སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

སྡེ་དགེ་བསྟན་པ་ཚེ་རིང་།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.06.2017
གསོ་རིག་མཁས་དབང་རིམ་བྱོན། >>


སྡེ་དགེ་བསྟན་པ་ཚེ་རིང་།

- བྱམས་པ་འཕྲིན་ལས།
 

སྡེ་དགེ་བསྟན་པ་ཚེ་རིང་ནི། དཔོན་དབང་ཆེན་མགོན་པོ་ལ་སྲས་གཉིས་བྱུང་བའི་ཕྱི་མ་དེ་ཉིད་ཡིན་ཞིང་། འཁྲུངས་ལོ་ཇི་བཞིན་མ་རྙེད་རུང་དུས་རབས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་འཚོ་གཞེས་སྐབས་དང་མཚུངས། དམ་པ་དེ་ཐོག་མ་ཉིད་ནས་ཐུགས་དུལ་ཞིང་། ཡིད་གཞུངས་པ། མང་དུ་ཐོས་པའི་ཤེས་རབ་ཀྱི་ནོར་དང་ལྡན་ལ། ཁྱད་པར་གསོ་བ་རིག་པའི་གཞུང་ལུགས་འཚོ་བའི་མདོ་དང་། ཡན་ལག་བརྒྱད་པ་དང་། རྒྱུད་བཞི་འགྲེལ་པ་དང་བཅས་པ་ལ་སྦྱངས་པའི་ཕ་རོལ་དུ་སོན་ནས། མཆོག་དམན་གྱི་འགྲོ་བ་ཐམས་ཅད་དུས་མ་ཡིན་པར་འཆི་བ་དང་། ནད་ཀྱི་ཟུག་རྔུས་གདུང་བར་གྱུར་པའི་འཇིགས་པ་ལས་སྐྱོབ་པས་སེམས་ཅན་མང་པོའི་ཉེར་འཚོའི་གཞི་ཆེན་པོ་ཉིད་དུ་གྱུར།
 

དེ་ལྟར་ཡང་སྐྱེས་པ་རབས་ཀྱི་རྒྱུད་ལས། རིག་བྱེད་ཤེས་ལ་དེ་ནི་ཚངས་པ་བཞིན། །རྒྱལ་པོ་རྣམས་ཀྱིས་བཀུར་བ་རྒྱལ་པོ་བཞིན། །སྐྱེ་རྒུ་རྣམས་ལ་བརྒྱ་སྦྱིན་མངོན་སུམ་བཞིན། །ཤེས་འདོད་རྣམས་ལ་དྲན་སྤྱོད་ཕ་དང་འདྲ། །ཞེས་པ་ལྟར་ཐབས་ཀྱི་བྱེ་བྲག་ཅི་རིགས་པའི་སྒོ་ནས་ཕན་འདོགས་པ་ཞིག་གོ། མི་བདག་ཆེན་པོ་རང་གིས་ཡོངས་རྫོགས་བསྟན་པའི་མངའ་བདག་འཇམ་པའི་དབྱངས་སངས་རྒྱས་ཕུན་ཚོགས་པ་དང་། གཞུང་ལུགས་རབ་འབྱམས་སྨྲ་བའི་དབང་པོ་འཇམ་མགོན་བཀྲ་ཤིས་དཔལ་ལྡན་པ། རྒྱ་ཆེན་ཆོས་ཀྱི་སྤྱན་ལྡན་ཐུབ་བསྟན་མཁན་རིན་པོ་ཆེ་བཟང་པོ་རྒྱལ་མཚན། རྣམ་འདྲེན་བསྟན་པའི་རྩ་ལག་སི་ཏུ་ཆོས་ཀྱིི་འབྱུང་གནས། གསང་ཆེན་རྒྱ་མཚོའི་མངའ་བདག་མཚུངས་མེད་ཀུན་དགའ་ཆོས་འཕེལ། ཤེས་པར་བྱ་བའི་གཞུང་ལུགས་རྒྱ་མཚོའི་མངའ་བདག་བཀྲ་ཤིས་དབང་ཕྱུག མཐུ་སྟོབས་གྲུབ་པའི་དབང་ཕྱུག་རྡོ་རྗེ་འཛིན་པ་སངས་རྒྱས་རྒྱ་མཚོ་བ་ལ་སོགས་པའི་བསྟན་འཛིན་གྱི་དགེ་བའི་བཤེས་གཉེན་མང་པོ་དང་། ཁྱད་པར་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་ལུགས་བཟང་བདུད་རྩིའི་རྒྱུན་མ་ལུས་པ་བཟུང་ནས། ཐམས་ཅད་མཁྱེན་པ་བཀྲ་ཤིས་ལྷུན་གྲུབ་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་དང་། ཡར་ལུང་བཀྲ་ཤིས་ཆོས་སྡེ་ནས་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་མདོ་སྨད་ཕྱོགས་སུ་གདན་དྲང་ནས། ཆབ་འོག་ཏུ་གཏོགས་པའི་སེམས་ཅན་རྒྱ་ཆེན་པོ་ཕན་བདེའི་གནས་སུ་འགོད་པར་མཛད། དེ་དག་ལས་སྔོན་གྱི་སྐྱེས་བུ་བློ་སྟོབས་དང་ལྡན་པ་མང་པོས་ཀྱང་བརྩམས་པར་མ་ནུས་པའི་རྒྱལ་བའི་བཀའ་འགྱུར་རོ་འཚལ་གྱི་ཆོས་སྦྱིན་པར་གྱི་བྱ་བ་མཐར་ཕྱིན་པ་དང་། སྐུ་ཚེའི་མཐར་ཡང་བསྟན་བཅོས་འགྱུར་རོ་འཚལ་གྱི་ཆོས་སྦྱིན་པར་དུ་བསྒྲུབ་པའི་དབུ་འཛུགས་པ་ལ་སོགས་པ་མདོར་ན་དུས་ཕྱིས་རྣམ་དཀར་མཛད་འཕྲིན་གྱི་བྱ་བ་སྒྲུབ་མཁན་འདི་འདྲ་བ་མ་བྱུང་ཞེས་གཏམ་དུ་གླེང་བ་དང་། རྒྱལ་ཁམས་བདེ་བར་སྐྱོང་བ་ལ་བློ་སྒམ་ཞིང་གཏིང་མི་རྟོགས་པ། བྱ་བ་གང་བརྩམས་ཀྱང་རང་གི་ངང་གིས་འགྲུབ་པ་ལ་སོགས་པ་ཡོན་ཏན་བསམ་ལས་འདས་པ་ཞིག་སྟེ། རིན་ཆེན་ཕྲེང་བ་ལས། ཇི་ལྟར་རྒྱལ་སྲིད་བསྐྱངས་པ་དང་། །འབངས་ཀུན་བདེ་ལ་འཁོད་པ་དང་། །བསྡོ་བའི་དགྲ་རྣམས་འདུལ་བ་དང་། །རྒྱལ་ཁམས་ཆོས་ཀྱིས་བསྐྱང་བགྱི་བ། །ཞིབ་ཏུ་དགོངས་ནས་གྲུབ་པར་མཛོད། །འགྲུབ་བམ་མི་འགྲུབ་མ་ངེས་པར། །དགོངས་མ་ཐག་ཏུ་མ་གསུངས་ཤིག །ཡུན་ཇི་སྲིད་ཅིང་ཆོས་སྒྲུབ་ཅིང་། །སེར་སྣ་འཇུར་གེགས་མ་མཛད་པར། །བདོག་པ་ཐམས་ཅད་གཏུགས་ཏེ་མཛོད། །ཁྱོད་ནི་བདོག་པ་ཀུན་བོར་ནས། །གཅིག་པུ་ག་ཤེད་གཤེགས་འཚལ་བས། །ཆོས་ཀྱི་སླད་དུ་སྤྱད་པ་ཀུན། །ཁྱོད་ཀྱི་མདུན་དུ་འོང་བ་ཉིད། །འབངས་ལ་རེ་བ་མ་འཇོག་པར། །ཞལ་བཞུགས་ཚེ་ན་མྱུར་བར་མཛོད། །ཅེས་བྱ་བ་ལ་སོགས་པ་སྔོན་གྱི་དྲང་སྲོང་མཁས་པ་རྣམས་ཀྱིས་ཇི་ལྟར་གདམས་པའི་བདུད་རྩི་ལྟ་བུའི་ཆོས་རྣམས་ལས་ནམ་ཡང་མི་འདའ་བ་ལྷུར་ལེན་པ་ཉིད་དོ།།
 

- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་ནས་ཟུར་འདོན་ཞུས།

 

 

མཐའ་མའི་འདོན་ཐེངས་།: 29.06.2017 ཉིན། 2:51 PM

<< སྔ་མ།