སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

ཉི་ཐང་སྨན་མཁྱེན་བློ་བཟང་རྒྱ་མཚོ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.06.2017
གསོ་རིག་མཁས་དབང་རིམ་བྱོན། >>

                                                
   ཉི་ཐང་སྨན་མཁྱེན་བློ་བཟང་རྒྱ་མཚོ།

- བྱམས་པ་འཕྲིན་ལས།

 

          ཉི་ཐང་སྨན་མཁྱེན་བློ་བཟང་རྒྱ་མཚོ་ཞེས་པ་ནི། རྒྱལ་བ་ལྔ་པའི་དུས་སྐབས་སུ་བྱུང་བ་ཡིན་ཞིང་། རྣམ་ཐར་དང་ལོ་རྒྱུས་སྐོར་འདི་ཡིན་མ་མཇལ་ཀྱང་། སྡེ་སྲིད་ཁོག་འབུགས་(ཤོག་གྲངས་ ༡༨༥ ན་༤)ནང་འབྲས་སྤུངས་དགའ་ལྡན་ཕོ་བྲང་ནུབ་མར་ཐོག་མར་ཉི་ཐང་དྲུང་ཆེན་བློ་བཟང་རྒྱ་མཚོ་སློབ་དཔོན་དང་། རྗེས་སུ་བྱང་ངོས་ནས་ཀྱིས་དོ་དམ་བྱས་ཏེ་གསོ་རིག་འགྲོ་ཕན་གླིང་དང་། གཞིས་ཀ་བསམ་གྲུབ་རྩེར་ཚ་རོང་པས་དོ་དམ་བྱས་པའི་དྲང་སྲོང་འདུས་པའི་གླིང་སྟེ་སློབ་གྲྭ་ཁག་གཉིས་ཀྱི་རྒྱུན་འཛུགས་པར་གནང་བས་རྒྱུད་བཞིའི་རྒྱུགས་འབུལ་བ་ཡང་སྔ་ཐོག་མང་བ་བྱུང་བར་སྣང་ཞིང་། ཞེས་པ་ལྟར་ལྔ་པ་ཆེན་པོས་རབ་བྱུང་བཅུ་གཅིག་པའི་ཆུ་ལུག་( སྤྱི་ལོ་ 1643 ) ལོར་འབྲས་སྤུངས་ཕོ་བྲང་ནུབ་མར་སྨན་གྱི་སློབ་གྲྭ་འཛུགས་གནང་མཛད་སྐབས། ཉི་ཐང་དྲུང་ཆེན་བློ་བཟང་རྒྱ་མཚོར་སློབ་དཔོན་གྱི་ལས་གནས་གནང་འདུག་པས། གཞུང་དང་ལག་ལེན་གང་ཅིར་ཤིན་ཏུ་མཁས་པ་ཡིན་པ་སྨོས་མེད་རེད།
 

གསོ་རིག་འཆད་རྒྱུན་གྱི་བཤེས་གཉེན་ནི་གསོ་རིག་འཛིན་པ་ཐམས་ཅད་ཀྱི་གཙུག་རྒྱན་དམ་པར་གྱུར་པ་དྲང་སྲོང་བསྟན་འཛིན་རྒྱལ་པོ་ཡིན་ཞེས་ཉི་ཐང་བློ་བཟང་རྒྱ་མཚོ་རང་གིས་མཛད་པ་《རྒྱུད་བཞིའི་བླ་བརྒྱུད་》ཅེས་པའི་ནང་གསལ་བ་དང་། ད་དུང་རྒྱུད་ཆེན་འདི་སངས་རྒྱས་ཀྱི་བཀའ་དང་བསྟན་བཅོས་ཁྱད་མེད་ཀྱི་འདོད་ཚུལ་འཛིན་མཁན་ཡིན། གང་ཡིན་ཞེ་ན། ཁོང་གི་དགོངས་པར་རྒྱུད་ཆེན་འདི་སངས་རྒྱས་ཀྱི་བཀའ་སྒྲུབ་ཀྱི་དབང་དུ་བྱས་ནས་དེའི་བརྒྱུད་རིམ་རྣམས་སྒྲོ་སྐུར་དང་བྲལ་བ་སོམ་ཉི་མ་དགོས་ཀྱང་། གཡུ་ཐོག་མགོན་པོས་མཛད་པའི་དབང་དུ་བྱས་ན་ཤེས་རབ་དང་ལྡན་པས་མཚོན་དོན་སྦྱོར་བ་ཙམ་འགྲིག་འགྲིག་ལྟར་སྣང་ཡང་། སྟོན་པ་སྨན་པའི་རྒྱལ་པོ་ནས་སྨན་སྒོམ་ཤཱཀྱ་དབང་ཕྱུག་གི་བར་བརྒྱུད་པ་འདི་ཡི་བླ་བརྒྱུད་རྣམས་ཀྱང་མིང་ཙམ་དུ་འགྱུར་བས་རྒྱུད་བཀའ་སྒྲུབ་ཀྱི་ཕྱོགས་འདི་ལེགས་ཤིང་། རྣམ་པ་གཅིག་ཏུ་ན་གཡུ་ཐོག་མགོན་པོས་རང་དབང་དུ་མཛད་ཀྱང་རྒྱུད་ནི་བཀའ་མ་ཡིན་པའི་སྐྱོན་མི་འཇུག་སྟེ། རྗེ་འདི་ཉིད་མཆོག་གི་སྤྲུལ་སྐུ་མ་ཡིན་ཀྱང་སྒྲིབ་གཉིས་ཟད་པའི་སྐྱེས་བུར་ཁས་ལེན་དགོས་པའི་ཁར། རྗེ་དྷརྨ་སྭ་མིའི་བསྟོད་པ་ལས། ཕྱོགས་བཅུའི་རྒྱལ་བ་དུས་གསུམ་སངས་རྒྱས་ཀྱི། །སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་གཅིག་བསྡུས་པ། །ཞིང་འདིའི་དཔལ་དུ་གཡུ་ཐོག་མགོན་པོ་ཞེས། །སྐྱོན་བྲལ་ཡོན་ཏན་རྫོགས་ལ་གསོལ་བ་འདེབས། །ཞེས་ངེས་དོན་དུ་སངས་རྒྱས་འཕགས་པར་གསུངས་པ་ཇི་བཞིན་ཁས་ལེན་དགོས་པ་འགྱུར་རོ། །ཞེས་རྒྱུད་བཞི་བཀའ་བསྟན་གཉིས་ཀར་བཞེད་པའི་འདོད་ཚུལ་གནང་མཁན་ཡིན།
 

ཕྱིས་སུ་ཉི་ཐང་བློ་བཟང་རྒྱ་མཚོའི་སློབ་མས་བྲིས་པ་《དྲིན་ཅན་རྩ་བའི་བླ་མ་ཉི་ཐང་པ་(1)བློ་བཟང་རྒྱ་མཚོའི་ཕྱག་ལེན་མན་ངག་གི་རིམ་པ་རིན་ཆེན་ཕྲེང་བ།》ཞེས་བྲིས་མ་ཤོག་གྲངས་བཞི་བཅུ་ཞེ་གསུམ་ཡོད་པ་དང་། 《མན་ངག་དགོས་འདོད་ཀུན་འབྱུང་》ཞེས་པ་བྲིས་མ་ཤོག་གྲངས་ཉི་ཤུ་རྩ་གཅིག་ཡོད་པ་གཉིས་ཀྱི་ནང་སྨན་སྦྱོར་ལག་ལེན་སྐོར་མང་པོ་ཡོད་ཅིང་། དེ་དག་ནང་རིན་ཆེན་དབང་རིལ་རྟ་རི་མའི་ཕྱག་བཞེས་སྦྱོར་ཚད་ཀྱིས་མཚོན་ཐུན་མོང་མ་ཡིན་པའི་ཉམས་མྱོང་དང་། ཚ་བ་ཡུལ་འབུད་སྨན་མཆོག་སྤུན་བདུན་(2) གྱི་སྦྱོར་བ། དོན་ལྔའི་རྒྱལ་པོ་གསོ་བའི་སྨན། གློ་ནད་རྣག་ཏུ་ལུ་བར་ག་བུར་ཉེར་ལྔ་ཁ་ཚར་ཅན། རུས་འདུལ་གྱི་སྦྱོར་བ་མགོ་སྨན་ལྡུམ་བཅོས་གདམས་ཟབ་ཁྱད་པར་ཅན་གྱི་སྦྱོར་བ་ལ་སོགས་པ་མང་དག་ཅིག་རྗེས་འཇུག་ཞལ་སློབ་ཚོས་བལྟས་ཆོག་འདུག་པས་བཀའ་དྲིན་ཤིན་ཏུ་ཆེ་བར་སྙམ། ཉི་ཐང་སྨན་མཁྱེན་མཆོག་གིས་སྐུ་ཚེ་གཅིག་ལ་ཚངས་པར་སྤྱོད་པའི་སྡོམ་པ་སྲུང་བ་དང་། སྐུ་ཚེ་ཅུང་ཟད་རིང་ཙམ་བཞུགས་པ་མིན་ནམ་སྙམ་སྟེ་རྒྱུད་བཞིའི་བླ་བརྒྱུད་མཇུག་ཏུ། ལུས་ཀྱི་རི་བོ་རྒས་པས་ནོན་གྱུར་ཅིང་། །ལྔ་པའི་ཚོགས་པ་མྱུར་དུ་འཇིག་འགྱུར་ཡང་། །རྣམ་གཡེང་ལེ་ལོའི་ཁུར་གྱིས་རྒྱུན་དུ་བཙེས། །རྟག་འཛིན་ཅན་གྱི་དགེ་སློང་རྒན་པོ་ཡིས། །གྲོགས་པོ་དམ་པས་དྲིས་པའི་ལན་དུ་སྨྲས། །ཞེས་གསུངས་པས་གསལ་ལོ།།
 

མཆན་བུ།

(1) འདི་ནི་རྒྱལ་བ་ལྔ་བ་ཆེན་པོས་རབ་བྱུང་བཅུ་གཅིག་མེ་འབྲུག་(སྤྱི་ལོ་ 1676) ལོ་གསང་ཕུ་ཉི་མ་ཐང་དུ་ཉི་ཐང་སྨན་མཁྱེན་བློ་བཟང་རྒྱ་མཚོ་སློབ་དཔོན་དུ་བསྐོས་ནས་སྨན་གྱི་སློབ་གྲྭ་བཙུགས། ཉི་མ་ཐང་ཞེས་པ་ད་ལྟ་ལྷ་སའི་ནུབ་ངོས་སྣེའུ་དང་། དེ་ནས་གསང་ཕུ། དེ་ནས་བློན་གྱི་མདའ་ལ་ཡོད། འོན་ཀྱང་ད་ལྟ་དགོན་ཤུལ་ཙམ་ལས་ལྷག་མེད།

(2) དྲིན་ཅན་རྩ་བའི་བླ་མ་ཉི་མ་ཐང་པའི་གསུང་རྒྱུན་《མན་ངག་དགོས་འདོད་ཀུན་འབྱུང་།》 (ཤོག་གྲངས་ ༡༥ན་༦ ) པར་ཚ་བ་ཡུལ་འབུད་སྨན་མཆོག་སྤུན་བདུན་ཡོད། གཅིག་ནི་གངས་དཀར་རྩེ་ལ་སྐྱེ(གངྒ་ཆུང་)། །གཅིག་ནི་རྒྱ་མཚོའི་མཐིལ་དུ་སྐྱེ(སྟོང་རི་ཟིལ་པ་)། །གཅིག་ནི་བྲག་དཀར་ངོས་ལ་སྐྱེ(གླ་རྩི)། །གཅིག་ནི་རྒྱ་གར་ཡུལ་ན་སྐྱེ་(ཨ་རུ་ར)། །གཅིག་ནི་ལྷུན་སྡུག་དགའ་བར་སྐྱེ (འཛིན་པ)། །གཅིག་ནི་རྩྭ་མཆོག་དྲུང་དུ་སྐྱེ (ཏིག་ཏ)། །གཅིག་ནི་གུར་གུམ་སྤང་ལ་སྐྱེ (པརྤ་ཏ)། །ན་བཟའ་དར་དཀར་དྲི་མེད་ཡིན། །ཐང་དུ་བཏང་ཡང་ཆོག་པ་ཡིན། །མང་ཉུང་ནད་ཀྱི་སྟོབས་དང་སྦྱོར། །སྨན་རྟ་གཡུ་སྤྲིན་སྔོན་པོ་ཡིན། །ཕྱེ་མ་བཏང་ཡང་ཆོག་པ་ཡིན། །གཡུ་ཐོག་མན་ངག་འདི་ཡིས་སླེབས་པ་ན། །མི་དེ་འཆི་བདག་ཁ་རུ་ཚུད་ཀྱང་ཐར། །བརྒྱུད་པ་གཡུ་ཐོག་མགོན་པོ་ཡིན། །སློབ་དཔོན་ཟུར་མཁར་ཆོས་རྗེ་ཡིན། །ང་རང་འཕགས་ཡུལ་འཚོ་བྱེད་ཡིན། །ལག་ལེན་ཤི་བ་སློང་བྱེད་ཡིན། །གདམས་ངག་ཡིད་ཆེས་ཐག་ཆོད་ཡིན། །ཚ་བ་བཅོས་ཐབས་གསང་བའི་མན་ངག་རྫོགས་སོ། །ཞེས་གསལ།
 

 

- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་འདོན་བྱས་པ་ཞིག་ཡིན།

 

 

མཐའ་མའི་འདོན་ཐེངས་།: 29.06.2017 ཉིན། 12:59 PM

<< སྔ་མ།