སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

སི་ཏུ་ཆོས་ཀྱི་འབྱུང་གནས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.11.2017
གསོ་རིག་མཁས་དབང་རིམ་བྱོན། >>


སི་ཏུ་ཆོས་ཀྱི་འབྱུང་གནས།

- བྱམས་པ་འཕྲིན་ལས།
 

སི་ཏུ་ཆོས་ཀྱི་འབྱུང་གནས་ནི་རབ་བྱུང་བཅུ་གཉིས་པའི་ལྕགས་འབྲུག་ (སྤྱི་ལོ་1700) ལོར་སྐུ་འཁྲུངས་ཤིང་། སྔ་རྗེས་སུ་མཁས་ཤིང་གྲུབ་པ་བརྙེས་པའི་བཤེས་གཉེན་དམ་པ་མང་པོའི་དྲུང་དུ་ཐོས་པ་རྒྱ་ཆེན་པོ་བཙལ་ཞིང་། ལྷག་པར་བཀའ་དྲིན་ཅན་གྱི་སློབ་དཔོན་ལུང་རྟོགས་ཡོན་ཏན་འབུམ་གྱིས་ཕྱུག་པ་ཀརྨ་བསྟན་འཕེལ་ཞེས་པ་དང་། མཐའ་ཡས་གཞུང་གདམས་རྒྱ་མཚོའི་ཕ་རོལ་དུ་སོན་པ་དགེ་རྕེ་པཎྜིཏ། གསོ་རིག་ནོར་བུའི་མཛོད་ལ་དབང་བསྒྱུར་པ་ཀརྨ་པ་རང་བྱུང་རྡོ་རྗེའི་སློབ་རྒྱུན་འཛིན་པ། ལྷོ་བྲག་ལྷ་ལུང་མཁན་པོའི་ཡང་སློབ་སྔགས་གྲྭ་ཨེམ་ཆི་ཀརྨ་བསམ་གྲུབ། དེ་བཞིན་མཁས་དབང་འབྲི་གུང་ཆོས་གྲགས་ཀྱི་སློབ་མ་དཀོན་མཆོག་འགྲོ་ཕན་དབང་པོའི་ཞལ་སློབ་ཕུལ་ཕྱིན་དཔོན་ཚང་ཡེ་ཤེས་བཅས་ཀྱི་ཞབས་པད་ཡུན་རིང་དུ་བསྟེན་པས་མདོ་སྔགས་རིག་གནས་ཀུན་པ་མཁས་པར་གྱུར་ཏེ་སི་ཏུ་པཎ་ཆེན་ཞེས་པའི་སྙན་གྲགས་ནས་མཁའི་ཕ་མཐར་ཁྱབ་པ་བྱུང་ངོ་།།
 

            སྐུ་ཚེ་འདིར་བོད་ལྗོངས་དང་། རྒྱ་ནག རྒྱ་གར། བལ་པོ། སིངྒ་ལ་སོགས་ཀྱི་ཡུལ་གྲུར་ཕེབས་ནས་མཁས་པ་མང་པོར་རིག་གནས་ལྔའི་དཀའ་གནད་འདྲི་རྨེད་དང་། ཕྱོགས་མཚུངས་ས་ཁུལ་དེ་དག་གི་གསོ་རིག་མན་ངག་ལག་ལེན་དང་བཅས་པའི་ཁུངས་མང་པོ་ཉམས་བཞེས་གནང་བས་མཚོན་བོད་ཀྱི་རིག་གནས་དང་། སྨན་དཔྱད་ཡར་རྒྱས་ཀྱི་ཆེད་དུ་སྐུ་ངལ་མང་པོ་ཁྱད་བསད་གནང་བའི་སྐོར་ནི་བརྗོད་པའི་ཡུལ་ལས་འདས། རང་ཅག་བོད་དང་། ཁམས་ཕྱོགས་ནས་བཤད་ན། སྐབས་དེར་གྲགས་ཆེ་བའི་བླ་མ་ཀརྨ་ཆོས་དབང་དང་། དགེ་སློང་དཔལ་གྲུབ། དགེ་བཤེས་བསྟན་འཛིན་ཕུན་ཚོགས(1)ནི་རྨ་ཐི་སོགས་ཚེ་རིག་འཛིན་པ་ཐམས་ཅད་ལ་སྐུ་དངོས་ཀྱིས་བཀའ་འདྲི་དང་། བརྡར་ཤ་བཅད་ནས་བོད་ཀྱི་གསོ་རིག་ཡར་རྒྱས་གོང་འཕེལ་འགྲོ་རྒྱུར་མི་ནུབ་པའི་མཛད་རྗེས་རླབས་ཆེན་བཞག ལྷག་ཏུ་རྗེ་ཉིད་ཀྱིས་སྔ་ཕྱིར་ཡུལ་ཕྱོགས་མང་པོར་ཕེབས་པ་དང་། སློབ་དཔོན་གོང་མ་རྣམས་ཀྱི་ཕྱག་བཞེས་མན་ངག དེ་བཞིན་ལོ་མང་རིང་ནད་པའི་འགྲོ་དོན་སྐྱོང་བཞིན་བཞུགས་དུས་ཀྱི་མྱོང་བྱང་རྣམས་གཅིག་ཏུ་བསྡུས་ནས་སྨན་གྱི་སྐོར་གྱི་གསུང་ཐོར་བུ་དཀར་ཆག་ཐ་བར་པོད་གཅིག་ཡོད་པ་དེའི་ནང་ཐུན་མོང་མ་ཡིན་པའི་གདམས་པ་སྣ་ཚོགས་ཡོད་པ་དང་། ད་དུང་རྒྱ་ནག་ཏུ་ཕེབས་སྐབས་ཀྲུང་དབྱི་མཁས་པའི་ཉམས་མྱོང་མང་པོ་བསྡུ་ལེན་མཛད་རིགས་ཀྱང་ཟིན་བྲིས་སུ་འགོད་གནང་མཛད་པའི་ཁར། རྒྱ་ནག་གི་འགྱུར་རྩ་མདོ་ཤིན་ཏུ་རྒྱས་པ་ཞིག་ཀྱང་ཕྱིས་སུ་ཤིང་པར་ལ་འཁོད་འདུག གཞན་ཡང་སི་ཏུའི་མིག་འབྱེད་ལག་ལེན་དང་། དངུལ་ཆུ་བཙོ་བཀྲུའི་ཟིན་བྲིས་སོགས་སྨན་དཔེ་རྣམས་ལ་ཕྱིས་བྱུང་སྨན་པ་ཀུན་གྱིས་སྤྱི་བོའི་གཙུག་ཏུ་བཀུར་ནས་ཡིད་ཆེས་གདེང་འཁེལ་དང་ཤིན་ཏུ་གཙིགས་ཆེ་བར་བྱེད།
 

            སྐུ་ཚེའི་སྨད་ལ་དཔལ་སྤུངས་ཆོས་འཁོར་གླིང་དུ་བཅུ་ཕྲག་རིག་པའི་བཤད་གྲ་འཛུགས་གནང་དང་། སྐུ་དངོས་ཀྱིས་གཙོ་སྐྱོང་གནང་བར་བརྟེན་སློབ་མ་མཁས་པ་དབོན་ཀརྨ་ངེས་ལེགས་བསྟན་འཛིན་དང་། ཁམས་སྤྲུལ་ཆོས་ཀྱི་ཉི་མ། འབྲུག་བདེ་ཆེན་ཆོས་འཁོར་གྱི་ཡོངས་འཛིན་འཇམ་དཔལ་དཔའ་བོ། སྡེ་དགེ་རྒྱལ་པོ་བསྟན་པ་ཚེ་རིང་སོགས་མང་དག་ཅིག་བྱུང་། དེ་ལ་བརྟེན་ནས་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་《ཤེས་བྱ་ཀུན་ཁྱབ་ཀྱི་མཛོད་》ཅེས་པའི་ནང་། ཀུན་གཟིགས་ཆོས་ཀྱི་འབྱུང་གནས་ཉིད་གསོ་བ་རིག་པ་ལ་སྔོན་སྦྱངས་སད་པ་ལྟ་བུས་ཀློང་བརྡོལ་གྱིས་ཁྱད་པར་དུ་མཁས་པར་གྱུར་ཅིང་། ཟུར་མཁར་ཕྱི་མའི་སློབ་བརྒྱུད་དཔོན་ཚང་ཡེ་ཤེས་དང་། འཕགས་ཡུལ་ནུབ་ཕྱོགས་ཕྲེང་གེའི་སྨན་པ་ཨེ་ཏྲོ་སེ། རྒྱ་ནག་གི་སྨན་པ་མཁས་པ་རྣམས་ལས་བཤད་རྒྱུན་དང་། དཀའ་གནད་འདྲི་མོལ་གྱིས་གཏན་ལ་ཕབ་སྟེ། སྨན་གྱི་བླ་མ་གཉིས་པའི་གོ་འཕང་བརྙེས། སློབ་མ་མཁས་པ་མང་དུ་བྱོན་ཞིང་། ད་ལྟའི་བར་བཤད་པ་དང་། ལག་ལེན་གྱི་རྒྱུན་མ་ཉམས་པས་བརྒྱུད་འཛིན་རྣམས་ཀྱང་སྨན་པ་གཞན་ལས་ཁྱད་པར་འཕགས་པ་ཡོང་སུ་གྲགས་པས་མཚོན། ཞེས་གསུངས་པ་དོན་དུ་གནས། དཔེར་ན་རྗེ་འདིའི་ཞལ་སློབ་གྲས་སྡེ་དགེ་བསྟན་པ་ཚེ་རིང་ཞེས་པས་ཁམས་ཕྱོགས་སུ་གསོ་རིག་གོང་འཕེལ་ཡོང་ཆེད་སྔ་སོར་མི་དབང་སངས་རྒྱས་རྒྱ་མཚོས་ཞུས་དག་དང་། ལེགས་བཅོས་མཛད་པའི་ལྷ་ལྡན་པོ་ཏཱ་ལའི་རྒྱུད་བཞི་པར་མ་དང་བེེ་སྔོན་འདི་ཉིད་ཡིད་རྟོན་པའི་གནས་སུ་གཟིགས་ཏེ་འདི་ཉིད་ལས་འབྲུ་ལེན་གྱི་ཕྱི་མོ་བྱས་ཏེ་རབ་བྱུང་བཅུ་གཉིས་པའི་ཆུ་གླང་(སྤྱི་ལོ་1733)ལོ་པར་དུ་བསྐྲུན་པར་བརྟེན་རྒྱ་ཁྱབ་གང་སར་ཁྱབ་སྤེལ་ཤིན་ཏུ་ཆེ་བ་བྱུང་བ་དང་། རྗེས་སུ་རབ་བྱུང་བཅུ་དྲུག་པའི་ཆུ་ཁྱི་(སྤྱི་ལོ་1982)ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་སྐྱེ་འགྲོའི་བདེ་རྩར་དགོངས་བཞེས་བླ་ན་མེད་པས་མཚོ་སྔོན་དུ་སྡེ་དགེའི་རྒྱུད་བཞི་དང་བེེ་སྔོན་པར་མ་གཞིར་བཟུང་ནས་ངོ་མཚར་འཕྲུལ་གྱི་འདུ་བྱེད་ལས་ལྕགས་པར་དུ་བསྐྲུན་ཏེ་པར་འདེབས་རྒྱ་ཆེར་མཛད་པ་དང་འབྲེལ་བོད་ལྗོངས་དང་། མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན་ལ་སོགས་པའི་བོད་རིགས་ས་ཁུལ་དུ་འགྲེམས་སྤེལ་གནང་བས་སླར་ཡང་བོད་ཀྱི་གསོ་རིག་ཡར་ཟླའི་དཔལ་ལ་འགྲན་པའི་བཀའ་དྲིན་བླ་ལྷག་ཏུ་ཆེ།།
 

མཆན་བུ།

(1) དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱི་མཚན་ཡིན།
 

- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་འདོན་ཞུས།

མཐའ་མའི་འདོན་ཐེངས་།: 06.11.2017 ཉིན། 9:23 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།