སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>


༄༅། །སྡུག་བསྔལ་ཞི་བྱེད་གསོ་བྱའི་ནད་འབུམ་ནག་པོ་ཞེས་བྱ་བ་བཞུགས་པ་ལེགས་སོ།།

 

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ཞང་ཞུང་སྐད་དུའཚོ་ཅི་ན་ར་སྗུ་བ་འབའ་ཤིང་ཁ་རློན་བིན།

བོད་སྐད་དུ། གསོ་བྱའི་ནད་འབུམ་ནག་པོ་ཞེས་བྱ་བ།

ཐམས་ཅད་མཁྱེན་པའི་སྟོན་པ་གཤེན་རབ་རྒྱལ་ཆེན་པོའི་སྐུ་ལ་ཕྱག་འཚལ་ལོ།  །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ནི[ན]། སྟོན་པ་གཤེན་རབ་མི་བོ་ནི། སྟགས་[སྟག་]གཟིག་གི་ཡུལ་རི་གཡུང་དྲུང་དགུ་བརྩེགས་ཀྱི་རྩ་བ། །སྨན་གྱི་ནགས་ཚལ་ཡོངས་སུ་རྒྱས་པའི་གསེབ། ཤིང་འཇའ་ཚོན་འོད་འབར་གྱི་ནགས་ཚལ་དུ། །འགྲོ་བ་ལྷ་དང་མི་དང་ལྷ་མ་ཡིན། །རིགས་དྲུག་གི་སེམས་ཅན་མཐའ་ཡས་པ་མང་པོའི་ནང་ནས། གསོ་བ་རིག་པ་འཛིན་པ་དཔྱད་བུ་ཁྲི་ཤེས་ལ་སོགས་གཡུང་དྲུང་སེམས་དཔའ་འཁོར་དུ་མ་དང་བཅས་པས་བསྐོར་ནས་བཞུགས་པ། དེ་ནས་སྟོན་པས་ཀྱང་འགྲོ་ཀུན་གྱི་སྡུག་བསྔལ་ཡོངས་སུ་འདུལ་བ་བདུད་རྩི་སྨན་གྱི་ཏིང་ངེ་འཛིན་ལ་བཞུགས་ནས། ཚད་མེད་པའི་སྙིང་རྗེས་སེམས་ཅན་ཡོངས་ལ་དགོངས་པ་ཐང་བཅད་ནས་བཞུགས་པས་སྐུ་ཡི་ལྟེ་བའི་གསང་རུམ་ནས། འོད་ཟེར་བྱེ་བ་ཕྱོགས་བཅུར་འཕྲོས་པས། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ཕུང་པོ་ལྔ་ལ་བར་དུ་གཅོད་པ་ཕྱི་ནང་གི་ནད་རྣམ་[རྣམས་]ཞི་བར་མཛད་དོ། །དེ་ནས་འོད་ཟེར་དེ་རྣམས་ཀྱང་སླར་འདུས་པས་སྐུ་ཡི་གནས་དེ་རུ་ཐིམ་མོ། །དེ་ནས་སྟོན་པ་དེ་ཡང་འགྲོ་བ་སེམས་ཅན་གྱི་ནད་རྣམས་ཞི་བར་མཛད་པའི་དོན་དུ། སངས་རྒྱས་སྨིན་[སྨན་]གྱི་ལྷ་བཻཌཱུརྱ་གཟི་བརྗིད་འོད་འཆང་གིས་རྒྱལ་པོའི་ཆས་སུ་ཞུགས་ཏེ། སྐུ་ལ་འོད་དང་མཛེས་པ་སྡུག་གི་རྒྱན་སྣ་ཚོགས་བསྣམས་པ། ཕྱག་གཡས་པས་སྨན་མཆོག་རྣམ་པར་རྒྱལ་བ་ཐུགས་ཀར་ན་འཛིན་པ། གཡོན་པས་བདུད་རྩི་སྨན་གྱི་ཟ་མ་ཏོག་མཉམས[མཉམ་]གཞག་ཏུ་བསྣམས་པ། སྐུ་ལྟ་བས་ཆོགས་[ཆོག་]མི་ཤེས་པ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྒྱལ་མཚན་གྱི་རྩེ་མོ་ནས་བཏེག་པ་ཀ་ན་འདྲ་བ་ཅིག་ཏུ་སྤྲུལ། འགྲོ་བ་ཀུན་གྱི་སྣང་ངོར་མངོན་པར་བཞུགས་སོ། །དེ་ནས་སྟོན་པ་དེའི་སྤྲུལ་པ་གསོ་བ་རིག་པ་འཛིན་པའི་དྲང་སྲོང་དཔྱད་བུ་སྟེ་ཁྲི་ཚོ་གཅིག་མ་སྨོང་[རྨོངས་]པར་མཁྱེན་པའི་དཔྱད་བུ་ཁྲི་ཤེས་བྱ་བ་དེ། གདན་ནས་བཞེངས་ནས། མཛེས་པའི་མེ་ཏོག་དང་སྨན་སྣ་དང་རིན་པོ་ཆེ་སྟོན་པ་ལ་ཕུལ་ནས་ཞུས་པ། ཐམས་ཅད་མཁྱེན་པ་སྟོན་པ་མཚོ་[འཚོ་]མཛད་རྒྱལ་པོ་ལགས། །སྐུ་ལ་འོད་ཟེར་སྤྲོ་བསྡུས་མཛད་ནས་ཀྱང་། །སྐུ་ཡི་སྣང་བ་མི་མཐུན་ཆ་ལུག་[ལུགས་]བསྒྱུར་བ་འདི། །ཐུགས་ཀྱིས་དགོངས་པ་གང་ལ་གཟིགས་པའི་ཐབས། །འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྩལ་[བསྩལ་]པ། །དཔྱད་བུ་ཁྲི་ཤེས་ལ་སོགས་གསོ་བ་རིག་པ་འཛིན་པ་ཀུན། །ལུས་ཀྱང་ཐུད་ལ་ཡན་ལག་བསྡུས། །དབང་པོ་མ་ཡེངས་བརྟེན་པ་[བརྟན་པར་]ཉོན། །སྤྱིར་ནས་[ན་]འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ཀུན། །སེམས་ཉིད་གཞི་ཡི་གནས་ལུགས་མ་རྟོགས་པས། །མ་རིགས་[རིག་]འཁྲུལ་པའི་དབང་གིས་འཁོར་བ་[བར་]འཁྱམས། །འཕྲ་[ཕྲ་]རྒྱས་ཉོན་མོངས་དུག་ལྔ་མེ་ལྟར་འཆད། །འཁོར་བའི་འབྲས་བུ་ཕུང་པོ་ལྔ་ལ་བརྟེན། །རྟེན་འདྲེལ་[འབྲེལ་]ལུག་[ལུགས་]འབྱུང་ཟོ་ཆུའི་རྒྱུད་བཞིན་འཁོར། །ཆགས་སྡང་ལས་ལ་ཞུགས་པས་མི་དགེ་བཅུ་ལ་སྤྱོད། །ལས་མྱས[ཉེས་]དེ་ཡིས་ལུགས་[ལུས་]ངན་སྣ་ཚོགས་བླངས། །བསོད་ནམས་རྒྱུན་བྲི་འདུ་བའི་ནད་སྡང་[ལྡང་]ནས། །དེ་ལ་དེ་མཆེད་བཞི་བརྒྱ་རྩ་བཞིར་རྒྱས། །བདེ་བའི་སྐབས་མེད་སྡུག་ངལ་[བསྔལ་]ནད་ཀྱིས་གདུང་། །འགྲོ་བ་བསྡུག་[སྡུག་]བསྔལ་བསལ་ཕྱིར་འོད་ཟེར་སྤྲོས་[འཕྲོས་]ནས། འགྲོ་བ་སྡུག་བསྔལ་བསལ་བའི་ཕྱིར་ཆས་སུ་ཞུགས་པ་ཡིན། འདུས་པའི་ནད་ལ་བརྒྱ་[བརྒྱད་]ཁྲི་བཞི་སྟོང་ཡོད། དེ་ལས་བསྡུས་པ་བཞི་བརྒྱ་རྩ་བཞི་ཡིན། དེ་ལས་བསྡུས་པ་རྩ་བ་ཡན་ལག་ནི། །མདོ་གནས་སྐབས་གསུམ་ཕྱེ་ནས་སྟོན་པ་སྟེ། །འདི་ཡི་མན་ངག་བརྒྱུད་[རྒྱུད་]འདི་མ་འཆོར་ཅིག །མདོ་གནས་སྐབས་གསུམ་མན་ངག་གཉེན་པོ་འདིས། །འདུ་བ་བཞི་བརྒྱ་རྩ་བའི་[བཞི་]ཀུན་འཇོམས་པ། །སྡོང་པོ་རྩ་བ་བཅད་པའི་ལ་འདབས་[འདབ་]འདྲ། །དེ་སྐད་སྟོན་པས་བཀའ་སྩལ་[བསྩལ་]པ།  དེ་ལ་དཔྱད་བུ་ཁྲི་ཤེས་ཀྱིས་གསོལ་བ། །མཚོ་[འཚོ་]མཛེད་[མཛད་]སྨན་གྱི་རྒྱལ་པོ་ལགས། །མདེའ[མདོ་]གནས་སྐབས་གསུམ་བྱ་བའི་མན་ངག་འདི། །གང་དང་གང་གདག་པའི་བཀའ་བསྩོལ་[སྩོལ་]ཅིག །དེ་སྐད་ཞུས་པས་སྟོན་པས་བཀའ་སྩལ་[བསྩལ་]པ། །དཔྱད་བུ་ལ་སོགས་འཁོར་རྣམས་ལེགས་པར་ཉོན། །མདོ་གནས་སྐབས་གསུམ་བྱ་བའི་མན་ངག་འདི། །རྩ་བ་ཟབ་པར་ཟུག་པའི་མདོ་དང་ཅིག །།སྡོང་པོ་གཉེན་[གཉན་]པར་སྐྱེས་པའི་མདོ་དང་གཉིས། །ཡལ་ག་རྒྱས་པར་བྱེད་པའི་མདོ་དང་གསུམ། །ལོ་འདབ་དེ་ལས་རྒྱས་པའི་དགོངས་རིགས་སོ་སོར་ཡོད། །མདོ་གསུམ་འདི་ལས་མ་རྒྱས་ནད་ཡོད་མིན། །དེས་ནས།[ན་]མན་ངག་མདོ་རྒྱུད་འདི་ལ་མཁས་པར་མཛོད། །དང་པོ་རྩ་[བ་]ཟུག་པའི་མདོ་ཞེས་བྱ་བ་ནི། །རླུང་དང་འཁྲིས་[མཁྲིས་]པ་བད་ཀན་རྐྱང་པ་གསུམ། །བརྟེན་འདུས་ཁྲག་ནད་སྨུག་པོ་དེ་བཞིན། །གཉིས་པ་སྡོང་པོ་གཉེན་[གཉན་]པའི་མདོ་ལ་དྲུག་ཡིན་ཏེ། དང་པོ་གྲང་བའི་ནད་ལ་རྣམས་[རྣམ་]པ་དྲུག་ཡོད་དེ། མ་ཞུ་བསྐྲན་[སྐྲན་]དང་སྐྱ་སྦས་[རྦབ་]འོར་ནད་དང་། །དམུ་ཆུ་གློ་བཅོང་[གཅོང་]གཉིས་དང་དྲུག་ཏུ་ངེས། །གཉིས་པ་ཚད་པའི་རིགས་ལ་གཉིས་ཏེ་ཚ་བ་རིམ[རིམས]། །སྤྱི་དགོས་[སྒོས་]བཅོས་ཐབས་རྣམ་པ་བཅུ་དྲུག་ཡོད། །ཚ་རིམ་[རིམས་]སྤྱི་བཅོས་གསུམ་སྟེ་འཁྲུལ་གཞི་དང་། །རི་འཚམ་[མཚམས་]ནོར་ལ་རེ་དང་གསུམ་ནི་སྤྱི་བཅོས་ཡིན། །དགོས་[སྒོས་]འཁྲུལ་བཅོས་[པ་]ཚ་བ་རིམ་[རིམས་]དང་གཉིས་ཡིན་ཏེ། །དང་པོ་ཚད་པའི་རིགས་ལ་བརྒྱད་ཡིན་ཏེ། །མ་སྨིན་པ་དང་རྒྱས་ཚད་སྟོང་[སྟོངས་]ཚད་དང་། གབ་ཚད་སྙིང་[རྙིངས་]ཚད་སྙོང་[རྙོགས་]ཚད་འགྲམ་འཁྲུག་[འགྲམས་འཁྲུགས་]བརྒྱད། །གཉིས་པ་རིམ་[རིམས་]ཚད་འདི་ལ་དགོས་[སྒོས་]རིག་[རིགས་]ལྔ་ཡོད་དེ། རིམས་དང་འབྲུམ་བུ་རྒྱུ་གཟེར་གག་ལྷོག་དང་། །འཆམ་[ཆམ་]པའི་རིག་རིམ་[རིགས་རིམས་]དང་ལྔ་སྟེ་བཅུ་དྲུག་གོ། །གཉིས་པ་མགོ་ནའི་[བོའི་]ནད་ལ་དགོས་[སྒོས་]རིགས་དྲུག །མགོན་པོ་ཡིན་[མགོ་བོ་མིག་]དང་རྣ་བ་ཁ་དང་སྣ། ལྦ་བ་ལ་སོགས་དྲུག་ཏུ་བརྟེན་[བསྟན་]པའོ། །དོན་སྣོད་ནད་ལ་ཕོ་མོ་གཉིས་སུ་སྟོན། །མོ་ནད་འདི་ལ་རྣམ་པ་གསུམ་ཡིན་ཏེ། །སྤྱི་བཅོས་བྱེ་བྲག་བཅོས་དང་ཕལ་པ་གསུམ། །གསུམ་པ་ཡལ་ག་རྒྱས་པའི་མདོ་ལ་བདུན་ཏེ། །འཐོར་བུའི་ནད་དང་ལྷན་སྐྱེས་སྨན་[རྨ་]དང་གཉིས། །བཅད་པའི་རྨ་དང་བྱིས་པའི་གདོན་ནད་དྲུག །བརྒྱུན་[རྒྱུན་]ཟད་རོ་རྩེ་[ཙ་]གསོ་དང་རྣམས་[རྣམ་]པ་བཅུ་དགུ་སྟེ། །སྲིན་དང་སྐྱུག་པ་སྐད་འགག་ཡི་ག་འཆུས། །སྐོམ་པ་སྒེག་[སྐྱིགས་]བུ་དབུག་[དབུགས་]མི་བདེ་བ་དང་། །བརྒྱད་པོ་དེ་ནི་ཕལ་ཆེར་སྟོད་ཀྱི་ནད། །གླང་ཐབས་ཁུ་བ་དྲི་མ་འགག་པ་དང་། །ཆུ་འགག་ཆུ་འཛག་བལ་ནད་གྲེགས་[དྲེག་]ལ་སོགས། །བདུན་པོ་དེ་ནི་བྱང་ཁོག་སྨད་ཀྱི་ནད། གྲུ་[གྲུམ་]བུ་ཆུ་སེར་རྩ་དཀར་ལྤག་[པགས་]ནད་དང་། །ཕྲན་བུ་ལ་སོགས་ལྔ་པོ་སྤྱི་ཡི་ནད། །ལྷན་སྐྱེས་རྨ་ལ་བརྒྱད་དེ་འབྲས་དང་གཞང་འབྲུམ་དང་། །མེ་དབལ་སུརྱ་སྨིན་[རྨེན་]བུ་རླིག་རླུང་[རླུགས་]དང་། །རྐང་བམ་མཚན་མ་[བར་]རྡོར་[རྡོལ་]དང་བརྒྱད་ཡིན་ནོ། །མཚོན་གྱིས་གཅོད་པའི་རྨ་ལ་རྣམས་[རྣམ་]པ་དྲུག །སྤྱི་རུ་བཅོས་དང་མགོ་མགོ་[སོགས་]ལུས་སྟོད་ནད། །ལུས་སྨད་ཡན་ལགས་[ལག་]བཅོས་དང་རྐེ་བ་[སྐེ་ནད་]བཅོས། བྲིས་[བྱིས་]པའི་ནད་ལ་རྣམ་པ་གསུམ་ཡིན་ཏེ། ཉེ་བར་སྤྱོད་དང་དེའི་ཉམས་ནད་གསོ་བ་དང་། །གདོན་ནད་གསོ་དང་རྣམས་[རྣམ་]པ་གསུམ་ཡིན་ནོ། །གདོན་གྱི་ནད་ལ་རྣམ་པ་ལྔ་ཡིན་ཏེ། །འབྱུང་པོའི་གདོན་དང་སྐེམ་བྱེད་བརྗེད་བྱེད་དང་། །གཟའི་གདོན་དང་ཀླུ་གདོན་ལྔ་ཡིན་ནོ། །དུག་གི་ནད་ལ་སྡེ་ཚན་གསུམ་ཡོད་དེ།  །སྦྱར་བའི་དུག་དང་རྔོས་[དངོས་]དུག་རང་བཞིན་དུག །རྒྱུན་ཟད་རྒས་པ་གསོ་དང་ཁུ་གསོའ་[གསོ་]གཉིས།  །དེའི་ཡན་ལགས་[ལག་]བུད་[བུ་]མེད་བརྟེན་[བསྟེན་]དང་གསུམ་ཡིན་ཏེ། །རྩ་བ་དེ་ལ་སྡོང་བ་[པོ་]ཡལ་ག་དེ་གསུམ་ལས། །ལོ་འདབ་ལྟ་བུར་གྱིས་[གྱེས་]པའི་ནད་རིགས་ནི། རེ་རེ་ལ་ཡང་སྡེ་དང་ཚན་རིག་[རིགས་]ནི། །རང་རང་ལེའུའི་ནང་དུ་སོ་སོར་ཡོད། །འཁོར་ལ་མ་ཡེངས་ནོར་མེད་ཡིད་ལ་བཟུངས[ཟུངས]།།

གསོ་བྱའི་ནད་འབུམ་ནག་པོ་ལས་རྩ་བ་ཀླད་དོན་གླེང་སློང་པའི་ལེའུ་སྟེ་དང་པོའོ།། །།




མཐའ་མའི་འདོན་ཐེངས་།: 04.01.2024 ཉིན། 2:55 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།