སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

མི་ཕམ་རྣམ་རྒྱལ་རྒྱ་མཚོ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 12.11.2017
གསོ་རིག་མཁས་དབང་རིམ་བྱོན། >>


མི་ཕམ་རྣམ་རྒྱལ་རྒྱ་མཚོ།

- བྱམས་པ་འཕྲིན་ལས།
 

            མི་ཕམ་རྣམ་རྒྱལ་རྒྱ་མཚོའམ་འཇུ་མི་ཕམ་ཞེས་པ་ནི་རབ་བྱུང་བཅུ་བཞི་པའི་མེ་རྟ་(སྤྱི་ལོ་1846)ལོ་མདོ་ཁམས་སྡེ་དགེའི་མངའ་ཁུལ་ཆུ་བཞིར་གྲགས་པའི་ནང་ཚན་ཟླ་ཀླུངས་དལ་གྱིས་འབབ་པའི་འགྲམ། ཡ་ཆུའི་དིང་ཆུང་ཞེས་པ་ཡབ་མེས་ཀྱི་སྐབས་ནས་སྨན་རྒྱུན་མ་ཆད་པའི་རིགས་རུས་ཆོ་འབྲང་བཟང་པོའི་ཁྱིམ་དུ་སྐུ་འཁྲུངས་ཤིང་། དགུང་ལོ་བདུན་བརྒྱད་ཙམ་ནས་འབྲི་ཀློག་སློབ་སྦྱོང་དང་། གཞུང་ལུགས་བློ་འཛིན་སོགས་ལ་མཁྱེན་རབ་ཤིན་ཏུ་ཆེ།
 

            དེ་ནས་སྐུ་ན་སོན་པའི་སྐབས་སུ་ཞི་བ་ལྷ་གཉིས་པ་རྫ་དཔལ་སྤྲུལ་དང་། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། མཁན་པོ་པདྨ་བཛྲ། ལབ་སྐྱབས་མགོན་དབང་ཆེན་དགྱེས་རབ་རྡོ་རྗེ་སོགས་མཚན་ལྡན་དགེ་བའི་བཤེས་གཉེན་བཅུ་ཕྲག་འགའ་ཤས་ཀྱི་ཞབས་ལ་གཏུགས་ནས་མང་དུ་ཐོས་པ་རྒྱ་མཚོའི་ཕ་རོལ་དུ་སོན་པ་དང་། ཡོན་ཏན་གྱི་ཚོགས་རིན་པོ་ཆེའི་བང་མཛོད་ལ་དབང་འབྱོར་བས་མདོ་དབུས་གཙང་གསུམ་དུ་སྙན་གྲགས་ཤིན་ཏུ་ཆེ་བ་བྱུང་། ལྷག་པར་སྐུ་ཚེ་འདིར་འཇམ་དབྱངས་མཁྱེན་བརྩེའི་དབང་པོར་མཉེས་པ་གསུམ་གྱིས་ཞབས་ཏོག་ལེགས་པར་ཞུས་པས་ཐུགས་སྲས་དམ་པར་དགོངས་ནས་གདམས་པ་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་བསྩལ་པར་བརྟེན་བསྟན་བཅོས་རྩོམ་པ་དང་། སློབ་མ་བསྐྱངས་པ་སོགས་དམ་པའི་སྤྱོད་ཚུལ་ཁོ་ནས་དུས་འདའ་ཞིང་། གསོ་རིག་བསྟན་པའི་བྱ་བར་རྨད་དུ་བྱུང་བའི་འཕྲིན་ལས་རབ་ཏུ་རྒྱས་པ་དང་། བཀའ་རྩོམ་སྐོར་རིག་གནས་སྤྱི་བྱེ་བྲག་གི་དགོངས་འགྲེལ་བསྟན་བཅོས་པོ་ཏི་སུམ་ཅུ་སོ་ལྔ་ལྷག་ཙམ་ཡོད་པའི་ནང་གསོ་དཔྱད་སྐོར་ལ་《རྒྱུད་བཞིའི་དཀའ་མཆན་གཅེས་པར་བཏུས་པ་འདོད་འབྱུང་ནོར་བུའི་མེ་ལོང་》ཞེས་པ་དང་།  《གཅེས་བསྡུས་ཕན་བདེའི་བང་མཛོད།》 《སྔོ་སྦྱོར་བདུད་རྩིའི་ཐིག་ལེ།》 《སྨན་ཕྲེང་བརྒྱ་རྩ།》 《ཉེར་ལྔའི་སྦྱོར་བ་འགའ་ཞིག་ལག་ལེན་སྐོར།》 《ཕྱི་རྒྱུད་རྩ་ཆུའི་འགྲེལ་པ།》 《ལུས་ལ་ཉེར་མཁོ་སྐབས་བརྒྱད་པ།》 《རྩ་རྒྱུད་རྡེལ་བཞག་གི་འགྲེལ་པ།》 《བྱང་ཁོག་ཡུལ་ཐིག་གསལ་བྱེད་བེེཌཱུའི་མེ་ལོང་།》སོགས་དང་། གཞན་ཡང་མན་ངག་ཉེར་མཁོའི་སྐོར་ལ། ཀླུ་སྒྲུབ་ལུགས་ཀྱི་སྐད་བཅོས་དང་། སྐད་སྨན་ཚངས་དབྱངས་རིལ་བུའི་སྦྱོར་ཐབས། བྱིས་པའི་རྣ་པྲ་དང་བཅོས་སྐོར། ཀོ་ཤ་གཏོང་བའི་མན་ངག མིག་བཅོས་ལག་ལེན་དང་འབྲེལ་བར་བསྟན་པའི་སྨན། ནད་སྐྲན་སྒེར་བཅོས། ཟླ་ཤེལ་བསྡུ་ཐབས་དཔའ་བོ་གཏུམ་པོ་ལ་བརྟེན་པའི་སྨན་ཟབ། གཞན་ལས་ཐོས་པ་སྨན་གྱི་མན་ངག་རྒྱ་ནག་ཆུ་བཅོས། རྒྱ་ནག་སྣ་ཐ། ཁྱི་སྨྱོན་བཅོས་ཐབས། དེ་མིན་ཕྱུགས་ནད་བཅོས་ཐབས་སྐོར་སོགས་ཧ་ཅང་མང་ཞིང་། སྨན་དཔྱད་ཕུད་པ་ད་དུང་རིག་གནས་སྐོར་ལ་སྙན་འགྲེལ་དང་། ལུགས་ཀྱི་བསྟན་བཅོས། འདོད་པའི་བསྟན་བཅོས་སོགས་ཚིག་ཉུང་དོན་བཟང་གི་བཀའ་རྩོམ་ཡང་མི་ཉུང་བ་ཞིག་མཆིས། བརྒྱུད་འཛིན་སློབ་མ་མཁས་པ་ཞེ་ཆེན་རྒྱལ་ཚབ་དང་། དགེ་མང་ཨུ་རྒྱན་བསྟན་འཛིན། ཀ: ཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ། མཁན་ཆེན་ཀུན་དགའ་དཔལ་སོགས་བྱུང་ནས་འཕྲིན་ལས་ཀྱི་རྒྱུན་བསྐྱངས་པ་དང་། ལྷག་པར་མི་ཕམ་རང་ནས་ཀ:ཐོག་རྡོ་རྗེ་གདན་དུ་རིག་པའི་གནས་ལྔ་ཡན་ལག་དང་བཅས་པའི་བཤད་གྲའི་གཙོ་སྐྱོང་རྒྱུན་རིང་མཛད་པར་གྲགས།
 

            གོང་གསལ་སི་ཏུ་ཆོས་ཀྱི་རྒྱ་མཚོ་ཞེས་པས་རྗེ་འདིའི་སྲོལ་རྒྱུན་བསྐྱངས་ཤིང་། བཤད་གྲ་འཕེལ་རྒྱས་དང་འབྲེལ་གསོ་རིག་གི་ཡིག་ཆ་འགའ་ཞིག་བརྩམས་པ་དང་། དེའི་ཞལ་སློབ་དགེ་རྩེ་འགྱུར་མེད་བསྟན་པ་རྣམ་རྒྱལ་གྱིས་ཀྱང་སྔར་སྼོལ་བརྒྱུད་འཛིན་གནང་ནས་སྨན་གྱི་འགྲོ་དོན་རྒྱ་ཆེར་སྤེལ་བ་དང་། 《རྒྱུད་བཞིའི་སྤྱི་དོན་པདྨ་རཱ་གའི་ལྡེ་མིག》ཅེས་པ་བརྩམས་ནས་བཤད་གྲ་འཕེལ་རྒྱས་བྱུང་ནས་བཟུང་ད་བར་དུ་སློབ་དཔོན་གོང་མའི་ཕྱག་བཞེས་མ་ཉམས་པར་གནས་པའི་དབང་གི་རྗེས་འཇུག་ཚེ་རིག་འཛིན་པ་མང་པོ་ཞིག་ཐོན་པ་རྣམས་ནས་སླར་ཡང་གསོ་དཔྱད་རྒྱུན་བཟང་སྤེལ་བ་སོགས་མདོར་ན། མི་ཕམ་རྣམ་རྒྱལ་རྒྱ་མཚོ་མཆོག་གི་སྨན་དཔྱད་ཐོག་ནས་བཤད་ན། སྐྱེ་རྒུ་ཡོངས་ལ་ཕན་དང་བདེ་བའི་དཔལ་ཡོན་འབུམ་ཕྲག་ཅིག་ཅར་དུ་སྟེར་བ་སྔོན་བྱུང་འཕགས་ཡུལ་གྱི་སྨན་པ་མཁས་པ་འཚོ་བྱེད་གཞོན་ནུས་གསོས་ཀྱི་རྣམ་ཐར་ལ་ཅོ་འདྲི་བ་ལྟ་བུར་བྱུང་བ་ཡིན་ནོ།།
 

- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་འདོན་ཞུས།

 

 

 

མཐའ་མའི་འདོན་ཐེངས་།: 13.11.2017 ཉིན། 10:11 AM

<< སྔ་མ།