སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

ཚ་རོང་དཔལ་ལྡན་རྒྱལ་མཚན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 01.02.2017
གསོ་རིག་མཁས་དབང་རིམ་བྱོན། >>

 

 

ཚ་རོང་དཔལ་ལྡན་རྒྱལ་མཚན།

- བྱམས་པ་འཕྲིན་ལས།
 

          གཙང་ཕྱོགས་ཀྱི་སྨན་པ་ཚ་རོང་དཔལ་ལྡན་རྒྱལ་མཚན་ནི། ཆོས་གྲྭ་ཆེན་པོ་དཔལ་ས་སྐྱའི་ཉེ་འདབས།  ཤབ་སྟོད་ཚ་མོ་སྟག་གདོང་གི་ཤར་གླིང་།  ལྷ་སྤུངས་སྨན་རྒྱལ་མོའི་གཡས་འདབས་ཚ་རོང་མདོ་སྤེ་ཞེས་བགྱི་བར།  ཡབ་སྟོད་སྟོན་གྱི་བརྒྱུད་པ་དཔལ་ལྡན་སྐྱིད་དང་ཁུ་བོ་དཔལ་ལྡན་རྒྱལ་མཚན་ལ་ཡུམ་ཆོས་སྐྱོང་འཛོམས་པ་ཞེས་བྱ་བའི་རིགས་རུས་ཆོ་འབྲང་ལས་རབ་བྱུང་དགུ་པའི་ཤིང་ལུག་ (སྤྱི་ལོ་1535) ལོའི་ཟླ་བ་བརྒྱད་པར་སྐུ་བལྟམས།    
 

          དགུང་ལོ་གསུམ་གྱི་སྐབས་རྗེ་ཚ་རོང་རས་ཆེན་དྲུང་དུ་ཡུམ་སྲས་གཉིས་ཕེབས་དུས་བླ་མའི་ཞལ་ནས་བྱིས་པ་འདི་ཤེས་རབ་ཆེ་ཞིང་ཏིང་ངེ་འཛིན་རང་ཤུགས་ལ་སྐྱེ་བ་ཞིག་འདུག་ཅེས་གསུངས་སྟབས་ཡུམ་གྱིས་གཙང་སྦྲ་འཕྲོད་བསྟེན་ཧ་ཅང་ཡག་པོ་མཛད།
 

          དགུང་ལོ་དགུ་པར་ཆོས་སྒོར་ཞུགས་ཏེ་ཐམས་ཅད་མཁྱེན་པ་ངག་དབང་གྲགས་པ་དཔལ་བཟང་པོའི་དྲུང་དུ་དབུ་སྐྲ་བཅད་དེ་དགེ་བསྙེན་གྱི་སྡོམ་པ་བཞེས།  ཕྱོགས་མཚུངས་སློབ་དཔོན་ཤྰཀྱ་བཟང་པོའི་མདུན་སར་འབད་པ་དྲག་པོས་ཀློག་ཡིག་བསླབས་ཏེ་སྦྱངས་འབྲས་ཆེ་བར་སློབ་དཔོན་ཡང་ཡ་མཚན་དུ་གྱུར།
 

          དགུང་ལོ་བཅུ་གཉིས་སྐབས་གངས་ཅན་ཆོས་འཕེལ་གྱི་གྲྭ་སར་ལོ་ཕྱེད་དང་བཞིར་བསྡུས་གྲ་བསླབས།  མཁན་ཆེན་བྱང་ཆུབ་བློ་ལྡན་སོགས་ཀྱིས་བཀའ་དྲིན་ཆེ་བར་བསྐྱངས།  འོན་ཀྱང་སྔོན་གྱི་ལས་འབྲེལ་གསོ་བ་རིག་པ་དང་།  གསང་སྔགས་རྡོ་རྗེ་ཐེག་པར་ཡོད་པའི་དབང་གིས་མདོ་ཕྱོགས་ལ་བློ་སྐྱེད་ཆེར་མེད་པ་ནས་འགལ་རྐྱེན་ཤིན་ཏུ་མང་བ་བྱུང་ཞེས་གསུངས།  ལྷག་པར་དགུང་ལོ་བཅོ་ལྔའི་སྐབས་རྒྱུ་གཟེར་གྱི་རིམས་དྲག་པོ་ཐེངས་གཉིས་བསྙུན་ནས་སྐུ་ཚེའི་འདུ་བྱེད་སྟོངས་སུ་ཉེ་བ་ན་འཚོ་བྱེད་མཁས་པ་རབ་འབྱམས་ཀུན་དགའ་བཀྲ་ཤིས་པ་དང་། མངའ་རིས་པ་དཔོན་པོ་རྒྱལ་མཚན་ལེགས་པ་གཉིས་ཀྱིས་སྨན་དཔྱད་གནང་སྟེ་འཆི་ཁ་ནས་ཐར་སྟབས་གསོ་བ་རིག་པར་ཐུན་མོང་མ་ཡིན་པའི་མོས་གུས་དང་ཡིད་ཆེས་འཁྲུངས་ཤིང་།  ཁ་ཞེ་གཉིས་མེད་ཀྱི་དམ་བཅའ་བརྟན་པོས་མདོ་ཕྱོགས་ཀྱི་སློབ་གཉེར་བཤོལ་ནས་ཐེག་ཆེན་སྒྲུབ་སྡེར་ཟླ་གཅིག་ཙམ་ཚེ་སྒྲུབ་ལ་བཞུགས།  དེ་རྗེས་རབ་བྱུང་བསྒྲུབས་ནས་མཚན་ལ་དཔལ་ལྡན་རྒྱལ་མཚན་ཞེས་གསོལ།  དཔལ་ས་སྐྱར་ཆོས་ཞུགས་གནང་རྩིས་སྐབས་ཡབ་ཀྱིས་བཤོལ་བཏབ་སྟེ་སེམས་ཅན་ལ་དངོས་སུ་ཕན་ཐོགས་པའི་འཚོ་བྱེད་ཅིག་བསླབ་པ་རང་འཐད་གསུངས་ནས་སྨན་དཔེ་དང་།  ཆ་བྱད་སོགས་བླུས་ཏེ་གནང་བས་ཚེ་སྔོན་གྱི་བག་ཆགས་སད་པ་དང་། རང་ནད་ལས་ཐར་བ་དྲན་ཏེ་སློབ་པར་ཆས་དུས་ཡུལ་གྱི་མི་དང་།  གྲོགས་མཆེད་འགས་ལྷ་རྗེ་བྱས་ན་ཁྱིམ་ཐབས་ཀྱི་ཡོན་ཏན་ཡིན་ཚུལ་དང་།  འགའ་རེས་ལྷ་རྗེ་ནི་བརྒྱུད་པ་ཅན་མ་གཏོགས་མི་ཀུན་གྱིས་ཤེས་པ་མིན་ཟེར་བ་དང་།  ཐ་ན་ཕྲག་དོག་ཅན་ཁ་ཤས་ཀྱིས་མི་འདིས་ལྷ་རྗེ་ཤེས་ན་མིག་ཏུ་སྒོག་ཆུ་བརྡུང་ཞེས་པ་སོགས་ལབ་བརྗོད་སྣ་ཚོགས་བྱུང་བར་བརྟེན་གསོ་རིག་གཤའ་མ་ཞིག་མ་ཤེས་ན་ལྕེབས་ཏེ་འཆི་དགོས་སྙམ་པའི་དམ་བཅའ་དྲག་པོ་བཅངས་ནས་དགུང་ལོ་བཅུ་དགུའི་ཐོག་གསོ་རིག་རྒྱུད་བཞིའི་ཐོག་མ་རྩ་རྒྱུད་ནས་དབུ་བཙུགས།  ལོ་གཅོག་གི་བར་ཐེག་ཆེན་སྒྲུབ་སྡེར་ཉིན་མཚན་སྐྱོ་ངལ་སྤངས་ནས་སློབ་གཉེར་གནང་བས་རྩ་བཤད་ཕྱི་གསུམ་གསལ་ལ་ཟློས་པ་མེད་པ་སྦྱངས།  ལྷག་པར་ཕག་སྟོན་གྱི་ཕྱག་བྲིས་མའི་<<རྒྱུད་བཞི་>>ཕྱག་ཏུ་བྱུང་ནས་རྒྱུད་གསུམ་གྱི་ཚིག་དག་པ་མ་ཚད་རྒྱུད་དོན་ཡང་རགས་ཙམ་གོ་ནུས་པ་བྱུང་ཞེས་གསུངས།
 

          དེ་ནས་སློབ་དཔོན་མཁས་པ་ཞིག་བསྟེན་པར་དགོངས་ཀྱང་ཚད་ལྡན་འོས་པ་དཀོན་པའི་དུས།  སྔོན་ཤུགས་ལས་འབྲེལ་བཟང་པོས་རྐྱེན་སྦྱར་ཏེ་རང་ཉིད་ཀྱི་ཇོ་ཇོ་དང་།  སྲིང་མོ་ནད་གཞི་ཚབས་ཆེན་གྱིས་བཏབ་པ་ལས་འཚོ་བྱེད་སྦུར་ཚོ་བ་ཆབ་ཚན་དང་།  སྐྱེར་ཁཎ་འཆོས་པ་ལ་ཕེབས་པ་གདན་འདྲེན་ཞུས།  སྨན་གནང་བ་ཙམ་གྱིས་ནད་ལས་གྲོལ་ཏེ་ཐམས་ཅད་ཡིད་ཆེས་ཀྱི་གནས་སུ་གྱུར་པར་བརྟེན་ཉེ་རིགས་རྣམས་ཀྱི་གྲོས་འདེབས་དང་།  རང་ཉིད་ཀྱི་མོས་པ་ལྟར་དགུང་ལོ་ཉི་ཤུའི་ཁར་སློབ་དཔོན་དམ་པ་སྦུར་ཚོ་བ་ཡོན་ཏན་རྒྱ་མཚོའི་དྲུང་དུ་ཕེབས།  ལོ་ཕྱེད་དང་གཉིས་ཀྱི་བར་ཐུགས་བརྩེ་བས་བསྐྱངས།  གཞུང་དང་གདམས་པ་ལག་ལེན་དང་བཅས་པའི་བསླབས་སྦྱངས་མ་ལུས་པ་གནང་།  དེ་ཡང་དང་པོ་བླ་མ་བསྟེན་པའི་ཉམས་མྱོང་མ་མཆིས་པ་ནས་དགོངས་པ་མ་ལོན་བར་ཐུགས་ལྕི་ཞིང་འཐུམ་པའི་ངང་ཚུལ་དང་།  ཡོན་ཏན་གནང་ཆེས་པ་ནས་མ་ཤེས་དོགས་པའི་སེམས་ཁུར་དང་།  དཔེ་འཛིན་མན་རྒྱུད་ཤོ་ལོ་ཀ་བཅོ་ལྔ་ཉིན་རེ་བཞིན་སྔ་དྲོ་རྒྱུགས་འབུལ་ཞུ་རྒྱུ།  རྒྱུན་དུ་ཐོར་སྦྱོང་གྲོལ་རྗེས་གསུང་ཐུན་ཤོ་ལོ་ཀ་གཉིས་གཉིས་།  ཚ་བ་བཞེས་དུས་ཤོ་ལོ་ཀ་གཉིས་ཙམ།  དེ་ནས་ཉི་མ་དྲོ་ཁར་བཤར་སྦྱངས།  ཉིན་གུང་རྒྱུད་ཀྱི་འཆད་ཉན་ས་བཅད།  ལུང་གི་རྒྱབ་རྟེན་འབྲུ་གཉེར་གལ་ཆེ་བ་རྣམས་ཀྱི་གསུང་ཐུན།  དགོང་ཁ་བཤར་སྦྱང་དང་།  སྲོད་སྐྱོང་ནམ་ཕྱེད་བར་གནང་།  ད་དུང་ཉིན་པར་ནད་པ་གཟིགས་དུས་སློབ་དཔོན་སྦུར་ཚོ་བས་ནད་རྟགས་དང་།  གསོ་ཐབས།  ལོག་གནོན།  རྗེས་གཅོད་དང་བཅས་པའི་འདྲི་བརྩད་གནང་བ་དང་།  དེ་སྟེང་གཞུང་གི་བཤད་པ་ལག་ལེན་ངོ་སྤྲོད་བཅས་པ་རྒྱུན་ཆགས་སུ་སྒྲིགས་གཅུར་གནང་བ་སོགས་ཇི་བཞིན་ཉམས་སུ་བཞེས་སྟབས་དབྱར་ངོ་གཅིག་ལ་དཔལ་ལྡན་རྒྱལ་མཚན་ཤིག་ནད་བསྙུན་ནས་སྐུ་གཟུགས་ཀེང་རུས་ལྟར་གྱུར་ཅིང་།  སློབ་གཉེར་ཡང་ཁམས་ཀྱིས་མི་འཆུན་པ་བྱུང་།  དེ་དུས་སློབ་དཔོན་སྦུར་ཚོ་བས་ཁམས་དང་མཐུན་པའི་སྨན་དང་ཟས་སོགས་བཀའ་དྲིན་བསྐྱངས་པ་དང་།  རང་ཉིད་ཀྱིས་ཀྱང་སློབ་གཉེར་རྒྱུན་མ་ཆད་པར་གནང་པས་རིམ་གྱིས་ཤིག་ནད་ལས་གྲོལ།            དེའི་དུས་སློབ་དཔོན་ཤིན་ཏུ་མཉེས་ནས་གདམས་པ་ཟབ་མོ་རྣམས་ལྷུག་པར་གནང་།
 

          དགུང་ལོ་ཉི་ཤུ་རྩ་གཉིས་སྐབས་འཚོ་བྱེད་མཁས་པ་མང་པོའི་མདུན་སར་རྒྱུད་གསུམ་གྱི་བཤད་པ་གནང་བས་ཀུན་གྱིས་ཤེས་རབ་དང་། ཚིག་དོན་སྨྲ་བ་ལ་འགྲན་ཟླ་བྲལ་བའི་སྙན་གྲགས་ཐོབ།  ལོ་དེའི་དགུན་དུས་ཟླ་བ་གསུམ་གྱི་བར་ལྷུན་པོ་རྩེར་དཔེ་མཚམས་སྒོ་ལྕགས་ལ་མཚམས་རྡོ་བཅོལ་ཏེ་གཅིག་པུར་སློབ་གཉེར་གནང་བས་<<མན་ངག་རྒྱུད་>>ཀྱི་ལེའུ་གྱ་གསུམ་བར་ངག་སྐྱོར་ཐུབ།  དེ་དུས་ལུས་སྟོབས་ཇེ་ངན་དུ་སོང་བས་གྲང་ནད་ཕོག་པ་དང་།  སྲོད་ལོང་དང་དམར་འཐོམ་ལངས་པ་སོགས་ཀྱི་ཕྱི་དྲོའི་ཁ་ཟས་བཞེས་དགོས་བྱུང་བར་གདའ།
 

          དེ་ནས་སློབ་དཔོན་སྦུར་ཚོ་བའི་བཀའ་ལུང་ལས།  ང་རང་གི་གདམས་པ་བཤད་སྒྲོས་དང་བཅས་པ་གང་ཡོད་བུམ་པ་གང་བྱོའི་ཚུལ་དུ་སྤྲད་པ་འདི་ཀ་ཡིན།  གདམས་པ་ཆིག་བརྒྱུད་མ་གཉིས་ཡོད་པ་རྗེས་སུ་སྟེར་ཡོང་། ད་རང་རེ་སྟོད་ཕྱོགས་ལ་དཔོན་ཚང་རིན་པོ་ཆེ་ (གོང་སྨན་དཀོན་མཆོག་འཕན་དར) མཇལ་བ་དང་སྙན་བརྒྱུད་ཁ་ཡར་ཞུ་དགོས་ཡོད།  ཁྱེད་རང་ལ་ཡང་<<རྒྱུད་བཞིའི་>>ལུང་བཤད་སྒྲོས་གདམས་པ་མང་པོ་ཞུ་བ་དང་།  བློ་རྩལ་འདི་ཁ་ཙམ་ལ་བླ་མ་ཡང་ཤིན་ཏུ་མཉེས་པ་ཡོང་བས་ཅིས་ཀྱང་ཕྱིན་པ་དྲག་གསུངས་པ་ལྟར་དཔོན་ཚང་རིན་པོ་ཆེ་མཇལ་བར་ཕེབས།  དིང་རིར་སློབ་དཔོན་སྦུར་ཚོ་བ་དང་།  ཁོང་གི་གཅུང་པོ།  དཔལ་ལྡན་རྒྱལ་མཚན་གསུམ་གྱིས་དཔོན་ཚང་རིན་པོ་ཆེར་མཇལ་རྟེན་དུ་ཐོག་མ་ཨ་རུ་གསེར་མདོག་རེ་རེ་ཕུལ་ནས་བྱིན་རླབས་ཞུས།  ཆུ་རུག་ཏུ་ཕེབས་རྗེས་དཔོན་ཚང་རིན་པོ་ཆེར་ཕྱག་རྟེན་གསེར་ཞོ་གང་།  དར་ཡུག་ནམ་ལྡེང་གཅིག གསོལ་འཆིང་གཅིག སྐུ་གཟན་གཅིག གཡུ་ཆུང་གསུམ་།  རྔ་དཀར་གཅིག  རས་ཡུག་རྣམས་ཕུལ།  གཞན་ཡང་དཔོན་ཚང་རིན་པོ་ཆེའི་གསང་ཡུམ་དང་།  མཆེད་གྲོགས་རྣམས་ལ་ཇ་ཆང་སོགས་ཀྱི་སྟོན་མོ་རྒྱས་པར་བཤམས།  དཔོན་ཚང་རིན་པོ་ཆེ་ཐུགས་མཉེས་ཏེ་སྦུར་ཚོ་བ་ལ་བསྔགས་བརྗོད་ཐོག་བུ་སློབ་འདི་གཉིས་ཀྱི་སྐྱེ་ཡུལ་དང་།  གཞུང་རྒྱ་ཐོས་བསམ་ཇི་ཡིན་བཀའ་འདྲི་གནང་།
 

          སྐབས་དེར་དཔལ་ལྡན་རྒྱལ་མཚན་གྱིས་དཔོན་ཚང་རིན་པོ་ཆེར་རང་ཉིད་ཐག་རིང་ནས་ཡོང་བ་དང་།  ཕ་མ་ཉེ་འབྲེལ་ནད་ཀྱིས་མནར་བ་སོགས་ལས་ལོ་གཅིག་གི་བར་ཞབས་དྲུང་དུ་བསྡད་ནས་དབང་ལུང་གདམས་པ་ལག་ལེན་དང་བཅས་པ་བརྩེ་བས་བསྐྱང་དུ་གསོལ་ཞེས་ཞུ་དུས།  དཔོན་ཚང་རིན་པོ་ཆེས་སྤྱན་འབུར་ཚུགས་སུ་གཟིགས།  ཕྱག་སྡིག་མཛུབ་མཛད་ནས་ཁྱོད་ཐག་རིང་ནས་འོངས་པ་ལེགས་ཀྱང་ལོ་གཅིག་ལ་འཚོ་བྱེད་སུས་ཤེས་ཧམ་པ་རང་ཆེ།  ལོ་གསུམ་ཙམ་ཅིས་ཀྱང་བསྡད་ན་ལེགས་ཞེས་གསུངས།  དེ་དུས་དཔོན་ཚང་རིན་པོ་ཆེ་ཐུགས་བྲེལ་ཆེན་པོ་ཡོད་རུང་སློབ་དཔོན་སྦུར་ཚོ་བ་དང་མཉམ་དུ་ཐོག་མར་རྒྱུད་རྒྱལ་བདུད་རྩི་སྙིང་པོ་ནས་དབུ་བཙུགས་ཏེ་ལུང་ཡོངས་རྫོགས་དང་།  <<རྩ་རྒྱུད།>>ལ་གདོང་ནག་པའི་འགྲེལ་ཆེན་དང་།  བྲང་ཏེའི་<<རྒྱུད་དོན་རབ་གསལ།>>  <<བཤད་རྒྱུད།>>འགྲེལ་པ་སུམ་སྟོན་མའི་སྟེང་ནས་གནང་།  དེ་སྐབས་དཔལ་ལྡན་རྒྱལ་མཚན་གྱིས་<<རྒྱུད་བཞི།>>ཤས་ཆེར་ཐུགས་ལ་ཡོད་པ་དང་། གྲེ་ལྕེ་ཤིན་ཏུ་བདེ་པོས་བཤད་སྦྱངས་གནང་དུས་སྐྱེ་བོ་དད་ལྡན་འགས་ཕྱག་འཚལ་བ་དང་།  བུ་མེད་མང་པོས་མཆི་མ་བྲུལ་ཅིང་འདི་འདྲ་སྐྱེས་པའི་མ་དེ་སྙིང་རེ་དགའ་ཞེས་ཡིད་སྨོན་བྱེད།  དཔོན་ཚང་རིན་པོ་ཆེ་ཡང་ཐུགས་མཉེས་ཏེ་འདི་ལྟ་བུའི་ཤེས་རབ་ཀྱི་རྩལ་དང་།   སྙིང་རུས་ཡོད་ན་ལོ་གཅིག་ལ་ལྷ་རྗེ་བསླབས་ནས་ལོག་འགྲོ་ཟེར་བ་བདེན་པར་འདུག་  ངས་ད་ཕན་སློབ་མ་ཕྱེད་དང་སུམ་བརྒྱ་ཙམ་ཉར་རྒྱུ་བྱུང་རུང་རྒྱུད་ལྕེ་ཐོག་ནས་འདོན་པ་ཁྱེད་ལྟ་བུ་མ་བྱུང་ཞེས་དབུགས་དབྱུང་དང་།   མཆེད་གྲོགས་གཞན་རྣམས་ཀྱི་མདུན་སར་འཚོ་བྱེད་ཚ་རོང་པས་ (དཔལ་ལྡན་རྒྱལ་མཚན་) རྒྱུད་བཞི་ལ་གྲྭ་སྐོར་ཡོངས་སུ་གྲགས་པོ་ཐོངས་ཤིང་།  ཁྱེད་ཚོ་ཡང་འདི་འདྲ་ཞིག་རེ་སྟེ་ཡོང་བ་དཀའ་ལས་ཆེན་པོ་གདའ་ཞེས་གསུངས།   
 

          རྗེས་སུ་དཔོན་ཚང་རིན་པོ་ཆེར་དཔལ་ལྡན་རྒྱལ་མཚན་གྱིས་རང་ཡུལ་ལ་དགོངས་འཁྲོལ་ཞུ་རྒྱུའི་སྙན་སེང་གནང་སྐབས།  དཔོན་ཚང་རིན་པོ་ཆེས་སློབ་མ་བསྡད་ན་སྙམ་པ་རྣམས་བཀག་ཀྱང་མི་ཁོག  ཕྱིན་ན་བསམ་པ་རྣམས་བརྫངས་ཀྱང་མི་འགྲོ།  ད་དུང་ཡང་གདམས་ངག་མང་པོ་སྟེར་རྒྱུ་ཡོད།  ཡོན་ཏན་ཤ་རློན་ལ་ཚྭ་དཔགས་ལ་ཞིག་མི་ཡོང་བས་རེ་ཞིག་སྡོད་གསུངས་པ་ལྟར་བཀའ་བཞིན་བསྒྲུབས་པས་སླར་ཡང་གདམས་པ་ཟབ་རྒུ་མང་པོ་གནང་།  དེ་ནས་དཔོན་ཚང་རིན་པོ་ཆེས་དཔལ་ལྡན་རྒྱལ་མཚན་ལ་ཉིད་རང་དེ་གར་ད་དུང་ལོ་གཅིག་ཙམ་བསྡད་ན་སྙམ་རུང་ད་འགྲོ་ན་དེ་ནས་གདན་ས་བར་སྐྱེལ་མི་བཏང་ཆོག་ཅེས་བཀའ་འཁྲོལ།  ཚུར་ལམ་སྦུར་ཚོ་བའི་སྤྱན་སྔར་བྱོན།  ཡོན་ཏན་ལ་བོགས་ཇི་བྱུང་བཀའ་འདྲི་གནང་བར་ལན་ཞུས་པས་ཤིན་ཏུ་མཉེས་ནས་སྨན་སྦྱིན་དང་བཅས་ཕ་ཡུལ་བར་སྐྱེལ་མི་མངག་པར་མཛད།
 

          དགུང་ཕྲེང་ཉི་ཤུ་རྩ་ལྔའི་སྐབས་དཔོན་སློབ་བདུན་གྱིས་ལྷུན་པོ་རྩེའི་ཆོས་གྲར་བདག་ཆེན་ཐམས་ཅད་མཁྱེན་པས་མཐུ་རྐྱེན་གནང་ནས་དགུང་ཐོག་གཅིག་རིང་རྒྱུད་ཀྱི་འཆད་ཉན་དང་།  གཞན་ནད་ཐོག་ཏུ་སྨིན་པའི་ལག་ལེན་ངོ་སྤྲོད་མཛད།  ལོ་དེར་སྲད་རོང་གཞུང་པ་རྣམས་ལ་གྲུམ་རིམས་སྟོབས་ཆེ་བ་བྱུང་དུས་མི་མང་པོ་འཆི་ཁ་ལས་བསྐྱབས་པས་དཔལ་ལྡན་རྒྱལ་མཚན་ལ་གྲུམ་བུ་གདོང་ལྡོག་པ་ཞེས་གྲགས་པས་ཁྱབ།  གྲུམ་བུ་གསོ་ཐབས་ཀྱི་ཡིག་ཆུང་ཞིག་ཀྱང་མཛད།
 

          དགུང་ལོ་ཉི་ཤུ་རྩ་དྲུག་ལ་ཕེབས་སྐབས་བྱང་ངམ་རིང་དུ་ཕེབས།  འཚོ་བྱེད་ཆུ་ནག་པ་སོགས་བཞུགས་པའི་གྲལ་དུ་<<མན་ངག་རྒྱུད་>>ལ་བཤད་སྒྲོས་གནང་བས་བྱང་བདག་ཆོས་རྒྱལ་མཉེས་ནས་གནང་སྦྱིན་སོགས་བཀའ་དྲིན་བསྩལ།  སློབ་དཔོན་སྦུར་ཚོ་བ་དགུང་ལོ་སུམ་ཅུ་སོ་དྲུག་སྟེང་བསྙུན་གཞི་ཚབས་ཆེན་ཞིག་ཕོག་ནས་གློ་བུར་དུ་དཔལ་ལྡན་རྒྱལ་མཚན་ལ་ཕྱག་བྲིས་ཤིག་གནང་དོན།  ད་ལན་ནད་ཐོག་འདི་ནས་ཐར་བ་མི་འདུག  སྨན་རིམ་གྲོ་སོགས་ཀྱི་མཐུ་རྫོགས་པར་འདུག་ན་རང་རེ་དཔོན་སློབ་མཇལ་བའི་མཐའ་མར་སྔ་སོར་ཁས་བླངས་པའི་གདམས་པ་ཚིག་བརྒྱུད་མ་དེ་རྣམས་ཀྱང་སྟེར་རྒྱུ་ཡིན་ཞེས་འཁོད་པ་གཟིགས་དུས་སྡུག་བསྔལ་ཚད་མེད་བྱུང་བཞིན་མགྱོགས་པར་ཕེབས།  སློབ་དཔོན་མཇལ་དུས་བཀའ་ལུང་ལ། ནད་འདིའི་བབ་དང་།  རང་རེའི་བླ་མའི་ལུང་བསྟན་གང་ལ་དཔགས་རུང་ནད་ཐོག་འདི་ནས་མི་ཐོན་པ་འདུག་པས་སྨན་མི་ཟ།  ཁྱེད་ཀྱང་ལས་སྨོན་གྱིས་འབྲེལ་བའི་སློབ་མ་ཡིན་པས་འཕྲད་ན་སྙམ་ནས་བོས་པ་ཡིན།  དོ་ནུབ་དང་སང་ཉིན་འདིར་བཞུགས།  ཚིག་བརྒྱུད་ཀྱི་གདམས་པ་འདི་རྣམས་ཡི་གེར་ཐོབ་གསུངས་ནས་དཔེ་འཁྲིད་གནང་བྱུང་བ་བཞིན་ཞལ་བཤུས་བྱས།  ཞག་ལྔ་བསྡད་པའི་སང་ཉིན་གཤེགས་པའི་དོ་ནུབ་དགོང་ཁ་སློབ་དཔོན་སྦུར་ཚོ་བས་ཁྱེད་རང་འོ་བརྒྱལ་བ་ལས་མེད་པས་དེ་རིང་བྱོན་ན་ལེགས་ཞེས་གསུངས་དུས་དཔལ་ལྡན་རྒྱལ་མཚན་ཐུགས་ལ་དཔོན་ཚང་རིན་པོ་ཆེ་ནི་བཞུགས་ཡུལ་ས་ཁད་འགྱངས་ཤིང་ཐུགས་བྲེལ་ཆེ་བས་མཇལ་བ་དཀའ།  སློབ་དཔོན་ནི་གཤེགས་པ་འདུག་ཕྱིན་ཆད་འགོ་འདོན་དང་སློབ་སྟོན་ཞུ་ས་ནི་སུ་ཡང་མ་མཆིས་སྙམ་ནས་ཐུགས་ཁྲལ་བཟོད་གླགས་མེད་པ་བྱུང་།  དེའི་སང་ཉིན་ཐོ་རེངས་ནས་ཆབ་སྲི་བ་དེ་ཡང་ཐོན་ཏེ་སྔ་དྲོ་ཅུང་ཟད་བདེ་ཙམ་ཡོད་དུས་ཡང་བསྐྱར་སློབ་དཔོན་ཞལ་ནས།  ད་ལན་མཇལ་བར་བྱོན་པ་ཅིས་ཀྱང་ལེགས། །བདག་ཀྱང་དེ་རིང་ལས་སྡོད་སྐབས་མེད། །ཕྱི་མར་མཇལ་བའི་སྨོན་ལམ་འདེབས།  །ཁྱེད་ཀྱང་སྐུ་ཁམས་སྙོམས་པ་དང་འགྲོ་དོན་བཟང་བར་མཛོད་ཅེས་གསུངས་མ་ཐག་སྤྱན་ཆབ་མང་པོ་ཤོར།  ཕྱི་ཕྱག་དང་སྨོན་ལམ་བཏབ་ནས་ཕྱིར་ཕེབས།  ཞག་ཁ་ཡར་ནས་གདུང་འབུལ་ཞུ་བ་དང་།  དཀར་མེ་རྒྱས་པར་ཕུལ།  ལོ་གསུམ་གྱི་བར་ཁྲ་ཟླ་བའི་ཚེས་བཅུ་ལ་དགོངས་རྫོགས་མ་ཆག་པར་མཛད།      
 

          དེ་ནས་སྨན་ལུང་ཕྲེང་བ་ཅན་ཞེས་པའི་དགོན་པ་གསར་དུ་བཏབ་ན་རང་གཞན་ཀུན་ལ་ཕན་པ་དང་།  བུ་སློབ་ཀྱང་མང་རབ་ཡོང་བའི་སྐོར་རྗེ་བཙུན་ཀུན་དགའ་རྣམ་རྒྱལ་གྱི་བཀའ་ལུང་ལྟར་དགོན་པ་གསར་དུ་བཏབ་དུས་མི་རྣམས་ཀྱི་བློར་མ་ཆུད་པར་ཁ་ཤས་གྱིས་འདི་ལ་དབང་སྡུད་ཀྱི་མན་ངག་ཡོད་པ་ཡིན་ཟེར་བ་དང་།    འགའ་ཞིག་གིས་ལྷ་འདྲེས་སྡོང་གྲོགས་བྱེད་པ་ཡིན་ཟེར།  འགའ་ཞིག་ཚེ་སྔོན་ལས་ཤུགས་ཅན་ཞིག་འདུག་ཟེར།  འགའ་ཞིག་ཁོའི་སློབ་གཉེར་བྱེད་སྟངས་ལ་བལྟས་ན་འདི་འདྲ་ཞིག་མི་ཡོང་ཀ་མེད་ཡིན་ཟེར་བ་སོགས་ལབ་གླེང་མང་པོ་བྱུང་ཚུལ་འདུག

          དགུང་ལོ་སུམ་ཅུ་སོ་གཅིག་ལ་ཕེབས་སྐབས་དཔོན་ཚང་རིན་པོ་ཆེ་ཚོང་འདུས་སུ་ཕེབས་དུས་ <<ཡན་ལག་བརྒྱད་པ་>> དང་།  <<གསེར་བྲེ།>>  <<ཉམས་ཡིག་བརྒྱ་རྩ་>> རྣམས་ཀྱི་ཕྱག་འཁྲིད་ལུང་དང་ཞལ་ཤེས་འགྲོལ་དང་བཅས་པ།  ཡན་ལག་བརྒྱད་པའི་ལྡེ་མིག་བཞིའི་ཕྱག་འཁྲིད་དང་།  གསུང་ཐུན།  <<ཁོག་འབུགས་རྒྱལ་ཚན་རྩེ་འབར་>> གྱི་བཤད་སྒྲོས་རྣམས་བསྩལ།  རིན་སྤུངས་ལ་ཕྱག་ཕྱིར་ཕེབས་ནས་ <<གཡུ་ཐོག་གསང་བའི་རྣམ་ཐར་>> གྱི་ལུང་། <<བྱིན་རླབས་བླ་མའི་སྒྲུབ་སྐོར་བསྡུས་པ།>>  <<བརྒྱད་པའི་འཀའ་བའི་ཚོམ་ཆེན་མེ་ཏོག་སིལ་མ་>> ཞེས་བྱ་བའི་བཤད་པ་དང་ཕྱག་འཁྲིད།  རྩ་བཤལ་གྱི་ཕྱག་ལེན།  <<བྱེ་བ་རིང་བསྲེལ་>> གྱི་ཕྱག་འཁྲིད་རྣམས་གསན།
 

          དགུང་ཕྲེང་གསུམ་ཅུ་སོ་གཉིས་ལ་ཕེབས་པའི་དབྱར་ཁ་སློབ་མ་བཅུ་ཙམ་ལ་རྒྱུད་གསུམ་དང་གཞན་ཁ་སྐོང་གི་བཤད་པ།  <<གདམས་པ་སུམ་ཅུ།>> <<ལག་ལེན་པོད་ཆུང་>> རྣམས་གསུངས་རྗེས་སྔོ་སྨན་རྣམས་ངོ་སྤྲོད་མཛད།
 

          དགུང་ལོ་སུམ་ཅུ་སོ་བཞི་ལ་ས་ཕྱོགས་ཀུན་ཏུ་ནད་ཡམས་དང་མུ་གི ཁྱད་པར་ཤབ་ལུང་པར་འབྲུམ་ནད་དང་།  སིབ་བི་ཉིས་བརྩེགས་ཀྱིས་འཆི་བའི་མི་རོས་ལམ་ལ་མི་ཐར་བ་ལྟ་བུ་བྱུང་དུས་ནུ་བོ་གསོ་རིག་ལ་བློ་གྲོས་རྒྱས་པ་དེ་ཡང་འཆི།  དེའི་རྐྱེན་གྱིས་གསོ་བ་རིག་པའི་དགོས་པར་ཡི་ཆད་ལྟ་བུས་སྨན་དཔྱད་བཞག་སྟེ་རི་ཁྲོད་ལ་ཕེབས་རྒྱུའི་དགོངས་པ་བཞེས་པར།  ཁྲི་བཙུན་གྱིས་གསན་ནས་སྔར་བཞིན་སེམས་ཅན་ལ་ཕན་ཅི་ཐོགས་དགོས་པའི་སེམས་བསྐྱེད་མ་ཤོར་བ་དགོས་ཚུལ་ཕེབས་པ་ལྟར་སླར་ཡང་གསོ་རིག་ལ་བློ་སྦྱངས་ཞེས་གསུངས།
 

          དགུང་ལོ་སུམ་ཅུ་སོ་ལྔ་ལ་ཕེབས་དུས་འབྲུམ་ནད་ལ་སྨན་བཅོས་གནང་སྟེ་ནད་ལས་ཐར་བའི་ནད་པ་བརྒྱ་ཕྲག་བཅུ་གསུམ་ཙམ་བྱུང་བ་དང་།  དད་ལྡན་སློབ་མ་ལྕགས་སྟོད་པ་དཔལ་ལྡན་ཚུལ་ཁྲིམས་དང་།  བརྩེ་ཆེན་པ་གྲགས་པ་བཟང་པོས་བསྐུལ་བའི་ངོར་ <<འབྲུམ་ནག་བཅོས་ཐབས་ཀྱི་ཡིག་ཆུང་>> མཛད་པས་ཕན་ཐོགས་ཤིན་ཏུ་ཆེ་བ་བྱུང་།
 

          དགུང་ལོ་སུམ་ཅུ་སོ་བདུན་ནས་སོ་བརྒྱད་གཉིས་ལ་གསོ་རིག་འཆད་ཉན་དང་འགྲོ་དོན་བསྐྱངས་ཏེ་བཞུགས།  དེ་ནས་རྒྱལ་རྩེར་ཕེབས་སྐབས་སྒོ་བཞི་རེ་ཐང་གི་ཕྱོགས་ན་གཡུ་ཐོག་པའི་བཞུགས་གནས་དང་།  ཆོས་ཁྲི་མཇལ་སྐབས་གཡུ་ཐོག་པའི་གདུང་རྒྱུད་ཡིན་ཞེས་པའི་མི་ནག་རྒན་གཞོན་བཞི་ལྔ་ཅིག་སླེབས་ནས་ངེད་རྣམས་གདུང་རྒྱུད་ཡིན་རུང་ས་ཆ་དཔལ་འཁོར་ཆོས་སྡེའི་ཆོས་གཞིས་ཀྱི་དཀར་མེ་ལ་སྦྱར།  ད་འཁྱེར་ཞན་གང་ཡང་མེད།  ཁྱེད་ཚོ་ཐག་རིང་ནས་བྱོན་པ་ཨ་ཐོ་ཡིན།  འདི་ཁུལ་གཡུ་ཐོག་པའི་ཆོས་ཁྲི་ཡིན་ཟེར་བ་མ་གཏོགས་མོས་གུས་བྱེད་མཁན་མེད་ཟེར་དུས།  དཔལ་ལྡན་རྒྱལ་མཚན་ཐུགས་ལ་རྗེ་གཡུ་ཐོག་ཡོན་ཏན་མགོན་པོ་འདྲ་བའི་སྤྲུལ་སྐུ་དེ་ལ་འདི་འདྲའི་བརྒྱུད་འཛིན་དང་། བཞུགས་ཁྲི་སོགས་མཐོང་ཙ་ན་གསོ་རིག་གི་བསྟན་པ་མིང་ཙམ་ལ་གྱུར་འདུག་དགོངས་ནས་ཡི་ཆད་དྲག་པོས་སྨོན་ལམ་བཏབ།  ཞོར་ལ་སུམ་སྟོན་དང་།  ཕག་སྟོན་སོགས་བུ་ཆེན་དྲུག་གི་ཆོས་ཁྲི་ཡོད་པ་རྣམས་མཇལ་།  གདུང་བརྒྱུད་རྣམས་ལ་ཤ་མར་སོགས་སྟེར་སྦྱིན་གནང་བས་ཁོང་ཚོ་དགའ་སོང་ཞེས་གསུངས།  དེ་ནས་ཤེལ་དཀར་རྒྱལ་རྩེར་དད་བརྩོན་ཤེས་རབ་ལྡན་པའི་སློབ་མ་བཞི་བཅུ་སྐོར་ལ་ <<རྒྱུད་དོན་རབ་གསལ་>> དང་། <<འབུམ་ནག་གསལ་སྒྲོན།>> <<སྙན་རྒྱུད་རྡོ་རྗེའི་ཚིག་རྐང་།>> <<ཆུའི་སྟོང་ཐུན།>> <<སོ་མ་ར་ཛ།>>  <<ཕྱི་རྒྱུད་སྨན་ངོ་གསལ་བྱེད་>> སོགས་དཔེ་དོན་ལུང་རིགས་མན་ངག་གསུམ་གྱི་སྒོ་ནས་ཟླ་བ་ལྔའི་རིང་འཁྲིད་སྦྱོང་དང་།  ལག་ལེན་སྐོར་ནད་པ་དུ་མར་ལྟ་རེག་དྲི་བའི་སྒོ་ནས་གཅེར་མཐོང་དུ་ངོ་སྤྲོད་།  ཟས་སྤྱོད་སྨན་དཔྱད་ཀྱི་གཉེན་པོས་གསོ་བའི་ལག་ལེན་གཏན་ལ་ཕབ་།  དེ་མིན་ལུས་ཀྱི་ཐིག་འགྲེམས།  ཆུའི་འཁོར་ལོ།  སྨན་གྱི་ངོ་སྤྲོད་རྣམས་སློབ་དཔོན་གྱི་ཕྱག་ལེན་ཇི་ལྟ་བར་མིག་ལམ་དུ་ཕབ་པ་སོགས་གནང་བས་གསོ་རིག་བསྟན་པ་ཡར་རྒྱས་ཀྱིས་ཆེ་བཙུན་གྱི་དགོངས་པ་རྫོགས་པ་དང་།  དབུལ་ཕོངས་ནད་པའི་རེ་བ་ཡིད་བཞིན་འགྲུབ་པའི་དགེ་མཚན་རླབས་ཆེན་བྱུང་།  གཞན་ཡང་བུ་སློབ་ཆེད་དུ་ << ཚད་གསར་གསོ་བའི་ཡིག་ཆུང་>> དང་།  <<གག་པ་དང་རིམས་ཚད་ཕྲ་མོའི་བཅོས་ཐབས།>>  <<གློ་ནད་གསོ་བའི་ཡིག་ཆུང་།>>  <<རྐང་འབམ་གསོ་བའི་ཡིག་ཆུང་།>>  <<འཚོ་བྱེད་གཞོན་ནུའི་རྣམ་ཐར་མདོར་བསྡུས།>>བཅས་མཛད།  སྡེ་སྲིད་སངས་རྒྱས་རྒྱ་མཚོའི་ <<གསོ་རིག་ཁོག་འབུགས་>> ནང་།  ཚ་རོང་ཆོས་རྗེ་དཔལ་ལྡན་རྒྱལ་མཚན་གྱིས་གསོ་རིག་གི་སྤྱི་དོན་ནམ་བཤད་པའི་སྲོལ་འབྱེད་ <<མུན་སེལ་སྒྲོལ་མེ་>> ལ་སོགས་པ་ཚ་རོང་པའི་ <<སྙན་བརྒྱུད་>> དུ་གྲགས་པ་མཛད་ཅེས་གསལ་བ་ཙམ་ལས་ཞིབ་རྒྱས་མ་འཁོད།  ཁོ་བོས་མཇལ་བའི་དཔལ་ལྡན་རྒྱལ་མཚན་གྱི་རྣམ་ཐར་ནང་སྐུ་ཚེ་ཇི་བཞུགས་དང་།  རྗེས་སུ་འགྲོ་དོན་བསྐྱངས་ཚུལ་སོགས་མི་འདུག་པས་སླད་ཕྱིན་ཁ་སྐོང་རྣམ་ཐར་རིགས་བཙལ་འཚོལ་བྱུང་ན་མཇུག་མཐུད་ལེགས་སྒྲིག་ཡོད་པ་ཞུ།།   

 

-འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་འདོན་བྱས་པ་ཞིག་ཡིན།


 

མཐའ་མའི་འདོན་ཐེངས་།: 01.02.2017 ཉིན། 2:22 PM

<< སྔ་མ།