སྨན་རྩིས་དྲ་བ། - བོད་གཞུང་སྨན་རྩིས་ཁང་གི་བྱུང་རབས།




སྔོན་དུ་བརྗོད་པའི་གཏམ།

འཕགས་མཆོག་སྤྱན་རས་གཟིགས་མི་ཡི་གར་དུ་རོལ་ཏེ་བོད་གངས་ཅན་གྱིི་ལྗོངས་འདིར་སྐུ་ཡི་ཕྲེང་རབས་དུ་མས་རྗེས་སུ་བཟུང་བའི་འདས་པའི་ལོ་རྒྱུས་ལ་ཕྱི་མིག་བལྟ་སྐབས། བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོ་ནས་བརྩིས་མི་ལོ་ཉིས་སྟོང་ཆིག་བརྒྱ་སུམ་ཅུ་ལྷག་གི་ཡོངས་གྲགས་ལོ་རྒྱུས་ཡོད་པ་དང་། དེང་གི་གནའ་རྫས་བརྟག་དཔྱད་ལས་ར་སྤྲོད་བྱུང་བ་ལྟར་ན་ལོ་ངོ་བཞི་སྟོང་བརྒལ་བའི་ལོ་རྒྱུས་ལྡན་ཡོད།

ལྷག་པར་དུས་རབས་བརྒྱད་པའི་ནང་སྟེ་རྒྱལ་རབས་སོ་གསུམ་པ་སྲོང་བཙན་སྒམ་པོའི་སྐབས་བོད་གངས་ཅན་གྱི་ལོ་ཙཱ་བའི་ཐོག་མ་འཇམ་དབྱངས་མི་ཡི་རྣམ་རོལ་ཐོན་མི་སམ་བྷོ་ཊས་བོད་ཡིག་གསར་བཏོད་དང་འབྲེལ་མདོ་རྒྱུད་རྣམ་གྲངས་ཉེར་གཅིག་རྒྱ་གར་ལེགས་པར་སྦྱར་བའི་སྐད་ནས་བོད་བསྒྱུར་གནང་བ་ནས་བཟུང་བོད་སིལ་བུར་མ་འཐོར་བར་དུ་བོད་གངས་ཅན་གྱི་ཡུལ་དུ་ལེགས་བྱས་རིག་གནས་དར་སྤེལ་གྱི་སྐྱེས་སྟོབས་ཤིན་ཏུ་མྱུར་ཞིང། དུས་རབས་བཅུ་བ་སྟེ་བསྟན་པ་ཕྱི་དར་གྱི་སྐབས་ནས་བཟུང་བོད་བརྒྱུད་ནང་བསྟན་གྱིས་གཙོས་རིག་གནས་ཐམས་ཅད་ཀྱི་མཐོ་རླབས་ནམ་མཁར་ཕྱོགས་ཤིང་། ལྷག་པར་དུས་རབས་བཅུ་གསུམ་ཙམ་ནས་འགྲོ་མགོན་ཆོས་རྒྱལ་འཕགས་པས་བོད་ཆོལ་གསུམ་མངའ་དབང་གཅིག་ཏུ་བསྒྱུར་བའི་དུས་སྐབས་དང། དེའི་ཕྱིས་སུ་ྋརྒྱལ་མཆོག་ལྔ་བ་ཆེན་པོས་བོད་ཁམས་ཡོངས་ལ་དབང་བསྒྱུར་གནང་བ་ནས་བཟུང་གཞུང་ས་དགའ་ལྡན་ཕོ་བྲང་གིས་སྲིད་དབང་བསྒྱུར་བའི་དུས་ཡུན་ནང་བོད་ཀྱི་རིག་གནས་ཡོངས་ལ་སྔར་ལས་གསོན་ཤུགས་གསར་བ་རྒྱས་ཏེ། བོད་བརྒྱུད་ནང་བསྟན་གྱིས་གཙོས་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་སོགས་རིམ་པས་དར་ཁྱབ་ཆེན་པོར་བྱུང་བའི་ལེགས་ཚོགས་ཀྱི་འོད་སྟོང་བླ་རུ་འབར་ཡོད།

འོན་ཀྱང་དུས་རབས་ཉི་ཤུའི་དཀྱིལ་ཙམ་ནས་བོད་ཀྱི་སྣོད་བཅུད་ཡོད་ཚད་རྒྱ་གཞུང་གིས་བཙན་འཛུལ་བྱས་ཏེ་བོད་ཀྱི་རིག་གཞུང་གི་བྱ་བཞག་ཐམས་ཅད་རྨོངས་དད་དང་རྗེས་ལུས། རྙིང་ཞེན་དང་མུན་ནག་ཏུ་བརྩིས་ཏེ་ཡོད་ཚད་རྩ་གཏོར་བཏང་བའི་ཡ་ངའི་དུས་འགྱུར་བྱུང་བ་ནས་བོད་ཀྱི་ཆོས་དང་རིག་གཞུང་གི་འཕྲིན་ལས་དེ་བོད་ཡུལ་ནས་ཁ་གྱེས་ཏེ་ྋགོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་གི་རྨད་བྱུང་མཛད་འཕྲིན་དང་ལྷན་ཏུ་ཡངས་པོའི་འཛམ་གླིང་ཡོངས་ཀྱི་གཙུག་ནོར་དུ་གྱུར་བའི་སྙན་པ་ཕྱོགས་སུ་བཞད།

དེ་ལྟར་ཆགས་འཇིག་གི་གཡང་ས་ལས་བོད་ཀྱི་རིག་གཞུང་ཇི་ལྟར་རྒྱུད་འཛིན་དར་སྤེལ་གྱི་བྱ་བཞག་ལ་ཕྱི་མིག་ཅིག་བལྟས་ན། ལོ་རྒྱུས་ཐོག་ཤོར་མི་རུང་བའི་རང་ཡུལ་རྒྱ་ལག་ཏུ་ཤོར་བའི་དུས་ཡུན་ནང་བོད་ཕྱི་ནང་གཉིས་ནས་ཆེས་དཀའ་སྡུག་གི་འགག་འཕྲེང་གང་མང་བརྒྱུད་པའི་སྐྱོ་གདུང་གི་གནས་སུ་གྱུར་ཡོད་ཀྱང་།  ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ང་ཚོར་ཐོབ་མ་མྱོང་བའི་རིན་ཐང་ཅན་གྱི་བྱ་བཞག་མང་པོ་ཞིག་ཐོབ་ཡོད་པ་ནི་ཆེས་དགའ་སྤོབས་སྐྱེ་འོས་སུ་མངོན།

དེ་ཡང་དེང་སྐབས་འཛམ་གླིང་ཐོག་ཆེས་ཚད་མཐོའི་སྲིད་ལུགས་ལེགས་ཤོས་སུ་བརྩི་བའི་མང་གཙོའི་ལམ་ལུགས་རྒྱ་ཆེའི་མང་ཚོགས་ཀྱི་ལག་པར་ཐོབ་པ་དང་། དེང་གི་ཚད་མཐོའི་རིག་གསར་ཁག་ལ་སློབ་སྦྱོང་གི་གོ་སྐབས་ཐོབ་པ། བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་གི་སྒོ་ནས་ཡངས་པའི་འཛམ་གླིང་ཡོངས་ལ་ཞབས་འདེགས་ཞུ་རྒྱུའི་གོ་སྐབས་གང་ལེགས་ཐོབ་པ། ཆོས་ལུགས་མཛའ་མཐུན་དང་ཆོལ་གསུམ་ཆིག་སྒྲིལ་གྱི་འདུ་ཤེས་བརྟན་པོ་ཐོབ་པ། སེར་སྐྱ་ཕོ་མོ་དབྱེར་མེད་ཀྱིས་རིག་གཞུང་ཀུན་ལ་ཡོངས་ཁྱབ་ཀྱི་རང་བཞིན་ལྡན་པའི་རྒྱུད་འཛིན་ཁྱབ་སྤེལ་གྱི་གོ་སྐབས་ཐོབ་པ་དང་བཅས་ནི་ལོ་ངོ་ལྔ་བཅུའི་རིང་ངོམ་འོས་པའི་ལོ་རྒྱུས་ཀྱི་སྣང་བརྙན་གསོན་པོ་ཞིག་ཏུ་ངེས་སོ།།

དེ་དང་ཕྱོགས་མཚུངས་ྋགོང་ས་སྐྱབས་མགོན་རྒྱལ་མཆོག་ྋསྐུ་ཕྲེང་བཅུ་བ་ཆེན་པོ་མཆོག་གི་ཐུགས་རྗེ་བྱིན་རླབས་དང་མཁྱེན་བརྩེའི་འོད་སྣང་ལས་བོད་གཞུང་སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་ལྔ་བཅུ་ཧྲིལ་བོར་འཁོར་བའི་དུས་ཡུན་ནང་ཡར་རྒྱས་ཀྱི་གོམ་ཁ་གང་འཚམས་སྤོས་ཡོད་པས། ལོ་ལྔ་བཅུའི་དུས་དྲན་སྲུང་གཙི་དང་སྟབས་བསྟུན་མགོན་པོ་གང་གི་ཐུགས་རྗེ་ལམ་སྟོན་ལྟར་སྨན་རྩིས་རིག་གཞུང་བསྟི་གནས་ཁང་འདི་ཉིད་ཇི་ལྟར་གསར་དུ་བཙུགས་པ་དང། སྨན་རྩིས་ཁང་གི་འགན་འཛིན་རིམ་བྱུང་དང་། འཚོ་བྱེད་རྒན་རབས་པ་དག་གིས་གཙོས་མི་རབས་རྒན་པ་རྣམ་པའི་ལྷག་བསམ་དཀའ་སྤྱད་ལས་ཇི་ལྟར་འཕེལ་རྒྱས་བཏང་བའི་མཛད་རྗེས་རྣམས་ལོ་རྒྱུས་དེབ་ཐེར་དུ་འགོད་འབུལ་ཡིག་འཇོག་བྱ་རྒྱུ་ནི་ཆེས་གལ་གནད་དུ་མཐོང་ཞིང་། དེ་ཡང་ལོ་ངོ་ལྔ་བཅུའི་རིང་ཟས་སྤྱོད་སྨན་དཔྱད་བཞི་ཡི་སྒོ་ནས་ཕྱི་ནང་གི་ཉམ་ཐག་ནད་ཅན་མང་པོ་མི་འཇིགས་སྲོག་གི་སྦྱིན་པ་དང་། སྐར་ནག་དབྱངས་གསུམ་གྱི་ལམ་ནས་འཕྲལ་ཕུགས་དགེ་སྐྱོན་གྱི་བགྲོད་ལམ་ཡངས་པོར་ཕྱེས་པའི་མཚོན་ད་ལྟའི་བར། བོད་མི་ཙམ་མ་ཡིན་པར་འཛམ་གླིང་གང་སའི་འགྲོ་བ་རྣམས་མི་ན་ཡུན་རིང་གནས་པ་དང་།  ན་བ་མྱུར་དུ་གསོ་བའི་སྤྱི་ཚོགས་འཕྲོད་བཞེས་ཀྱི་ཞབས་འདེགས་གང་ལེགས་སྒྲུབ་པའི་ཞོར་ལ་བོད་མི་རིགས་ཀྱི་རིག་གཞུང་གི་ཁྱད་ཆོས་མངོན་པར་གསལ་བའི་སྣང་བརྙན་གང་མང་ཞིག་འཛམ་གླིང་མི་མང་གི་སེམས་ཁོངས་སུ་འབུར་ཐོན་གྱི་བྲིས་གཟུགས་སུ་བརྐོས་ཡོད་པ་སོགས་ཀྱི་སྙིང་དོན་ཕྱོགས་བསྡུས་སུ་འགོད་རྒྱུ་ནི། ད་ལྟའི་མི་རབས་ཙམ་མ་ཡིན་པར་ཕྱི་རབས་རྣམས་ཀྱི་ལྟད་མོར་འབུལ་དགོས་པའི་གཡོལ་དུ་མེད་པའི་ལོ་རྒྱུས་འགན་བབ་ཏུ་མཐོང་སྟེ་༼ྋགོང་ས་སྐྱབས་མགོན་རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་རྨད་བྱུང་ཐུགས་བསྐྱེད་འོད་སྣང་ལས་བྱུང་བ། བཙན་བྱོལ་བོད་གཞུང་སྨན་རྩིས་ཁང་གི་བྱུང་རབས་དོན་ལྡན་ཚངས་ཐིག༽ཅེེས་པ་འདི་རྩོམ་སྒྲིག་བྱས་ཤིང་། དེ་ཡང་ལོ་རྒྱུས་ཀྱི་དེབ་ཕྲེང་འདིའི་ནང་དུ་སྤྱི་ཚོགས་ཀྱི་འགྱུར་འགྲོས་དང་འཕེལ་རིམ། སྐབས་སོ་སོའི་འགན་འཛིན་རིམ་བྱུང་གི་ལྷག་བསམ་ཤེས་འཇོན་སོགས་གནས་བབས་སྣ་མང་གི་འགུལ་ཤུགས་ལས་རིག་གཞུང་མྱུར་སྐྱོབས་དང་དར་སྤེལ། སྤྱི་ཚོགས་འཕྲོད་བསྟེན་ཞབས་ཞུའི་ལས་འབོར། ཕྱི་ནང་གི་འཛུགས་སྐྲུན་སོགས་དེབ་ཕྲེང་སྟོད་ཆའི་ནང་དུ་བཀོད་ཡོད་ལ། སྨད་ཆའི་ནང་དུ་དབུས་སྡེ་ཚན་ཁག་གི་འཕེལ་རིམ་དང་གནས་བབས། ཡན་ལག་སྨན་ཁང་ཁག་གི་བྱུང་རིམ། གཞན་ཡང་ྋསྐུའི་བླ་སྨན་པ་དག་གིས་གཙོས་བླ་སྨན་ཞབས་ཞུ་བ་དང་ཞབས་ལོ་སུམ་ཅུ་ཅན་དང་ཉི་ཤུ་ཅན་སོགས་ཀྱི་ལོ་རྒྱུས་མདོ་ཙམ་རེ་བཅས་བོད་གཞུང་སྨན་རྩིས་ཁང་དབུས་མ་ལག་དང་བཅས་པའི་བགྱིད་སྒོ་གང་མཆིས་ཁུངས་ལྡན་ཚད་འཕེར་གྱི་ཡིག་ཆ་གཞི་རྩར་བཅོལ་ཏེ་བྲིས་ཡོད་པས་བརྗོད་དོན་གྱི་ཆ་ལ་ཀུན་གྱིས་ཡིད་རྟོན་དུ་རུང་བའི་བྱུང་རབས་མེ་ལོང་ཞིག་ཏུ་བརྩིས་ཆོག་པ་བཅས་གཙོ་འགན་རྩོམ་སྒྲིག་པས། ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡ རེས་གཟའ་ལྷག་པ་ལ།།


ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།