས་བྱུང་བའི་ཉམས་མྱོང་གསར་པ་དང་ངོས་འཛིན་གསར་པ་རྣམས་བསྡུ་ལེན་དང་། དིང་དུས་གསོ་རིག་གི་འབྲེལ་ཡོད་ཤེས་བྱ་ཁག་དཔྱད་གཞིར་བཟུང་སྟེ་ཕན་ཚུན་བལྟ་བསྡུར་དང་དབྱེ་ཞིབ་ཀྱས་ལེགས་ཆ་བླངས་པའི་༼གསོ་རིག་སྙིང་བསྡུས་སྐྱ་རེངས་གསར་པ༽ ཞེས་པ། ཞིང་འབྲོག་ས་ཁུལ་ལ་སྨན་དཀོན་པ་དང་སྨན་པ་ཉུང་བའི་རྣམ་པར་འགྱུར་ལྡོག་གཏོང་ཆེས་༼སྨན་པ་རྐང་རྗེན་མའི་བོད་སྨན་སྦྱོར་སྡེ་གསར་བསྒྲིགས༽ ཞེས་པ། བོད་ལྗོངས་རྒྱུན་སྤྱོད་ཀྲུང་བོད་ལུགས་སྨན་རྫས་རིག་པ་ཁ་སྐོང་དང་ལེགས་བསྒྲིགས་བྱས་པའི་༼སྨན་སྦྱོར་ནུས་པ་ཕྱོགས་བསྡུས་ཕན་བདེའི་ལེགས་བཤད་༽ ཅེས་པ། མི་དམངས་ཀྱིས་སྨན་རིགས་བསྟེན་པར་ཕན་ཐོགས་ཆེ་ལ་ཉེན་ཁ་མི་ཡོང་བའི་ཆེད་བོད་གཙོ་བོར་བཞག་སྟེ་ས་གནས་ཀྱི་སྨན་རྫས་ཚད་གཞི་གཏན་འབེབས་བཟོས་ནས་བོད་སྨན་ཐོན་སྐྱེད་དང་། མཁོ་སྤྲོད། བསྟེན་པ། ཞིབ་བཤེར། བདག་གཉེར་བྱེད་སྟངས་སོགས་སྨན་རྒྱུ་སྤུས་ཚད་འཇམ་བྱེད་ཀྱི་གཞི་འཛིན་སའི་༼བོད་སྨན་གྱི་ཚད་གཞི་༽ དེབ་དང་པོ་ཞེས་པ། བོད་སྨན་གྱི་རྩ་བའི་མིང་ཚིག་རྣམ་གྲངས་ཉིས་ཁྲི་ལྷག་ཙམ་ལ་ཚིག་འགྲེལ་ཡིག་འབྲུ་ཁྲི་ཞེ་ལྔ་ལྷག་ཙམ་ཡོད་པའི་བོད་ཀྱི་གསོ་རིག་ཚིག་མཛོད་༼གཡུ་ཐོག་དགོངས་རྒྱན་༽ཞེས་པ། སྔོན་བྱོན་བོན་སྨན་མཁས་དབང་ཁག་གཅིག་གིས་བོད་ཀྱི་གསོ་རིག་དང་སྨན་རིག་གཞུང་ལུགས་གོང་འཕེལ་གཏོང་གནང་མཛད་པའི་རྣམ་ཐར་དང་། བོད་སྨན་གྱི་རྒྱུད་བཞི་ཐོག་མའི་འབྱུང་ཁུངས་ཀྱི་གསལ་བཤད། རྒྱུན་སྤྱོད་བོད་སྨན་གྱི་ཀུན་སྤྱོད་སློབ་གསོ་བྱ་ཚུལ། ལྕགས་པོ་རི་དང་སྨན་རྩིས་ཁང་གཉིས་ཀྱི་ལོ་རྒྱུས། བོད་སྨན་མཁས་དབང་ཁག་གཅིག་གི་ལོ་མང་ལག་ལེན་དངོས་ནང་གི་ནད་ཐོག་ཉམས་མྱོང་བཟང་པོ་སོགས་འཁོད་པའི་༼བོད་ཀྱི་སྨན་རྩིས་ཆེད་རྩོམ་ཕྱོཊ་བསྡུས་༽མན་རྒྱུད་སྡོང་འགྲེམས་༼གཞོན་ནུའི་མགུལ་རྒྱན་༽ བཤད་རྒྱུད་སྡོང་འགྲེམས་རྩ་ཚིག་མཚམས་སྦྱོར་བྱས་པ་༼དྭངས་ཤེལ་མེ་ལོང༽ བོད་ཀྱི་སྨན་རྫས་རིག་པའི་ལོ་རྒྱས་མདོར་བསྡུས་༼གཞོན་ནུའི་ཡིད་འཕྲོག་ཨུཏྤལ་དོ་ཤལ་༽ རྒྱུན་མཁོའི་སྨན་འགའ་ཞིག་གི་ཕན་ཡོན།༽ ཞེས་པ་བཅས་དང་། དེ་བཞིན་བསམ་བསེའུ་ངོས་འཛིན་སྐོར་གྱི་དཔྱད་གཞི་དབང་པོའི་གཞུ་རིས་དོན་སྣོད་ཀྱི་རྣམ་བཤད། གསོ་རིག་འཆད་ཉན་ལས་འཕྲོས་པའི་སློབ་དཔོན་དང་སློབ་མའི་རྣམ་བཤད་དད་པའི་འཇུག་ངོགས། བོད་ལུགས་གསོ་རིག་སྐོར་གྱི་ཆེད་རྩོམ་ཕྱོགས་བསྡུས་དེབ་དང་པོ་དང་གཉིས་པ། བོད་སྨན་འབྲིང་རིམ་སློབ་གྲྭའི་སློབ་དེབ་ཁག་སོགས་རྩམས་པ་དང་རྩོམ་སྒྲིག་གིས་སྔ་ཕྱིར་དཔར་བསྐྲུན་འགྲེམས་སྤེལ་བྱས་ཡོད་པར་རྒྱ་ཆེའི་ཀློག་པ་པོའི་དགའ་བསུ་ཐོབ་ཡོད་པ་མ་ཟད། བོད་མི་རིཊ་ཀྱི་གསོ་རིག་ཤུལ་བཞག་རྣམས་རྒྱུན་འཛིན་དང་། སླ་གསོ། བཅོས་སྒྲིག གོང་འཕེལ་གཏོང་བའི་ཐད་དགོས་ངེས་ཀྱི་ལས་དོན་འབོར་ཆེ་བསྒྲུབས་ནས་མི་རིགས་ཁག་གི་མི་དམངས་ཀྱི་ལུས་ཁམས་བདེ་ཐང་ལ་འགན་སྲུང་དང་། མེས་རྒྱལ་གསོ་བ་རིག་པའི་ཚན་རིག་དར་རྒྱས་ཡོང་ཆེད་ཞབས་འདེཊ་གང་ལེགས་ཞུ་ཐུབ་པ་བཅས་བྱུང་ཡོད།།

-          འདི་ནི་ཕྱི་ལོ་ ༡༩༨༩ ལོའི་བོད་ལྗོངས་ཞིབ་འཇུག་དུས་དེབ་གསུམ་པ་ནས་ཟུར་འདོན་ཞུས།





 

 

 

 

 

 

 

 

མཐའ་མའི་འདོན་ཐེངས་།: 29.04.2024 ཉིན། 10:37 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།