སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

བྷ་རོ་ཕྱག་རྡུམ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.08.2014
གསོ་རིག་མཁས་དབང་རིམ་བྱོན། >>


བྷ་རོ་ཕྱག་རྡུམ།

བྱམས་པ་འཕྲིན་ལས།

          བྷ་རོ་ཕྱག་རྡུམ་མམ་སྐྱེས་བུ་མེ་ལྷ་ཞེས་པ་ནི་བོད་ཀྱི་མངའ་རིས་རྒྱལ་བརྒྱུད་མངའ་བདག་རྩེ་ལྡེའི་སྐབས་(1)ཨོ་རྒྱན་ཡུལ་ནས་བོད་ལ་སྤྱུགས་པའི་སྨན་པ་མཁས་ཅན་ཞིག་ཡིན། སྐྱེས་བུ་མེ་ལྷའི་ཡབ་ནི་སློབ་དཔོན་ཛི་ན་མི་ཏྲ་(2)ཞེས་པ་དེ་ཡིན་ཅིང་། ཨོ་རྒྱན་ཡུལ་དུ་གསོ་རིག་རྒྱ་མཚོའི་ཕ་མཐར་སོན་པས་རྒྱལ་པོའི་བླ་སྨན་མཛད་དུས་བཙུན་མོའི་ནད་བཅོས་པའི་སྐབས་མི་ཚངས་སྤྱོད་ཀྱི་ཉེས་པ་ཤོར་བར་བརྟེན་རྒྱལ་པོས་གསོད་པར་ཕངས་ཏེ་ཉེས་ཁྲིམས་ལ་ཕྱག་བཅད་པས་བྷ་རོ་ཕྱག་རྡུམ་ཞེས་ཟེར།

          བོད་དུ་ཕེབས་རྗེས་《སྙན་བརྒྱུད་བེ་བུམ་ནག་པོ་(3)》དང་། 《ཆུང་དཔྱད་བེ་བུམ་སྔོན་པོ།》 《འབུམ་ཁུ་ཚུར།》 《དྷེ་སྐོར་ཕྱི་ནང་གསང་གསུམ་》སོགས་མན་ངག་གི་ཡིག་སྣ་མང་དུ་མཛད། མཐའ་བཞི་དང་། དགོན་སྟོང་། ཟེར་སྨན་པ་སྟེ་ཐུགས་སྲས་བཞི། ཉང་དང་། གཡའ། འབེ་ལ་སོགས་པ་ཞལ་སློབ་དུ་མ་བྱུང་ཞེས་《སྡེ་སྲིད་ཁོག་འབུགས་》ནང་དུ་གསལ།

          སྐྱེས་བུ་མེ་ལྷའི་རྣམ་ཐར་ཅུང་ཟད་ཞིབ་པ་སྙན་བརྒྱུད་བེ་བུམ་ནག་པོའི་ལེའུ་དང་པོ་བརྒྱུད་པའི་ལོ་རྒྱུས་ལས། ཨོ་རྒྱན་ཡུལ་དུ་སྐུ་འཁྲུངས་པའི། །སྤྲུལ་སྐུ་སྐྱེས་བུ་མེ་ལྷ་དེས། །དྲང་སྲོང་བརྒྱུད་པ་མ་ཆད་པ། །ཡང་མེས་ཤིནྟ་གརྦྷ་ལགས། །མེས་པོ་ཨུ་པ་དེ་ཤ་ལགས། །ཡབ་ནི་ཛི་ན་མི་ཏྲ་ལགས། །ལག་རྡུམ་ཞེས་བྱ་བླ་དྭགས་ལགས། །རྒྱུ་མཚན་རྒྱལ་པོའི་བླ་སྨན་བྱས། །བཙུན་མོ་བཅོས་པ་ཉས་པ་ཤོར། །རྒྱལ་པོའི་བཀའ་ཡི་ཆད་པ་བྱུང་། །བསད་པར་ཕངས་ནས་ལག་ཚིགས་བཅད། །ལས་ཀྱི་སྟོབས་ཀྱིས་བོད་དུ་སྦྱུགས། །ཡབ་ཅིག་ཛི་ན་མི་ཏྲ་དེས། །ཐུགས་ཀྱི་པདྨ་ཁ་ཕྱེས་ནས། །སྙན་བརྒྱུད་གདམས་པ་མ་ལུས་པ། སྤུ་རངས་མཐོ་ལྡིང་བསྐྱལ་ནས་ནི། །སྲས་ལ་ཚིག་ཅིག་མ་ཆད་པ། །ཡི་གེ་རིས་སུ་མ་བཏབ་པར། །སྙན་བརྒྱུད་གདམས་པ་གནང་བ་ཡིན། །དྷེ་སྐོར་མ་བུའི་སྨན་དཔྱད་ཀྱང་། །ཚིག་ལ་ལྷག་ཆད་མེད་པ་རུ། །དོན་དུ་བསྡུས་ནས་བསྟན་པ་ཡིན། །དེ་ནས་རིམ་གྱིས་བརྒྱུད་པ་ལ། །སྤུ་རངས་མྱང་ལ་གནང་བ་ཡིན། །དེ་ནས་སྙེ་མོ་གཞུ་རུ་བྱོན། །ཇོ་བོ་མྱང་སྨན་རིང་མོ་ལ། །དྷེ་སྐོར་མ་བུའི་སྨན་དཔྱད་དང་། གྲང་བའི་བཅོས་ཐབས་ཐུར་མའི་སྐོར། །གདམས་པ་མྱང་ལ་གནང་བ་ཡིན། །དེ་ནས་དབུ་རུ་ཡེར་པར་བྱོན། །དེ་ལ་སློབ་མ་བཞི་ཡོད་དེ། །མཐའ་བཞི་དགོན་དང་སྡོང་དང་གསུམ། །ཟེའུ་སྨན་པ་དེ་དང་བཞི། །དེ་ནི་ཐུགས་ཀྱི་སྲས་བཞི་ཡིན། །གཡའ་དང་བྷེ་ལ་སོགས་པ་རྣམས། །ཞར་ལ་བསླབས་པའི་སློབ་མ་ཡིན། །སྐར་ཆུང་མཐའ་བཞི་ཤག་གེ་ལ། །རྨ་རྣམས་སྐོར་གསུམ་བསླབས་པ་ཡིན། །སྒྲགས་ཀྱི་གྱེར་སྟོན་ཆོས་གྲགས་ལ། །གྲང་བའི་སྐོར་གསུམ་བསླབས་པ་ལགས། །སྟོད་ལུང་ཟེའུ་སྨན་པ་ལ། །བྲུལ་ཚེའི་སྐོར་ཚོ་བསླབས་པ་ལགས། །ཡར་ལུང་སྟོང་སྨན་ཤག་ཆུང་ལ། །ཚ་གྲང་རླུང་གསུམ་བསླབས་པ་ལགས། །ཞལ་ནས་གསུངས་པའི་གདམས་པ་ལ། །དྲིས་ལན་སྐོར་ཚོ་ཟེར་བ་ལགས། །ཡི་གེ་མེད་པའི་གདམས་པ་ལ། །ནག་པོ་སྐོར་གསུམ་ཟེར་བ་ལགས། །ནག་པོ་སྐོར་གསུམ་གདམས་པ་འདི། །སྟོང་ལ་སློབ་གྲངས་མང་ན་ཡང། །ཐོར་ཐོར་གནང་བ་འགའ་ཙམ་ལས། །རྒྱས་པར་བྱིན་པ་གཅིག་ཀྱང་མེད། །འཕན་ཡུལ་རྦས་སྨན་རྡོར་རྒྱལ་དང་། །གཙང་སྨན་ཏྲེ་ཡི་ཁ་ལེབ་གཉིས། །གྲ་ཕྱིའི་བེ་སྨན་བྱང་རྒྱལ་གསུམ། །ཐུགས་བཏགས་པ་ཡི་བུ་གསུམ་ཡིན། །གྲ་ཕྱིའི་བེ་སྨན་བྱང་རྒྱལ་དེས། །ཞལ་གདམས་ཡི་གེར་བཀོད་པ་ཡིན། །བུ་དང་ཚ་ལ་ཕོག་པ་ལགས། །དེ་ནས་སྐྱོགས་སྨན་དག་ལ་གནང་། །དེ་ནས་རིམ་པས་བདག་ལ་གནང་། །སྙན་བརྒྱུད་ཚིག་གཅིག་མ་ཆད་པར། །སྙན་ནས་སྙན་དུ་བརྒྱུད་པ་ཡིན། །ཞལ་ནས་ཞལ་དུ་བརྒྱུད་པ་ཡིན། །ཐུགས་ནས་ཐུགས་སུ་བརྒྱུད་པ་ཡིན། །འདི་ལྟ་བུ་ཡི་གདམས་པ་འདི། །འཛམ་བུའི་གླིང་ན་དཀོན་པ་ཡིན། །དཀོན་མོད་ནམ་མཁའི་མེ་ཏོག་འདྲ། །བྱིན་རླབས་ཁྲི་གདུགས་ཉི་མ་འདྲ། །དཀོན་མོད་རྒྱལ་ཁམས་མི་ལ་དྲིས། །བདེན་རྫུན་ལག་ཏུ་ལོངས་ལ་ལྟོས། །སྦྱོར་བ་རེ་ལ་རྟ་རེ་རི། །སྤྱིར་ན་ནོར་བུ་རིན་ཆེན་འདྲ། །དགོས་འདོད་ཐམས་ཅད་འབྱུང་བ་ཡིན། །ཞེས་སྐྱེས་བུ་མེ་ལྷ་བོད་དུ་ཕེབས་ནས་སྨན་དཔྱད་དང་སློབ་མ་བསྐྱངས་ཚུལ་དེ་ལྟར་ཡིན་ཅིང་། བོད་ཀྱི་གསོ་རིག་དར་བྱེད་ལྔ་བཅུ་རྩ་བརྒྱད་བགྲངས་པའི་སྐབས་སུ། སྐྱེས་བུ་མེ་ལྷ་ཞེས་པ་ནི་ནམ་མཁའ་ལྟར་ཁྱབ་པ་གཅིག་ཅེས་པའི་མཚན་གྱི་གཟེངས་བསྟོད་ཡོད་ལ། སྐྱེས་བུ་མེ་ལྷས་ལག་ལེན་རྒྱས་བཤད་དར། སྤུ་རངས་ཉང་སྨན་ཐུར་མ་ཚད་མེད་དར། སྟོང་སྨན་སྟག་ཆུང་ཚད་པའི་སྒོས་བཅོས་དར། །ཞེས་སོགས་གསལ་ལོ།།

མཆན་བུ།

(1) སྔར་བོད་ཀྱི་ལྷ་བཙན་པོའི་གདུང་བརྒྱུད་མངའ་བདག་རྩེ་ལྡེ་ཞེས་པའི་འཁྲུངས་ལོ་མ་རྙེད་ཀྱང་རྒྱལ་པོ་དེས་མངའ་རིས་སུ་ཆོས་འཁོར་ཆེན་མོ་བཙུགས་པའི་དུས་ཚོད་ནི་རབ་བྱུང་དང་པོའི་མེ་འབྲུག་སྤྱི་ལོ་༡༠༧༦ ལོ་ཡིན་ནོ།།

(2) ཛི་ན་མི་ཏྲ་ཞེས་པ་ལེགས་སྦྱར་སྐད་དང་། བོད་སྐད་དུ་རྒྱལ་བའི་བཤེས་གཉེན་ཞེས་ཞུ། ཟུར་མཁར་བློ་གྲོས་རྒྱལ་པོས་བརྩམས་པའི་ཤེས་བྱ་སྤྱིའི་ཁོག་འབུགས་ཤོག་གྲངས་༡༧༦ བ་༢ འདི་ནི་མདའ་བདག་ཁྲི་རལ་པ་ཅན་ཀྱིས་བོད་ཕྲུག་བློ་རྣོ་བ་བཅུ་དྲུག་རྒྱ་གར་དུ་ཆོས་ལེན་པར་བརྫངས་པས་གསུམ་གྱིས་སྐ་ཅོག་ཞང་མཐར་ཕྱིན་པར་བྱུང་ནས་པཎྜི་ཏ་ཛི་ན་མི་ཏྲ་སོགས་གདན་དྲངས། ཆོས་ཐམས་ཅད་བཀས་བཅད་ཀྱིས་གཏན་ལ་འབེབས་པར་མཛད་པ་པོ་དེ་ཉིད་ཡིན་པར་རྦ་བཞེད་ཞབས་བཏགས་སོགས་ལས་གསལ་པོར་བཤད་ཅིང་ཞེས་གསུངས་པ་ལྟར་ཛི་ན་མི་ཏྲ་བོད་དུ་ཕེབས་མྱོང་ཡོད། ཕྱི་མ་རྒྱུད་ཀྱི་གདོན་ཆུ་བརྟག་པའི་སྐབས་ཛི་ན་མི་ཏྲའི་ཆུ་དཔྱད་ཅེས་པའང་སློབ་དཔོན་འདི་ཉིད་ཀྱིས་མཛད་པར་གྲགས་སོ།།

(3) སྙན་བརྒྱུད་བེ་བུམ་ནག་པོ་ཞེས་པ་དེ་ལ། ལེའུ་དང་པོ་བརྒྱུད་པའི་ལོ་རྒྱུས། གཉིས་པ་རྩ་འཁྲིད། གསུམ་པ་ཆུ་ལ་ནད་ངོས་བཟུང་བ། བཞི་པ་འཁྲུ་བར་ནད་ངོས་འཛིན་པ། ལྔ་པ་སྐྱུགས་པར་ནད་ངོས་བཟུང་བ། དྲུག་པ་ཁོག་ནད་ལ་གསང་སྒོ་བྱུང་བ་ནད་ངོས་བཟུང་བ། བདུན་པ་ཁྲག་ལ་ནད་བརྟག་པ། བརྒྱད་པ་ཚད་པ་རྟགས་ངེས་ཅན་གྱི་ཞལ་གདམས། དགུ་པ་ཚད་པ་བྱེ་བྲག་ཏུ་ཤན་འབྱེད་པ་དང་རྩ་ཆུ་ན་ལུགས་གསུམ་གྱི་སྒོ་ནས་ངོས་འཛིན་པ། བཅུ་པ་ཚ་གྲང་ནོར་ར་རེ་ཤན་འབྱེད་གེགས་སེལ། བཅུ་གཅིག་པ་དྲིས་ལན་བརྟག་པ། བཅུ་གཉིས་པ་འཚོ་འཆི་ཁ་དམར། ཡང་བཅུ་གཉིས་པ་སྨན་སྦྱོར། བཅུ་གསུམ་པ་བཤལ། བཅུ་བཞི་པ་རྩ་བཤལ། བཅོ་ལྔ་པ་གཏར་ག བཅུ་དྲུག་པ་མེ་བཙའ། བཅུ་བདུན་པ་ཟས་བཅོས། བཅོ་བརྒྱད་པ་གཟེར་བཅོས། བཅུ་དགུ་པ་གམ་འཁྲུགས་བཅོས་པ། ཉི་ཤུ་པ་རིམས་ནད་གསོ་བ། ཉེར་གཅིག་པ་རིམས་ནད་གསོ་བ། ཉེར་གཉིས་པ་དོན་སྣོད་གཉིས་ཀྱི་བཅོས་ཐབས། ཉེར་གསུམ་པ་ཚད་གསར་བཅོས་པ། ཉེར་བཞི་པ་གློ་བ་ཆུ་ཤོར་བཅོས། ཉེར་ལྔ་པ་གློ་རྣག་བཅོས་པ། ཉེར་དྲུག་པ་གེགས་སེལ་ཐོར་བུ། ཉེར་བདུན་པ་སྙིང་རླུང་དང་ཆུ་སེར་བཅོས་པ། ཉེར་བརྒྱད་པ་རྒྱུ་གཟེར་བཅོས་པ། ཉེར་དགུ་པ་བད་ཀན་སྨུག་པོ་བཅོས་པ། སུམ་ཅུ་པ་བད་ཀན་སྨུག་པོ་སྒོས་བཅོས། སོ་གཅིག་པ་དམུ་ཆུ་བཅོས་པ། སོ་གཉིས་པ་མཁལ་མ་སུརྱ་བཅོས་པ། སོ་གསུམ་པ་མཁྲིས་པ་ཤ་ཡ་བཅོས་པ། སོ་བཞི་པ་སྐྲན་བཅོས་པ། སོ་ལྔ་པ་ཁྲག་བཅད་པ། སོ་དྲུག་པ་ཚད་པའི་རྟགས་དང་གསོ་ཐབས་གེགས་སེལ་རྣམས་སོ།། །།

 

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

 

 

མཐའ་མའི་འདོན་ཐེངས་།: 04.08.2014 ཉིན། 10:58 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

གསར་འགོད་གསལ་བསྒྲགས།

ཧི་མ་ཅལ་མངའ་སྡེའི་ནང་ཕག་པའི་ཆམ་རིམས་ཀྱི་འཇིགས་སྣང་།

ནུས་པ་གྲང་བསིལ་ཆེས་པའི་སྣུམ་གྱིས་ནད་སྣ་ཚོགས་སྐྱེད་པར་བཤད།

སྨན་རྩིས་སློབ་མ་གསར་བསྡུའི་རྒྱུགས་རིམ་དང་པོའི་གྲུབ་འབྲས།

མིང་དོན་བརྡ་སྤྲོད་རྣམ་ལྔ།

གཙང་སྨན་པའི་བསླབ་བྱ་དང་སྐྱོ་མགུར།

གཙང་སྨན་པའི་སྨན་གྱི་འདྲ་དཔེ།

སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྨན་རྩིས་རིག་གནས་ཐད་ཀྱི་མཛད་རྗེས་གཙོ་བོ།

སྨན་རྩིས་ཁང་འགན་འཛིན་མཆོག་གི་གསུང་བཤད།

ཡོ་ག་ལག་ལེན་དམར་ཁྲིད་དབུ་ཚུགས་པ།

རིགས་ལམ་ངོ་སྤྲོད་སོགས་ཀྱི་འཆད་ཁྲིད་མུ་མཐུད་གནང་རྒྱུ།

ལོ་ངོ་ ༡༠༡ འཁོར་བའི་དུས་དྲན་མཛད་སྒོ།

བརྟག་ཐབས་རིག་པའི་རྒྱལ་ཡོངས་ཚོགས་འདུའི་སྒོ་འབྱེད་གཏམ་བཤད།

གཏེར་བདག་གླིང་པ།

ཉི་ཐང་སྨན་མཁྱེན་བློ་བཟང་རྒྱ་མཚོ།