༄༅། །གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས། པར་གཞི་དང་པོ།
(གསོ་རིག་མཁས་དབང་རིམ་བྱོན་གྱི་དཀར་ཆག)
1
|
2
|
||
3
|
4
|
||
5
|
6
|
||
7
|
8
|
||
9
|
10
|
||
11
|
12
|
||
13
|
14
|
||
15
|
16
|
||
17
|
18
|
||
19
|
20
|
||
21
|
22
|
||
23
|
24
|
||
25
|
26
|
||
27
|
28
|
||
29
|
30
|
||
31
|
32
|
||
33
|
34
|
||
35
|
36
|
||
37
|
38
|
||
39
|
40
|
||
41
|
42
|
||
43
|
44
|
||
45
|
46
|
||
47
|
48
|
||
49
|
50
|
||
51
|
52
|
||
53
|
54
|
||
55
|
56
|
||
57
|
58
|
||
59
|
60
|
||
61
|
62
|
||
63
|
64
|
||
65
|
66
|
||
67
|
68
|
||
69
|
70
|
||
71
|
72
|
||
73
|
74
|
||
75
|
76
|
||
77
|
78
|
||
79
|
80
|
||
81
|
82
|
||
83
|
84
|
||
85
|
86
|
||
87
|
88
|
||
89
|
90
|
||
91
|
92
|
||
93
|
94
|
||
95
|
96
|
||
97
|
98
|
||
99
|
100
|
||
101
|
102
|
||
103
|
104
|
||
105
|
106
|
||
107
|
108
|
||
109
|
110
|
||
111
|
112
|
||
113
|
114
|
||
115
|
116
|
||
117
|
118
|
||
119
|
120
|
||
121
|
122
|
||
123
|
124
|
སློབ་དཔོན་དཔའ་བོའི་རྣམ་ཐར་སྙིང་བསྡུས་གཉིས། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 12.05.2025 |
༄༅། །སློབ་དཔོན་དཔའ་བོའི་རྣམ་ཐར།
སྐྱེ་རབས་སོ་བཞིའི་འགྲེལ་བཤད་ཡོངས་འཛིན་བློ་བཟང་བསྟན་འཛིན་གྱིས་མཛད།
ཁ་ཆེའི་ཡུལ་ཤེ་ཀེ་ཏ་ཀ་ཞེས་བྱ་བར་བྲམ་ཟེ་འབྱོར་པ་དང་ལྡན་པ་ཞིག་གི་ཁྱིམ་དུ་ཡབ་བྲམ་ཟེ་སངྒ་གུཧྱ་ཞེས་པ་དང་། ཡུམ་གསེར་མིག་མའམ་བདེ་ལྡན་མ་ཞེས་བྱ་བ་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་མང་པོ་དང་བཅས་འཁྲུངས། མཚན་བཟང་བར་རྟོགས་ནས་བསྔགས་པ་ཆེར་བྱས་ཤིང་དཔའ་ཆེན་དགའ་བ་བདུད་རྩིའི་བུམ་པ་ཅན་ཞེས་མིང་དུ་བཏགས་སོ།། སློབ་དཔོན་འདི་ལ་དཔའ་བོ་ཞེས་མཚན་ཡོངས་སུ་གྲགས་པ་ཡང
འཁྲུངས་མ་ཐག་ཡབ་ཡུམ་དང་མཆན་མཁན་གྱིས་བཏགས་པ་ཡང་དེ་ཕྱོགས་གཅིག་ཡིན། དེ་ནས་ཡི་གེ་འབྲི་ཀློག་ལ་སྦྱངས་པས་གཟིགས་པ་ཙམ་གྱིས་འདྲི་ཀློག་གཉིས་ཀ་དུས་ཅིག་ཏུ་ཐོགས་པ་མེད་པར་མཁྱེན་ཅིང་རིག་གནས་གང་དང་གང་ལའང་བློ་གྲོས་ཐོགས་པ་མེད་པར་འཇུག་པ་ཞིག་བྱུང་བས། བློ་གྲོས་ཆེ་བའི་ཚུལ་ལ་ཀུན་གྱིས་བསྔགས་ཏེ་མ་ཧི་ཙ་ཏྲ་ཞེམ་མིང་དུ་བཏགས། མ་ཏི་ཙ་ཏྲ་ནི་བོད་སྐད་དུ་བློ་གྲོས་བཀྲ་བའོ།། དེ་ནས་རིགས་དང་མཐུན་པར་བྲམ་ཟེའི་རིག་བྱེད་བཞི་ལ་སྦྱངས་པས་མཁས་པའི་ཕུལ་དུ་ཕྱིན་ཅིང་། དེའི་ཚེ་རིག་བྱེད་འདོན་པ་ལ་སྐད་ཀྱི་གདངས་ཤིན་ཏུ་སྙན་པས་རྟ་དབྱངས་ཞེས་མིང་དུ་གྲགས། ཕ་མ་གཉིས་ལ་ཤིན་ཏུ་གུས་ཤིང་སྲི་ཞུ་ཆེ་བ་བྲན་ལྟར་བྱེད་པས་ཕ་ཁོལ་དང་མ་ཁོལ་ཞེས་སྐྱེ་བོ་རྣམས་ཀྱིས་མིང་དུ་བརྗོད་དོ།། དེ་ནས་ཡུམ་དེ་སངས་རྒྱས་ཀྱི་བསྟན་པ་ལ་ཤིན་ཏུ་གུས་པས་རྒྱལ་བའི་བསྟན་པ་ལ་གཟུད་པར་འདོད་ཀྱང་རིགས་ཀྱི་དབང་ཕྱུག་མ་མཐོང་གི་བར་དུ་བསྒྲུབ་པར་དམ་བཅས་ཏེ། དབང་ཕྱུག་གི་མཚོའི་ནང་དུ་ཞུགས་ཏེ་ཁྲུས་དང་རིག་སྔགས་ཀྱི་སྦྱོར་བ་རྣམས་ཚང་བར་བྱས་ཏེ་སྔགས་རྒྱུན་མ་ཆད་པར་བཟླས་པས་ཞག་བདུན་སོང་བ་ན་དབང་ཕྱུག་ཆེན་པོ་དངོས་སུ་མཐོང་སྟེ་དངོས་གྲུབ་ཅི་འདོད་ཅེས་ཟེར་བ་ན། བདག་ཕྱོགས་ལས་མངལ་རྣམ་པར་རྒྱལ་བ་ཞིག་འདོད་དོ་བྱས་པས། མངལ་སྐྱེས་ཐམས་ཅད་ཀྱིས་ཐུབ་པ་མེད་པར་གྱུར་ཅིག་ཅེས་མཆོག་སྦྱིན་ཅིང༌། དེའི་རྩར་ཚངས་པ་བཀུག་ནས་འདི་རྩོད་པ་བྱེད་པའི་དུས་སུ་ནེ་ཙོ་པཎྜིཏར་སྤྲུལ་ལ་འདིའི་གྲོགས་གྱིས་ཤིག། ཁྱབ་འཇུག་བཀུག་ནས་ཐོད་ལེ་ཀོར་པཎྜིཏར་སྤྲུལ་ལ་འདིའི་གྲོགས་གྱིས་ཤིག། ཨུ་མ་དེ་ཝི་བཀུག་སྟེ་སྲིང་མོ་པཎྜིཏར་སྤྲུལ་ལ་འདིའི་གྲོགས་གྱིས་ཤིག་ཅེས་བསྒོས་སོ།། དེ་བཞིས་ཀྱང་མ་ཐུབ་ན་ང་ཉིད་སྙིང་ལ་ཞུགས་ནས་བྱིན་གྱིས་བརླབས་ཏེ་ཕྱོགས་ལས་རྣམ་པར་རྒྱལ་བར་བྱའོ་ཞེས་ཁས་བླངས་སོ།། དེ་ནས་ཡུལ་དེ་ན་གནས་པའི་ནང་པ་སངས་རྒྱས་རྣམས་རྩོད་པས་ཕམ་པར་བྱས་ཏེ་འགའ་ཞིག་མུ་སྟེགས་པའི་གྲུབ་མཐའ་ལ་བཙུད། འགའ་ཞིག་དབང་ཐང་དང་བྲལ་བར་བྱས། འགའ་ཞིག་ཡུལ་གཞན་དུ་སྤྱུགས་ཏེ་ཕྱོགས་དེའི་ས་སངས་རྒྱས་ཀྱི་བསྟན་པ་ནུབ་པར་བྱས་སོ།། མུ་སྟེགས་པ་ནང་དུའང་དབང་ཕྱུག་ལ་སྐྱབས་སུ་བཟུང་སྟེ་རྟག་པར་སྨྲ་བ་རྣམས་མ་གཏོགས་མུ་སྟེགས་པའི་གྲུབ་མཐའ་སྨྲ་བ་གཞན་མང་པོ་ཞིག་ཀྱང་ཚར་བཅད་དོ།། དེ་ནས་ཡུལ་གཞན་དང་གཞན་དག་ཏུའང་ཕྱིན་ཏེ་ཕྱི་ནང་གི་རྒོལ་བ་རྣམས་ཚར་བཅད་དེ་ཕྱོགས་ལས་རྣམ་པར་རྒྱལ་བའི་གྲགས་པ་ཐོབ་པ་ན་མུ་སྟེགས་ཐུབ་དཀའ་ནག་པོ་ཞེས་མིང་དུ་གྲགས་སོ།། དེ་ནས་མ་ལ་ཁོ་བོས་་རྒོལ་བ་རྣམས་ཚར་བཅད་དེ། ཕྱོགས་ལས་རྣམ་པར་རྒྱལ་བ་་ཐོབ་བོ་ཞེས་སྨྲས་པས། མ་དེ་སངས་རྒྱས་ཀྱི་བསྟན་པ་ལ་ཤིན་ཏུ་གུས་པས་ཡིད་མི་དགའ་བར་གྱུར་ཏེ། འདི་ནཱལེནྡྲར་བཏང་ན་མཁས་པ་རྣམས་ཀྱིས་ཚར་བཅད་དེ་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པ་སྲིད་དོ་སྙམ་དུ་ཁྱོད་ཀྱིས་ཚར་བཅད་པའི་སངས་རྒྱས་པ་དེ་དག་ནི་མཐའ་འཁོབ་ཀྱི་ཡུལ་ན་གནམ་པ་ཆུ་ཐིགས་ཙམ་དུ་ཟད་ཀྱི། ཡུལ་དབུས་ན་གནས་པའི་སངས་རྒྱས་པ་ནི་རྒྱ་མཚོ་ཆེན་པོ་དང་མཚུངས་སོ།། དེ་བས་ན་བུ་ཁྱོད་ཀྱིས་ཡུལ་དབུས་སུ་ཕྱིན་ཏེ་ནཱལེནྡྲའི་མཁས་པ་རྣམས་དང་་རྩོད་པ་བྱས་ནས་དེ་དག་ཕམ་པར་བྱས་ན་ཕྱོགས་ལས་རྣམ་པར་རྒྱལ་བའི་གྲགས་པ་ཐོབ་བོ་བྱས་པས། རྟ་དབྱངས་དབང་ཕྱུག་གིས་མཆོག་བྱིན་པའི་ང་རྒྱལ་གྱིས་བསྙེམས་པས་ཡུལ་དབུས་ཀྱི་ནང་པ་སངས་རྒྱས་པ་དེ་དག་ཐམས་ཅད་ཁོ་བོས་རྩོད་པས་བསུན་ཕྱུང་སྟེ་ཕྱོགས་ལས་རྣམ་པར་རྒྱལ་བར་བྱའོ་ཞེས་ཁས་བླངས་ནས་ནལེནྡྲར་ཕྱིན་ཏེ། ང་མུ་སྟེགས་རྟ་དབྱངས་བྱ་བ་ཡིན། ཁྱེད་དང་རྩོད་པ་བྱེད། ཁྱེད་རྒྱལ་ན་ང་ཆུ་བོ་གངྒ་ལ་འཆི་་རུ་འགྲོ། ང་རྒྱལ་ན་ཁྱེད་རྣམས་ངའི་གྲུབ་མཐའ་ལ་འཇུག་དགོས་ཤིང་ཁྱེད་ཀྱི་གཙུག་ལག་ཁང་དང་ཆོས་རྣམས་ཀྱང་སྲེག་དགོས། དེའི་དཔང་པོའང་རྒྱལ་པོ་ལ་འཆོལ་བ་ཡིན་པས་དུས་ཐོབ་ཅིག་ཅེས་སྒྲ་བསྒྲགས་པས། སུས་ཀྱང་ལན་འདོན་མ་ནུས་པ་ན། དེའི་དགེ་འདུན་རྣམས་བགྲོས་ཏེ། འདིས་ནི་རྒྱ་གར་ཤར་ནུབ་སོགས་ཀྱི་ནང་པ་ཐམས་ཅད་ཕམ་པར་བྱས་འདུག་པས་འུ་ཅག་གིས་མི་ཐུབ། དཔལ་གྱི་རི་ན་སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་བཞུགས་པ་དེ་མ་གཏོགས་རྟ་དབྱངས་ཀྱི་རྩོད་པ་བཟློག་ཐུབ་་པ་་གཞན་མེད། སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་བཞུགས་པའི་གནས་དེ་ནི་བཤུལ་ཐག་རིང་ཞིང་བགྲོད་པར་དཀའ་བས་དུས་སུ་མི་སླེབ་ཅེས་ཐམས་ཅད་ཡིད་ཁོང་དུ་ཆུད་པ་ན། དེའི་པཎྜིཏ་ཞིག་གི་རྨི་ལམ་དུ་མུ་སྟེགས་ཀྱི་རྩོད་པ་བཟློག་པའི་ཐབས་སུ་ཆོས་སྐྱོང་(ཆོས་སྐྱོང་མགོན་པོ་ལ་འཕྲིན་ལས་བཅོལ་ན་)གི་སྤྲུལ་པས་སློབ་དཔོན་གདན་འདྲེན་པའི་ཕོ་ཉ་བྱེད་དོ་ཞེས་ལུང་བསྟན་བྱུང་བ་ལྟར་མཆོད་གཏོར་བཤམས་ཏེ་སློབ་དཔོན་ལ་ཞུ་འབུལ་གྱི་འཕྲིན་ཡིག་གཏོར་མའི་སྟེང་དུ་བཞག་ནས་མགོན་པོ་ལ་མཆོད་གཏོར་རྒྱ་ཆེན་པོ་ཕུལ་དེ་འཕྲིན་ལས་དྲག་ཏུ་བསྐུལ་བ་ན། མགོན་པོའི་རྡོ་སྐུ་རང་བྱུང་གི་ཐུགམ་ཀ་ནས་བྱ་རོག་གཅིག་བྱུང་སྟེ་འཕྲིན་མཆུས་བླངས་ཏེ་འཕུར་ནས་སོང་བ་དཔལ་གྱི་རིར་བབས་ནས་སློབ་དཔོན་ཡབ་སྲས་ལ་འཕྲིན་ཡིག་གཏད་པ་དང་། སློབ་དཔོན་གྱིས་གཟིགས་ནས་མུ་སྟེགས་རྟ་དབྱངས་ཀྱིས་སངས་རྒྱས་ཀྱི་བསྟན་པ་ཉམས་དམས་པར་བྱེད་ཡོད་འདུག། དེ་བཟློག་པ་ལ་ང་འགྲོ་གསུངསས་པས།། འཕགས་པ་ལྷའི་ཞལ་ནས་སློབ་དཔོན་གཤེགས་མི་དགོས་བདག་གིས་དེ་འདུལ་ཞུས་པས་ཁྱོད་ཀྱིས་རྟ་དབྱངས་ཐུབ་མི་ཐུབ་བལྟའོ་གསུངས་ཡབ་སྲས་གཉིས་རེ་མོས་ཀྱི་ཚུལ་དུ་ཕྱི་ནང་གི་གྲུབ་མཐའ་བཟུང་ནམ་བརྩོད་པས་ནང་པའི་གྲུབ་མཐའ་སུས་ཟིན་པ་རྒྱལ་བས་རྟེན་འབྲེལ་ལེགས་པར་འགྲིགས། དེ་ནས་སློབ་དཔོན་ཨཱརྻ་དེ་བས་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་གདམས་དང་བཅས་རྫུ་འཕྲུལ་གྱིས་བྱོན་པའི་ལམ་དུ་མུ་སྟེགས་རིགས་ཀྱི་བུད་མེད་ཅིག་དངོས་གྲུབ་ཀྱི་རྫས་ཀྱི་དོན་དུ་དགེ་སློང་མཁས་པའི་མིག་དགོས་ཟེར་བ་ལ་སྤྱན་ཡ་གཅིག་སྦྱིན་པར་བཏང་བས་ས་གཡོས་པ་ལ་་སོགས་པའི་ལྟས་ཁྱད་པར་ཅན་མང་དུ་བྱུང་།
དེ་ནས་མུ་སྟེཌ་རྟ་དབྱངས་ཀྱིས་ནཱ་ལེནྡྲར་རྒྱལ་པོ་དཔང་བཞག་སྟེ་རྩོད་པ་བྱེད་་དོ་ཞེས་པའི་སྒྲ་ཕྱོགས་ཀུན་ཏུ་གྲགས་པ་དང་། སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་གང་རིགས་ཤིག་ཀྱང་མུ་སྟེགས་རྟ་དབྱངས་འདུལ་་བའི་དོན་དུ་ལྷོ་ཕྱོགས་དཔལ་གྱི་རི་ནས་ན་ལེནྡྲར་འབྱོན་ནོ་ཞེས་པའི་སྒྲ་ཕྱོགས་ཀུན་ཏུ་གྲགས་པ་ལ་རྟེན་ནས་ཕྱི་ནང་གི་པཎྜིཏ་འབུམ་ཕྲག་དུ་མ་ན་ལེནྡྲར་འདུས། སློབ་དཔོན་ཡང་དེར་ཕེབས། དེ་ནས་རྟ་དབྱངས་ཀྱིས་ད་རང་རེ་གཉིས་རྩོད་པར་བྱའོ་ཟེར་བ་ལ་སློབ་དཔོན་ཨརྻ་དེ་བས་དེ་ལྟར་བགྱིའོ་ཞེས་ཞལ་གྱིས་བཞེས། དེ་ནས་རྩོད་པའི་དུས་བཏབ་སྟེ་རྒོལ་བའི་དཀྱིལ་་འཁོར་བཤམས་ནས་རྒྱལ་པོ་དཔང་དུ་བཞག་སྟེ་སུ་ཕམ་པ་དེ་རྩོད་པ་གང་རྒྱལ་བའི་ཕྱོགས་ཀྱི་བསྟན་པ་ལ་འཇུག་པར་བྱས། སློབ་དཔོན་གྱིས་མུ་སྟེགས་ཀྱི་དཔུང་གཉེན་སྲིང་མོ་པཎྜིཏ་དང་། ནེ་ཙོ་པཎྜི་ཧ་དང་། ཐོད་ལེ་ཀོར་པཎྜི་ཏ་རྣམས་ཀྱི་གཉེན་པོར་དགེ་བསྙེན་ངོ་ཚ་མེད་པ་དང་། བྱི་ལ་དང་། མར་ནག་བུམ་པ་གང་རྣམས་སྟ་གོན་བྱས། སང་ཉིན་རྩོད་པ་བྱེད་པའི་དོ་ནུབ་དབུས་སུ་རྒྱལ་པོ་དང་། གཡས་སུ་སློབ་དཔོན། གཡོན་དུ་རྟ་དབྱངས་ཀྱི་ཁྲི་བཤམས། རྟ་དབྱངས་ཀྱི་ཁྲིའི་སྟེང་གི་ཆར་ཀྲད་རྙིང་ལ་སོགས་མི་གཙང་བའི་རྫས་ཐམ་བུ་བཏགས། རྒྱལ་ཕམ་ཤན་འབྱེད་ཀྱི་ཕྱི་ནང་གི་པཎྜིཏ་རྩོད་པ་མཐར་དབྱུང་གི་དཔང་པོ་འབུམ་ཕྲག་དུ་མའི་གདན་ཁྲི་བཤམས་སོ།། ནང་པར་ཁྲི་སོ་སོར་འཁོར་དང་བཅས་པ་འཁོད་པའི་དབུས་སུ། རྟ་དབྱངས་ན་རེ། མིག་གཅིག་པ་འདི་ཅི་སྨྲ་ཞེས་ཟེར་བ་ལ། སློབ་དཔོན་གྱིས། དྲག་པོ་མིག་གསུམ་ལྡན་ཡང་དེ་ཉིད་མཐོང་བ་མེད། །བརྒྱ་བྱིན་མིག་སྟོང་ལྡན་ཡང་དེ་ཉིད་མཐོང་བ་མེད། །ཨརྱ་དེ་བ་མིག་གཅིག་པ་ནི་གང་ཡིན་པས། །སྲིད་པ་གསུམ་པོ་མ་ལུམ་པ་ཡི་དེ་ཉིད་མཐོང་། །ཞེས་གསུངས་པས། རྟ་དབྱངས་ན་རེ། ཁྱོད་ཀྱིས་ངའི་རྩོད་ཟླ་མི་འོང་གིས་ངའི་སྲིང་མོ་འདི་དང་རྩོད་ཅིག སྲིང་མོས་ཀྱང་ལན་ཐོབ་ཟེར་བ་ན་སྲིང་མོ་ལྷ་མོ་ཨུ་མ་རྩོད་དུ་བྱུང་བས་དགེ་བསྙེན་ངོ་ཆ་མེད་ཀྱིས་ལུས་གཅེར་བུར་ཕྱུང་བ་མཚན་མ་གྱེན་དུ་བསྒྲེངས་བས་དེད་པས་ལྷ་མོ་ཨུ་མ་ངོ་ཚ་ནས་བྲོས་སོ།། དེ་ནས་རྟ་དབྱངས་ཀྱིས་ངའི་ནེ་ཚོ་འདི་དང་རྩོད་ཅིག། ནེ་ཙོས་ཀྱང་ལན་ཐོབ་ཟེར་བ་ན་ཚངས་པའི་སྤྲུལ་པ་ནེ་ཙོ་རྩོད་དུ་བྱུང་བ་ལ། བྱི་ལ་བཏང་བས་ནེ་ཙོའི་སྐེ་བཅད་པས། རྟ་དབྱངས་ན་རེ་ནང་པ་སངས་རྒྱས་པར་ཁས་འཆེ་བ་དང་སྲོག་གཅོད་པ་འགལ། ཁྱོད་ལ་སྡིག་པ་འོང་ཟེར་བ་ལ། སློབ་དཔོན་ཨརྱ་དེ་བས་དཔལ་གྱི་རི་ན་་ལྡིག་སྦྱོང་བྱེད་པའི་སློབ་དཔོན་བཞུགས་ཡོད་གསུངས་པས། དེས་སྡིག་སྦྱོང་བྱས་པས་ཁྱོད་ཀྱི་སྡིག་པ་སྦྱོང་ངམ་ཟེར་བ་ལ། འོ་ན་བྱི་ལས་ནེ་ཙོ་བསད་པའི་སྡིག་པ་ང་ལ་འོང་ངམ་གསུངས་པས་སྤོབས་པ་ལན་མེད་དུ་གྱུར། དེ་ནས་རྟ་དབྱངས་ཀྱིས་ངའི་ཐོད་ལེ་ཀོར་དང་རྩོད་ཅིག ཀོད་ལེ་ཀོར་གྱིས་ཀྱང་ལན་ཐོབ་ཟེར་ནས་ཁྱབ་འཇུག་གི་སྤྲུལ་པ་ཐོད་ལེ་ཀོར་སོ་ཕག་གི་སྟེང་སྐྱུར་བྱུང་བས། སློབ་དཔོན་གྱིས་མར་ནག་གིས་བྱུགས་པས་རི་མོ་མ་བྱུང་བས་རྟ་དབྱངས་ངོ་གནོང་ཞིང་སྐྱེངས་པར་གྱུར་ནས། སྔར་དབང་ཕྱུག་གིས་མཆོག་བྱིན་པའི་རློམ་པས་སློབ་དཔོན་ཨརྱ་དེ་བ་དང་ལྷན་ཅིག་རང་བཞིན་ཡོད་མེད་དང་ལས་རྒྱུ་འབྲས་སོགས་ལས་བརྩམས་པའི་རྩོད་པ་ལ་ཞུགས་པ་ན། སློབ་དཔོན་་ཨརྻ་དེ་བས་མུ་སྟེགས་ཀྱི་རྩ་བའི་གྲུབ་མཐའ་དབང་ཕྱུག་རྟག་པ་རང་བྱུང་གི་ཚད་མའི་སྐྱེ་བུར་སྨྲ་བ་དང་། སྒྲ་རྟག་པ་ནམ་མཁའི་ཡོན་ཏན་དུ་སྨྲ་བ་དང་། སྤྱི་གཙོ་བོ་ཆ་མེད་དུ་སྨྲ་བ་སོགས་མུ་སྟེགས་རྟག་པར་སྨྲ་བའི་གྲུབ་མཐའ་ངན་པ་མཐའ་དག་དྲི་མ་མེད་པའི་རིག་པ་སྟོང་གིས་སུན་ཕྱུང་སྟེ་རྣམ་པ་ཀུན་ཏུ་ཕམ་པར་བྱས་པའི་ཚེ། ཐོག་མར་དེར་ཚོགས་པ་ཀུན་གྱིས་གོ། བར་དུ་ཅུང་ཟད་རེ་ལས་མ་གོ། མཐར་གྲུབ་མཐའི་དཀའ་གནས་ཤིན་ཏུ་ཕྲ་བ་ལ་ཐུག་པའི་ཚེ་དཔང་པོ་རྣམས་ཀྱིས་ཤན་མ་ཕྱེད་། དེའི་སྟོབས་ཀྱིས་རྒྱལ་པོས་ཚར་གཅོད་མ་ཤེས་ཀྱང་། སློབ་དཔོན་ཨརྻ་དེ་བའི་རིག་པ་ཕྲ་མོ་རྣམས་ལ་རྟ་དབྱངས་ཀྱིས་ལན་མ་ཐེབས་པས་རྟ་དབྱངས་རྩོད་པའི་རིག་པས་ཕམ་སྟེ། ད་རྫུ་འཕྲུལ་འགྲན་ཟེར་ནས་རྟ་དབྱངས་ཀྱིས་བརྒྱ་བྱིན་མིག་སྟོང་ཡོད་པར་སྤྲུལ་པ། སློབ་དཔོན་གྱིས་ཕྱག་སྟོང་སྤྱན་སྟོང་དུ་སྤྲུལ་ཏེ་ཟིལ་གྱིས་མནན། རྟ་དབྱངས་ཀྱིས་ཁ་ནས་མེ་ཕྱུང་བ། སློབ་དཔོན་གྱིས་ཞབས་ནས་ཆུ་ཕྱུང་སྟེ་བསད། རྟ་དབྱངས་ཀྱིས་ནམ་མཁའ་ལ་དཀྱིལ་འཁོར་བྲིས་པ་སློབ་དཔོན་གྱིས་བསུབས་པས་རྩོད་པ་དང་། ནུས་པ་དང་རྫུ་འཕྲུལ་གང་ཡང་འགྲན་མ་ནུས་པས་ཤིན་ཏུ་ངོ་ཚ་བར་གྱུར་ཅིང་དབང་ཕྱུག་སྙིང་ལ་ཞུགས་ཏེ་བྱིན་གྱིས་རློབ་པར་ཁས་བླངས་པའང་མི་གཙང་བའི་རྫས་ཀྱིས་འཁོར་་མ་ནུས་པས། ལྷས་ང་མང་པོའི་ངོར་བསླུས་སོ་ཞེས་སྨྲེ་སྔགས་བཏོན་ཏེ་སྔར་གྱི་ང་རྒྱལ་ཆེས་པས་ཤིན་ཏུ་སྐྱེངས་ཏེ་ཚངས་པའི་འཇིག་རྟེན་དུ་འབྲོས་སོ་སྙམ་ནས་ནམ་མཁའ་ལ་འཕུར་ནམ་བྲོས་པ་སློཔ་དཔོན་གྱིས་ཕྱི་བཞིན་དེད་པས་ནམ་མཁའི་དབྱིངས་མཐོ་སར་ཟིན་ཏེ་ད་ཁྱོད་འདི་ཡན་ལ་མ་འགྲོ། ཕྱིན་ན་རླུང་སྤུ་གྲི་ཅན་ཞེས་བྱ་བ་ཡོད་པས་དེས་ཁྱོད་ཀྱི་ལུས་དུམ་བུར་གཏུབ་བོ་གསུངས་པས། དེ་ལྟར་ཡོད་པ་ཅིས་ཤེས་ཟེར་བ་ལ། འ་ན་ཁྱོད་རང་གི་རལ་པ་གཅིག་ཆོད་ལ་བསྐྱུར་དང་གསུངས་པས། རྟ་དབྱངས་ཀྱིས་དེ་ལྟར་བྱས་པས་སྐྲ་རྡུལ་ཕྲན་བཞིན་དུ་སོང་བས་རྟ་དབྱངས་དྲེད་དེ་འགྲོ་མ་ནུས། དེ་ནས་མར་ཁྲིད་དེ་ན་ལེནྡྲར་སླེབ་པ་ན་རལ་པ་བྲེགས་ཤིག་ཅེས་བསྒོ་ཡང་རལ་པ་འདྲེག་ཏུ་མ་བཏུབ་པར་ང་རང་གདྒར་འཆིར་འགྲོ་ཟེར་ཡང་རྒྱལ་པོས་རྟ་དབྱངས་བཀའ་སྡེ་སྣོད་མང་པོ་བཞུགས་པའི་གཙུག་ལག་ཁང་ཞིག་ཏུ་བཅུག་ནས་སྒོ་ལ་ལྕགས་ཟེར་གྱིས་བཏབ་སྟེ་བཞག་་པས། རྟ་དབྱངས་སྐྱོ་སྟེ་མདོ་རྒྱུད་བསྟན་བཅོས་རྣམས་ལ་ལྟས་པས། མུ་སྟེགས་རང་གཞུང་གི་གྲུབ་མཐའ་ཁས་ལེན་གཏན་ནས་མ་འཕྱུགས་ཀྱང་། འཕགས་པའི་རྩོད་རིག་ཤིན་ཏུ་རྣོ་བས་རྣམ་པ་ཀུན་ཏུ་ཕམ་པར་བྱས་པ་ནི་རང་གི་གྲུབ་མཐའི་གཏིང་རུལ་བའི་རྟགས་ཡང་དག་པར་ཤེས་ཤིང་། ལྷག་པར་འཇམ་དཔལ་རྩ་རྒྱུད་ཀྱི་གླེགས་བམ་བཀླགས་པས། སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་ལུང་བསྟན་པའི་ཚུལ་དང་སྡེ་དགེ་བཀའ་འགྱུར་༣༢༥ ན༧ རང་ཉིད་ཀྱང་ལུང་བསྟན་པའི་ཚུལ་རྣམས་མཐོང་བས། རྒྱལ་བའི་བཀའ་ལ་སྙིང་ཐག་པ་ནས་ཡིད་ཆེས་ཏེ། ལས་རྒྱུ་འབྲས་ཀྱི་ཆོས་ཟབ་མོ་ལ་སྐུར་བ་བཏབ་པའི་རྣམ་སྨིན་ལ་ནི་འཇིགས། སྔར་བྱ་བ་མ་ཡིན་པ་བྱས་པ་ལ་ནི་སྙིང་ཐག་པ་ནས་འགྱོད། སངས་རྒྱས་བཅོམ་ལྡན་འདས་ཉག་ཅིག་ནམ་ཡང་བསླུ་བ་མེད་པའི་སྐྱབས་སུ་ངེས་ནས་སློབ་དཔོན་ལ་བདག་རབ་ཏུ་དབྱུང་དུ་གསོལ་ཞེས་ཞུས་པས། སློབ་དཔོན་ཨདྨ་དེ་བས་སློབ་དཔོན་ཀླུ་སྒྲུབ་ཀྱི་སྤྱན་སྔར་ཁྲིད་དེ་རབ་ཏུ་ཕྱུང་སྟེ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་ལུང་དང་མན་ངག་ཐམས་ཅད་རྫོགས་པར་གནང་བས་ཐུབ་བསྟན་ཡོངས་རྫོགས་ལ་མཁས་པར་གྱུར་ཏེ། སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་ཀྱི་མན་ངག་གི་མཛོད་འཛིན་པ་མཁམ་མཆོག་དཔའ་བོ་ཞེས་སྲིད་པ་གསུམ་ན་ཡོངས་སུ་གྲགས་པར་གྱུར་ཏོ།། དེ་ནས་རྨི་ལམ་དུ་འཕགས་མ་སྒྲོལ་མས་ལུང་བསྟན་ཏེ། ཁྱོད་ཀྱིས་སངས་རྒྱས་ལ་བསྟོད་པ་མང་དུ་གྱིས་ཤིག། སྔོན་ཆོས་ལ་བརྟེན་ནས་བསགས་པའི་ལས་ཀྱི་སྒྲིབ་པ་བྱང་བར་འགྱུར་རོ་ཞེས་གསུངས་པས་བསྐུལ་ཏེ། བཤགས་པའི་དོན་དུ་བསྔགས་པར་འོས་པ་ལ་བསྔགས་པའི་བསྟོད་པ་བརྩམས་ཤིང་གཞན་ཡང་བསྟོད་པ་བརྒྱ་ལྔ་བཅུ་པ་ལ་སོགས་མདོ་སྔགས་ཀྱི་བསྟན་བཅོས་མང་པོ་དང་། ཁྱད་པར་ཐེག་པ་ཆེན་པོའི་ལམ་གྱི་གཞུང་ཤིང་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་རྒྱལ་སྲས་ཀྱི་སྤྱོད་པ་ཕ་རོལ་དུ་ཕྱིན་པ་དྲུག་ལ་སློབ་ཚུལ་ཐུབ་པའི་སྔོན་གྱི་འཁྲུངས་རབས་དང་སྦྱར་ཏེ་སྟོན་པའི་གཞུང་མཆོག་ཏུ་གྱུར་པ་སྐྱེས་རབས་སོ་བཞི་པར་གྲགས་པ་འདི་མཛད་པས། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ནས་གསུངས་པའི་ལམ་གྱི་གནད་ཐམས་ཅད་ལུས་གཅིག་ཏུ་དྲིལ་ཏེ་ཉམས་སུ་ལེན་པར་བྱེད་པ་རྣམས་ལ་བཀའ་དྲིན་ཟླ་མེད་དུ་མཛད་དོ།། སློབ་དཔོན་འདི་མུ་སྟེགས་ཀྱི་གྲུབ་མཐའ་འཛིན་པའི་སྐབས་སུ་མུ་སྟེགས་ཀྱི་སྟོན་པ་མཁས་པ་ཆེན་པོ་རྟ་དབྱངས་ཞེས་ཕྱོགས་ཀུན་ཏུ་གྲགས་པས། སློབ་དཔོན་འདི་རྒྱལ་བའི་བསྟན་པ་ལ་ཞུགས་པ་ན་མུ་སྟེགས་པ་རྣམས་ཀྱིས་མཁས་པ་ཆེན་པོ་རྟ་དབྱངས་ལྟ་བུའང་མུ་སྟེགས་ཀྱི་གྲུབ་མཐའ་དོར་ནས་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པར་བྱེད་ན། སངས་རྒྱས་ཀྱི་བསྟན་པ་ཉིད་ཁྱད་པར་དུ་འཕགས་པར་ངེས་སོ་ཞེས་མུ་སྟེགས་བྱེད་སྟོང་ཕྲག་མང་པོ་དང་། ཁྱིམ་པ་སྟོང་ཕྲག་མང་པོ་དག་རྒྱལ་བའི་བསྟན་པ་ལ་ཞུགས་ཏེ་རབ་ཏུ་བྱུང་བས་རྒྱལ་བའི་བསྟན་པ་ཆེས་ཆེར་འཕེལ་བར་གྱུར་ཅིང་། ནཱ་ལེནྡྲ་ཉིད་དུ་ཡང་དེའི་ཚེ་གསར་དུ་རབ་ཏུ་བྱུང་བ་ཉིས་སྟོང་ཙམ་བྱུང་ཞེས་གྲགས་སོ།། དེ་ནས་སློབ་དཔོན་དཔའ་བོས་སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་ཀྱི་མན་ངག་ལྟར་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་སློབ་པའི་ཚུལ་ཐུབ་པའི་འཁྲུངས་རབས་དང་སྦྱར་ཏེ་སྟོན་པའི་སྐྱེས་རབས་སོ་བཞི་པ་འདི་ནས་བཤད་པ་ལྟར། སྟོན་པ་ཐུགས་རྗེ་ཅན་དེས་སྔོན་སློབ་པ་ལམ་གྱི་གནས་སྐབས་སུ་བདག་ཅག་སེམས་ཅན་རྣམས་ཀྱི་དོན་དུ་འདི་ལྟ་བུའི་བྱ་དཀའ་བའི་སྤྱོད་པ་ལ་སློབ་པར་མཛད་ན། བདག་གིས་ཀྱང་སྟོན་པའི་མཛད་པ་བཟང་པོ་འདིའི་རྗེས་སུ་སློབ་པར་བྱའོ་སྙམ་དུ་ཐུགས་བསྐྱེད་ཆེས་ཆེར་འཕེལ་བ་ན། སྔོན་དེ་བཞིན་གཤེགས་པས་སྟག་མོ་ལ་ལུས་བྱིན་པའི་མཛད་པ་བསྟན་པའ་ཚེ་ཇི་ལྟར་བྱུང་བ་དེ་ཁོ་ན་འདྲ་བའི་སྟག་མོ་ཕྲུག་གུ་མང་པོ་འབྲངས་ཏེ་བཀྲེས་པའི་ཉེན་ནས་རང་གི་ཕྲུག་གུ་རྣམས་ཟ་བར་རྩོམ་པ་ཞིག་གཟིགས་པ་ན་བཟོད་གླགས་མེད་པའི་སྙིང་རྗེ་སྐྱེས་ཏེ། རང་གི་སྐུ་ལུས་ཀྱི་རྩ་བཀྲོལ་ཏེ་སྟག་མོ་ཕྲུག་གུ་དང་བཅས་པ་ཁྲག་གིས་གསོས་ཤིང་སྨོན་ལམ་བདུན་ཅུ་པ་ཁྲག་གིས་བྲིས་ཏེ་ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱི་དོན་དུ་བཞག སྟག་མོ་ཕྲུག་གུ་དང་བཅས་པ་ཁྲག་གིས་ཅུང་ཟད་གསོས་པ་ན་སྐུ་ལུས་བྱིན་ཏེ་ཞིང་གཤེགས་སོ།། དེས་ན་བདག་ཉིད་ཆེན་པོ་འདི་ནི་རྒྱལ་སྲས་སའི་དབང་ཕྱུག་ཏུ་གྱུར་པ་ཞིག་ཡིན་པར་གདོན་མི་ཟ་ཞིང་། འཇམ་དཔལ་རྩ་རྒྱུད་ལས་ཀྱང་ཕྱིར་མི་ལྡོག་པར་ལུང་བསྟན་ཏོ། དུས་རབས་ནི་ཀ་ཁ་བརྒྱ་ཕྲག་བཅུ་པའི་ནང་ཙམ་མོ།། །།
སློབ་དཔོན་དཔའ་བོའི་ངོ་སྤྲོད་སྙིང་བསྡུས།
སྨན་དགེ་རྡོ་རྗེ་དགྲ་འདུལ།
ལོ་ཙཱ་བ་བློ་བཟང་ནོར་བུ་ཤཱསྟྲཱི།
དེ་ནས་བོད་སིལ་བུའི་དུས་རབས་ནང་གངས་ཅན་ཆོས་ཀྱི་རྒྱལ་པོའི་གདུང་བརྒྱུད་དྲི་མ་མེད་པ་ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐུ་ཚེའི་སྟོད་ཀྱི་ཆར་པཎྜིཏ་དྷརྨ་ཝརྨ་དང༌། སྙེ་བོ་ལོ་ཙཱ་བ་དབྱིག་གི་རིན་ཆེན་དང༌། མར་ལོ་རིག་པ་གཞོན་ནུ་དང་དབྱི་གུ་དགེ་སློང་ཤཱཀྱ་བློ་གྲོས་རྣམས༌ཀྱིས༌ཡན་ལག་བརྒྱད༌པའི༌སྙིང༌པོ་བསྡུས་པའི་རང་འགྲེལ་བསྒྱུར། དེ་ནས་གུ་གེའི་ཆ་སྙུང་ཝམ་རཏྣ་རུ། ཕྱི་ལོ་ ༩༤༨ རབ་གནས་ས་རྟ་ལོར་སྐུ་འཁྲུངས་པ་སྙིགས་དུས་ཀྱི་ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོ་དགུང་ལོ་བཅུ་བདུན་ནས་འཕགས་ཡུལ་དུ་ལོ་བཅུ་བཞུགས། ཇོ་བོ་ན་རོ་ཏ་པ་ལ་སོགས༌པའི༌པཎྜི༌ཏ༌བདུན༌ཅུ༌རྩ༌ལྔ༌བསྟེན༌ནས༌མཁས་པའི་ཕུལ་དུ་གྱུར་ཏེ་བོད་དུ་ཕེབས། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་མཐུན་རྐྱེན་སྦྱར་ཏེ་གསང་སྔགས་ཀྱི་གཞུང་དང་། བཀའ་བསྟན་བཅོས་མཐའ་ཡས་བ་བསྒྱུར། ལྷག་པར་དུ་ཁ་ཆེའི་པཎྜིཏ་ཛྙཱན་གརྦྷ་ལ་གསེར་སྲང་བརྒྱ་ཕུལ་ནས་ཡན་ལག་བརྒྱད་པ་འདི་དང་འགྲེལ་བ་ཟླ་ཟེར་སོགས་བསྒྱུར་ཏེ་གང་གི་སློབ་མ་སྤུ་རངས་སྨན་བ་བཞི་སོགས་བརྒྱུད་དེ་ཡན་ལག་བརྒྱད་པའི་འཆད་ཉན་དར་ཁྱབ་ཆེ་བ་བྱུང་བར་མ་ཟད། དུས་རབས་བཅུ་གཅིག་བའི་ནང་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོས་གསོ་བ་རིག་པ་ཀུན་གྱི་ཡང་སྙིང་རྒྱུད་ཀྱི་རྒྱལ་པོ་དཔལ་ལྡན་རྒྱུད་བཞི་རྩོམ་སྒྲིག་མཛད་སྐབས་ཀྱང༌འདི༌ནས༌སྙིང༌བཅུད༌མི༌ཉུང༌བ༌བསྡུ༌ལེན་མཛད་གནང་ཡོད།
ཕྱིས་ཀྱི་རྒྱུད་དོན་འགྲེལ་བྱེད་པ་ཀུན་གྱིས་ལུང་འདྲེན་ཆེས་མང་བར་མཛད་པའི་བསྟན་བཅོས་འདི་ཉིད་རྒྱ་གར་གྱི་སློབ་དཔོན་ཆེན་པོ་དཔའ་བོས་མཛད་པ་ཡིན་ལ།རྒྱལ་བའི་ལུང་གིས་ཟིན་པའི་སྐྱེས་བུ་ཆེན་པོ་དེ་ནི་ནུབ༌ཕྱོགས༌ཁ༌ཆེའི༌ཡུལ༌དུ༌ཡབ་སིངྷགུཧྱ་སྟེ་སེང་གེ་གསང༌བ༌དང༌། ཡུམ༌རཏྣསིདྡྷི༌སྟེ༌རིན༌ཆེན༌དངོས༌གྲུབ༌གཉིས༌ཀྱི༌སྲས་སུ་སྐུ་བལྟམས། བསྐྱེད་བསྲིངས་ཏེ་རིང་པོར་མ་ལོན་པར་བྲམ་ཟེའི་རིག་བྱེད་བཞི་ལ་སོགས་པ་རྣམས་ལ་མཁས་པར་སྦྱངས། ཡབ་ལས་གསོ་བ་རིག་པ་བསླབ་སྟེ་ཚེགས་མེད་དུ་མཁྱེན། ཡུམ་ནང་པའི་བསྟན་པ་ལ་གུས་པས་ནན་གྱིས་བསྐུལ་ཡང་མ་གསན༌པར༌མུ་སྟེགས་ཀྱི་གྲུབ་མཐར་བཞུགས། ནུབ་ཕྱོགས་ཨུ་རྒྱན་དུ་དབང་ཕྱུག་ཆེན་པོའི་རྟེན་དྲུང་དུ་དབང་ཕྱུག་མ་གྲུབ་ཀྱི་བར་དུ་གནས་དེ་ལས་མི་ལྡང་བའི་དམ་བཅས་ཏེ་བརྩོན་པ་ཆེན་པོས་བསྒྲུབས་པས་ཞག་བདུན་གྱི་མཐར་དབང་ཕྱུག་ཆེན་པོས་ཞལ་དངོས་སུ་བསྟན་ཏེ་མངལ་སྐྱེས་གང་གིས་ཀྱང་མི༌ཐུབ༌པའི༌དངོས༌གྲུབ༌དག༌བྱིན༌ཏེ༌ནང་པ་སངས་རྒྱས༌པའི༌བསྟན༌པ༌མིང༌གི༌ལྷག་མེད་དུ༌གྱིས༌ཤིག༌གསུངས༌པ༌ལྟར༌ནུབ༌ཕྱོགས༌ཀྱི༌པཎྜིཏ་རྣམས་རྩོད་པས་ཕམ་པར་བྱས་ཏེ་ཕྱི་རོལ་པའི་རིང་ལུགས་སུ་བསྒྱུར། སླར་མས་བསྐུལ་བ་ལྟར་དབུས་ཕྱོགས་སུ་བྱོན་ཏེ་ནལེནྡྲའི༌དགེ༌འདུན༌རྣམས༌དང༌རྩོད༌པར༌བརྩམས༌པ༌ན༌པཎྜི༌ཏ༌སུས༌ཀྱང༌གླགས༌རྙེད༌པར་དཀའ་བར་བརྟེན་གསང་གྲོས་བྱས་ཞེས་ཟེར་བ་དང༌། འགས་པཎྜི་ཏ་ཞིག་གི་མནལ་ལམ་དུ་སྦྲུལ་པའི་བྱ་རོག་ཞིག་གིས་ལྷོ་ཕྱོགས་དཔལ་གྱི་རིར་ཀླུ་སྒྲུབ་ཡབ་སྲས་ལ་འཕྲིན་སྐྱེལ་བའི་རྨི་ལྟས་བྱུང་ཟེར་བ་ལྟར་འཕྲིན་ཡིག་བྲིས་ཏེ་གཏོར་མའི་ནང་དུ་བཞག༌པར༌ནག༌པོ་ཆེན་པོའི་ཐུགས་ཀ་ནས་བྱ་རོག་ཞིག་ཐོན་ཏེ་འཕྲིན་ཡིག་མཆུ་ཏོས་ཁྱེར་ཏེ་སྐད་ཅིག་ལ་སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་ཀྱི་བཞུགས་གནས་སུ་སླེབས། དེར་སློབ་དཔོན་ཀླུ་སྒྲུབ་ཀྱིས་རྟ་དབྱངས་ཀྱིས་བསྟན་པ་ཉམས་པར་བྱས་པ་དེ་བཟློག་པར་འགྲོ་གསུངས། འཕགས་པ་ལྷས་སློབ་དཔོན་ཕེབས་མི་དགོས་བདག་གིས་འདུལ་ཞུས་པར། ཁྱོད་ཀྱིས་ཐུབ་མིན་ལྟའོ་ཞེས་སློབ་དཔོན་ཉིད་རྟ་དབྱངས་ཀྱི་གྲུབ་མཐའ༌བཟུང༌སྟེ༌འཕགས༌པ༌ལྷ༌དང༌བརྩད༌པས་སློབ་དཔོན་ཕྱི་རོལ་པའི་གྲུབ་མཐར་མཁས་པས་འཕགས་པ་ལྷ་ཡིད་གཉིས་སུ་གྱུར་ཏེ་མཆིལ་ལྷམ་ཞུས་པ་སློབ་དཔོན་གྱི་སྤྱན་ལ་ཕོག དེ་མ་ཐག་འགྱོད་དེ་བཟོད་པ་གསོལ་བ་ན། ཁྱོད་ཀྱིས་བདག་ཕྱི་རོལ་པར་མཐོང་བ་ཡིན་པས་ཉེས་པ་ཆེར་མེད་མོད། ལམ་དུ་སློང་བ་པོ་བྱུང༌ན༌མ༌ཆགས༌པར༌བྱིན༌ཅིག༌ཅེས༌གསུངས། འཕགས་པ་ལྷས་མུ་སྟེགས་པ་དེ་བདག་གིས་བཏུལ་མི་ནུས་སམ་དགོངས་པའི་ཚེ། སློབ་དཔོན་གྱིས་ཁྱོད་ཀྱི་དེ་འདྲ་བའི་ཡིད་གཉིས་བྱེད་མི་དགོས། སྔོན་སྟོན་པ་འོད་མའི་ཚལ་དུ་འཁོར་འདུས་པའི་དབུས་སུ་ཆོས་གསུངས་པའི་དུས་བར་སྣང་ནས་བྱ་རོག་ཞིག་གིས་དབུར་བྱ་ཐལ་དོར་ཀྱང་མཐར་དད་པའི་སེམས་སྐྱེས་ནས་སོང་བས། འཁོར་རྣམས་ཀྱིས་ཅིའི་ལྟས་ལགས་ཞུས་པས། བྱ་རོག་འདི་མུ་སྟེགས་ཐུབ་དཀའ་ནག་པོ་ཞེས་བྱ་བར་གྱུར་ནས་ངའི་བསྟན་པ་ལ་རྨ་ཆེན་པོ་འབྱིན་ཅིང་མངལ་སྐྱེས་གང་གིས་ཀྱང་འདུལ་བར་མི་ནུས་གསུངས། དེའི་ཚེ་འཁོར་གྱི་ནང་ནས༌ལི་ཙ་བི་ལག་ན་མེ་ཏོག་ཅན་བྱ་བའི་ཁྱིའུ་ཞིག་གིས་བདག་དེའི་ཚེ་བརྫུས་ཏེ་སྐྱེས་ནས་མུ་སྟེགས་དེ་ཡང་དག་བཏུལ་ནས་ནང་པའི་བསྟན་པ་ལ་འཛུད་པར་ཤོག་ཅེས་སྨོན་བཏབ་ཅིང་སྟོན༌པས༌ཀྱང༌ཅང༌མི༌གསུང༌བར་ཞལ་གྱིས་བཞེས་པའི་གང་ཟག་ཁྱད་པར་ཅན་དེ་ཁྱོད་ཡིན་པས་རང་གི་སྨོན་ལམ་གྱི་དབང་དང་། མཐར་བྱ་རོག་དད་པ་སྐྱེས་པའི་མཐུས་ཐུལ་ཏེ་ནང་པའི་བསྟན་པ་ལ་འཇུག་ཐུབ་པ་འདུག་པས་སོང་ཞིག་གསུངས་པ་ལྟར་རྫུ་འཕྲུལ་གྱིས་ནཱལེནྡྲར་བྱོན། ལམ་དུ་སའི་ལྷ་མོས་བྲམ་ཟེར་བརྫུས་ཏེ་སྦྱན་ཡ་གཅིག་སློང་བ་ལྟར་བྱིན། ཡོངས་གྲགས་ལྟར་ནཱལེནྡྲར་རྩོད་པ་དང་རྫུ་འཕྲུལ་གྱི་སྒོ་ནས་རྟ་དབྱངས་ཕམ་བར་བྱས་ཏེ། རལ་པ་བྲེགས་ཏེ་སྡེ་སྣོད་གསུམ་བཞུགས་པའི་གཙུག་ལག་ཁང༌གཅིག༌ཏུ་བཅུག་སྟེ་བཞག་པས། རྟ་དབྱངས་ཀྱིས་མདོ་རྒྱུད་བསྟན་བཅོས་རྣམས་སུ་བལྟས་པས༌རང༌གི༌ལྟ༌བ་ལོག་པ་དང་བཅས་ཤིང་རྒྱུ་འབྲས་ཁྱད་བསད་ཀྱིས་དམྱལ་བར་སྐྱེ་བར་གོ་ནས་འགྱོད་པ་དྲག་པོ་སྐྱེས། ཉེས་པ་ལྕེས་བྱས་པས་ལྕེ༌གཅོད༌ཟེར༌ནས༌སྦུ༌གྲི༌བླངས༌བར༌མ༌སྟེར། དེ་ནུབ་ཀྱི་རྨི་ལམ་དུ་སྔར་བྱས་ལ་འགྱོད་པས༌སྡིག༌པ་སྲབ་པ་འགྱུར་ལ། ད་ནང་པ་སངས་རྒྱས་པའི་བསྟན་པར་ཞུགས་ནས་ལས་རྒྱུ་འབྲས་སོགས་ལས་བརྩམས་ཏེ་བསྟན་བཅོས་མཛད་ན་སྡིག་པ་རྣམས་དག་གོ་ཞེས་རྗེ་བཙུན་སྒྲོལ་མས་ལུང་བསྟན་པ་ལྟར་ལུས་ཀྱི་སྡིག་བཤགས་སུ་ཡན་ལག་བརྒྱད་པ་ཆེན་པོ། ཡན་ལག་བརྒྱད་པ་བསྡུས་པ། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་དང༌། དེའི་རང་འགྲེལ་དང་བཞི། ངག་གི་སྡིག་བཤགས་སུ་སྐྱེས་རབས། ཡིད་ཀྱི་སྒྲིབ་སྦྱང་དུ་རྩ་ལྟུང་བསྔགས་འོས་བསྔགས་བསྟོད་སོགས་བསྟོད་པ་བརྒྱ་རྩས་མཚོན་རིག་པའི་གནས་ལྔར༌བསྟན་བཅོས་ཀྱང་མང་དུ་མཛད་པར་གྲགས། དེ་དག་གི་ནང་ནས་ཡན་ལག་བརྒྱད༌པའི༌སྙིང་པོ་བསྡུས་པ་འདི་ཉིད་རྩོམ་པའི་དུས་སུ་འོག་ཀླུ་ཡུལ་དུ་དགེ་ལེགས་ཀྱི་མཚན་མ་གསུམ། ས་བླ་ལྷའི་ཡུལ་དུ་དགེ་ལྟས་གསུམ། ས་སྟེང་མི་ཡི་ཡུལ་དུ་དགེ་ལྟས་བཅུ་གཉིས་བཅས་ས་གསུམ་དུ་རྩོམ་པའི་རྣམ་འཕྲུལ་བཅོ་བརྒྱད་གསལ་བར་བྱུང་བའི་བསྟན་བཅོས་རྨད་དུ་བྱུང་བ་འདིར་གནས་དྲུག་ལེའུ་བརྒྱ་དང་ཉི་ཤུའི་བདག་ཉིད་ཅན་དུ་གནས་པ་ཡིན། སློབ་དཔོན་ཆེན་པོ་འདི་ཉིད་ཐོག་མར་ཕྱི་རོལ་པའི་གྲུབ་མཐའ་རྒྱ་མཚོའི་མཐར་སོན་ནས་རྗེས་སུ་ནང་པའི་བསྟན༌བར༌ཞུགས་ཏེ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་སློབ་མ་མཛད་ནས༌ཕྱི་ནང༌གི༌རིག༌པའི༌གནས༌མཐའ་དག་ལ་མཁས་པར་གྱུར་པས། སློབ་དཔོན་འདིའི་མཚན་དུ་བཙུན་པ་དཔའ་བོ། རྟ་དབྱངས། མུ་སྟེགས་ཐུབ་དཀའ་ནག་པོ། ཕ་ཁོལ། མ་ཁོལ། དཔལ་ཆེན་དགེ་བ། དགའ་བྱེད། དགྲ་ལས་རྣམ་རྒྱལ། རྡོ་རྗེའི་མཚོན་ཆ་སོགས་མཚན་གྱི་རྣམ་གྲངས་གྲགས་ཆེ་བ་ཉི་ཤུ་རྩ་གཅིག་ཙམ་ཡོད་པར་གྲགས་སོ༎
- ཝཱཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་ཁང་ནས་ཕྱི་ལོ་ ༢༠༠༢ ལོར་པར་སྐྲུན་ཞུས་པའི་དེབ་<<སློབ་དཔོན་དཔའ་བོས་མཛད་པའི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་འགྲེལ་པ་ཚིག་ཉུང་དོན་གསལ། པོད་དང་པོ།>> ཞེས་པའི་གླེང་བརྗོད་ནས་ཟུར་འདོན་ཞུས།།
མཐའ་མའི་འདོན་ཐེངས་།: 12.05.2025 ཉིན། 3:35 PM
<< སྔ་མ།