སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

རྒྱལ་བ་ཙོང་ཁ་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 02.08.2015
གསོ་རིག་མཁས་དབང་རིམ་བྱོན། >>

 


རྒྱལ་བ་ཙོང་ཁ་པ།

- བྱམས་པ་འཕྲིན་ལས།

ཙོང་ཁ་པ་ནི་མདོ་ཁམས་སྟོད་སྨད་གཉིས་སུ་ཕྱེ་བའི་མདོ་སྨད་ཀྱི་ས་ཆ་རྨ་ཆེན་སྤོམ་རའི་གངས་རི་ལས་འབབ་པའི་རྨ་ཆུའི་བྱང་རྒྱུད་ཙོང་ཁ་ཞེས་པའི་ཡུལ་གྲུར་ཡབ་ད་ར་ཁ་ཆེ་ཀླུ་འབུམ་ཞེས་བྱ་བ་དང་ཡུམ་ཤིང་བཟའ་ཨ་ཆོས་ཞེས་པ་གཉིས་ལ་རབ་བྱུང་དྲུག་པའི་མེ་བྱ་སྤྱི་ལོ་ ༡༣༥༧ ལོ་ལ་སྐུ་འཁྲུངས། རྗེ་འདི་དགུང་གྲངས་གསུམ་ལ་ཕེབས་དུས་ཀརྨ་རོལ་པའི་རྡོ་རྗེ་(1)ལས་དགེ་བསྙེན་གྱི་སྡོམ་པ་བཞེས་པས་མཚན་ལ་ཀུན་དགའ་སྙིང་པོ་ཞེས་འདོགས་གནང་མཛད།

བགྲང་བྱ་དྲུག་གི་སྐབས་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་སྨིན་པར་མཛད་པས་གསང་མཚན་དོན་ཡོད་རྡོ་རྗེར་གསོལ། དགུང་ལོ་བདུན་ལ་སོན་དུས་ཆོས་རྗེ་དོན་གྲུབ་རིན་ཆེན་དྲུང་དུ་དགེ་ཚུལ་གྱི་སྡོམ་པ་བཞེས་པར་མཚན་བློ་བཟང་གྲགས་པའི་དཔལ་ཞེས་གྲགས། ཆོས་རྗེ་འདིས་ཙོང་ཁ་པ་སྐུ་བྱིས་པའི་དུས་ནས་བདག་གིར་མཛད་དེ་ཐོས་བསམ་ལ་བསྐུལ་ལྕག་དང་དབུས་ཕྱོགས་སུ་འབྱོན་རྒྱུའི་གྲོགས་དན་མཛན་པ་སོགས་སྐུ་དྲིན་ཤིན་ཏུ་ཆེ་ཤོས་ཤིག་ཡིན་ཚུལ་འདུག

དགུང་ལོ་བཅུ་དྲུག་ལ་དབུས་གཙང་དུ་འབྱོན་པར་བཞེད་དེ་འབྲི་གུང་པའི་འབུལ་སྡུད་དང་འགྲོགས་ཏེ་ཆུ་གླང་ལོའི་སྟོན་ཁར་འབྲི་གུང་དུ་ཕེབས་ཏེ་སྤྱན་སྔ་ཆོས་ཀྱི་རྒྱལ་པོར་སེམས་བསྐྱེད་སོགས་གསན་བཞེས་མཛད། དེ་ནས་ཚལ་གུང་ཐང་དུ་ཕེབས་ནས་ཚལ་གྱི་སྨན་པ་དཀོན་མཆོག་སྐྱབས་ལ་གསོ་དཔྱད་གསན། བསྟོད་པ་ཙོང་ཁ་རིང་མོ་ལས། གྲོགས་འགའི་སྟོབས་ཀྱིས་སྐྱིད་ཤོད་གུང་ཐང་དུ། །གསོ་བ་རིག་པའི་སློབ་གཉེར་མཛད་པའི་ཚེ། །རིང་པོར་མི་ཐོགས་འབད་པ་ཆུང་ངུ་ཡིས། །འཚོ་བྱེད་གོ་འཕང་བརྙེས་པའི་ཙོང་ཁ་པ། །ཞེས་གསུངས་པ་ལྟར་རྗེ་ཉིད་ཀྱི་ཐུགས་འདུན་ལ་དང་པོ་ཉིད་ནས་གཞུང་ལུངས་ཆེན་པོའི་ཐུགས་གཉེར་ཞིག་ལ་འབྱོན་པར་བཞེད་ཀྱང་གྲོགས་འགའ་ཞིག་གིས་ཞུས་པའི་རྐྱེན་གྱིས་ཚལ་པའི་སྨན་པ་དཀོན་མཆོག་སྐྱབས་ཞེས་པའི་གམ་དུ་བྱོན་ནས་ཡན་ལག་བརྒྱད་པ་ཐུགས་ལ་བཟུང་ནས་རྒྱ་བོད་ཀྱི་མཁས་གྲུབ་དུ་མའི་བཤད་སྲོལ་དང་། ཕྱག་ལེན་རྣམས་ལ་སློབ་སྦྱོང་མཛད་པས་རིང་མིན་ཉིད་དུ་གསོ་བ་རིག་པ་ལ་ཤིན་ཏུ་མཁས་པར་གྱུར་པས་དུས་ཕྱིས་སྐུ་བསྙུན་པ་སོགས་ཀྱི་སྐབས་སྨན་པ་བཅུ་བདུན་བཅོ་བརྒྱད་ཙམ་ཚོགས་ནའང་། ནད་གང་ལ་སྨན་གང་འཇུག་པ་དང་། སྨན་གྱི་སྦྱོར་སྡེབ་བསིལ་དྲོད་ལ་སོགས་པའི་ཁྱད་པར་ཐམས་ཅད་རྗེ་ཉིད་ཀྱི་དྲུང་དུ་བཀའ་འདྲི་ཞུས་ནས་ལག་ལེན་བདག་ཅག་རྣམས་ཀྱིས་བྱེད་པ་ཡིན་ཟེར་བ་དང་། སྨན་པ་མཁས་པར་གྲགས་པ་ཐམས་ཅད་ཀྱང་ད་ལྟ་ཁ་བ་ཅན་ན་ཆོས་རྗེ་རིན་པོ་ཆེ་ལས་སྨན་པ་མཁས་པ་མི་འདུག་པའི་གནད་ཀྱིས་བདག་ཅག་རྣམས་ཀྱང་ཞབས་དྲུང་དུ་སྨན་སྦྱོར་ལ་ཕྱིན་པས་སྨན་གྱི་རྣམ་དབྱེ་མང་དུ་གསུང་བ་ཐོས་པ་ལ་བརྟེན་ནས་སྔར་ལོ་མང་དུ་བསླབས་པ་བས་བློ་སྐྱེད་ཆེ་བ་བྱུང་ཞེས་གླེང་བ་མང་དུ་བྱུང་ངོ་།

དེ་རྗེས་སྙེ་ཐང་བདེ་བ་ཅན་དུ་མཁན་པོ་བཀྲ་ཤིས་སེང་གེ་དང་། ཡེ་ཤེས་སེང་གེ། དེ་བཞིན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། པཎ་ཆེན་མ་ཏི། ཇོ་ནང་ཕྱོགས་ལས་རྣམ་རྒྱལ། སྣར་ཐང་ལོ་ཙཱ་བ་དོན་བཟང་། རེ་མདའ་པ་གཞོན་ནུ་བློ་གྲོས། ལོ་ཆེན་བྱང་ཆུབ་རྩེ་མོ་སོགས་མཁས་ཤིང་གྲུབ་པ་བརྙེས་པའི་རྩོད་མེད་ཀྱི་དགེ་བའི་བཤེས་གཉེན་མང་པོའི་ཞབས་ལ་གཏུགས་ཏེ་རབ་འབྱམས་གཞུང་ལུགས་རྒྱ་མཚོ་ལྟ་བུའི་ཕ་རོལ་དུ་སོན་ཞིང་གདུལ་བྱ་མང་པོ་སྨིན་གྲོལ་གྱི་ལམ་ལ་བཀོད་པ་སོགས་ཀྱི་མཛད་པ་བསམ་ལས་འདས། ད་དུང་རྗེ་འདིས་བླ་མ་ཡེ་ཤེས་རྒྱལ་མཚན། བུ་སྟོན་རིན་པོ་ཆེའི་སློབ་མ་རྡོ་རྗེ་ཆོས་དཔལ་ལ་དུས་འཁོར་རྩ་བ་དང་། འགྲེལ་ཆེན་སོགས་ཞིབ་པར་གསན་པས་སྐར་རྩིས་ལ་མཁས་པ་དང་། བོ་དོང་དུ་ལོ་ཆེན་ནམ་མཁའ་བཟང་པོ་ལས་སྙན་ངག་མེ་ལོང་མ་སོགས་གསན་སྦྱོང་མཛད་པས་ཙོང་ཁ་པ་ཉིད་ཀྱི་སྙན་ངག་ལྟ་བུ་སྔོན་ཆད་བྱུང་མ་མྱོང་བ་དང་། མཁས་པ་ཡོངས་ཀྱིས་རྗེ་འདིའི་སྙན་ངག་ལ་བསྔགས་བརྗོད་ཀྱི་མེ་ཏོག་རབ་ཏུ་འཐོར།

དགེ་སློང་གི་སྡོམ་པ་བཞེས་ཡུལ་ནི་ཡར་ལུང་ཚོགས་པའི་མཁན་པོ་དཀའ་བཞི་ཚུལ་ཁྲིམས་རིན་ཆེན་དང་། བྱི་རྫིང་ཚོགས་པའི་མཁན་པོ་ཤེས་མགོན་པས་སློབ་དཔོན། བྱི་རྫིང་པའི་དབུ་མཛད་བསོད་ནམས་རྡོ་རྗེས་གསང་སྟོན། ཚོགས་པ་གཉིས་ཀྱི་ཁ་སྐོང་ལས་གྲལ་ཚང་བའི་དབུས་སུ་དགེ་སློང་གི་སྡོམ་པ་བཞེས།
དགུང་ལོ་སུམ་ཅུ་སོ་བཞི་ལ་གཙང་དུ་ཕེབས། མཁན་ཆེན་གྲགས་པ་བཤེས་གཉེན་སོགས་མཁས་པ་མང་པོ་དང་བགྲོ་གླེང་མཛད།

དགུང་ལོ་སུམ་ཅུ་སོ་དྲུག་ཐོག་འཁོར་དག་པ་རྣམ་བརྒྱད་ཕྱག་ཕྱིར་འཁྲིད་དེ་དཔོན་སློབ་དགུ་བྱ་བྲལ་དུ་འོལ་ཁ་ཆོས་ལུང་སོགས་ལ་བསགས་སྦྱངས་ཤུགས་དྲག་པོ་གནང་། དེ་རྗེས་འདུལ་བའི་ཆོས་མང་དུ་གསུངས་པ་དང་འདུལ་བའི་བསླབ་ཁྲིམས་ལ་བརྟེན་ནས་ཟླ་གམ་དང་ལྷུང་བཟེད། གདིང་བ་སོགས་འཚོ་བའི་ཡོ་བྱད་ཐ་མལ་ལ་བརྟེན་ནས་བཞུགས་པས་སྐྱེ་བོ་ཀུན་གྱིས་རབ་ཏུ་བྱུང་བ་ནི་འདི་ལྟ་བུ་ཁོ་ནའོ་ཞེས་དད་གུས་ཡིད་ཆེས་ཞུ་བ་དང་མཐོང་ཐོས་ཙམ་གྱིས་དད་པའི་སྤུ་ལོང་རབ་ཏུ་གཡོ་བར་གྱུར། ལྷག་པར་རྗེ་འདིའི་མཛད་ཆེན་བཞི་ཞེས་གྲགས་པ་དགའ་ལྡན་གྱི་སྟག་རྩེ་སྒྲུབ་མཆོད་དང་། རྫིང་ཕྱི་ཞིག་གསོས་མཆོད་འབུལ། ལྷ་སར་ཆོ་འཕྲུལ་སྨོན་ལམ་(2)གཉལ་གྱི་ལུང་ར་ཆེ་མོ་རྣམས་དབུ་འཛུགས་མཛད། དེའི་སྐབས་སུ་རྗེ་བདག་ཉིད་ཆེན་པོའི་སྙན་པའི་གྲགས་པ་ྋགོང་མ་ཏཱ་མིང་གིས་གསན་ཏེ་རྒྱ་ནག་ཏུ་སྤྱན་འདྲེན་པའི་ཕོ་ཉ་བཏང་རུང་ཞལ་གྱིས་མ་བཞེས་པར་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་གོང་མའི་དབུ་བླར་མངགས་ནས་ཏཱ་མིང་རྒྱལ་པོའི་ཐུགས་བཞེད་གྲུབ་སྟེ་སླར་བོད་དུ་ཕེབས། དེ་ལྟར་བསྟན་པ་དང་འགྲོ་བའི་དོན་རྨད་དུ་བྱུང་བ་རྒྱ་ཆེར་མཛད་དེ་གངས་རིའི་ཁྲོད་ཀྱི་སྐལ་ལྡན་མང་པོར་ཟབ་རྒྱས་ཆོས་ཀྱི་དགའ་སྟོན་རྒྱ་ཆེར་བསྩལ་ནས། མཐར་དགུང་ལོ་དྲུག་ཅུ་རེ་གསུམ་ལ་ཕེབས་པའི་ས་ཕག་ལོར་སྟོན་དུས་སྟོད་ལུང་ཆུ་ཚན་དུ་ཕེབས་པ་དང་། དེ་ནས་འབྲས་སྤུངས་ལ་ཕེབས། དེ་ནས་དགའ་ལྡན་དུ་ཕེབས་ཏེ་ཤར་པ་རིན་ཆེན་རྒྱལ་མཚན་དང་། བླ་མ་དཀའ་བཅུ་པ་རྣམས་ལ་དགོན་པ་འདི་དོ་དམ་ཡག་པོ་བྱེད་དགོས་པའི་ཞལ་ཏ་དང་། ཐུགས་སྲས་རྒྱལ་ཚབ་དར་མ་རིན་ཆེན་ལ་དབུ་ཞྭ་དང་། བེར་ཐུལ་གནང་སྟེ་ཆོས་ཁྲིའི་རྒྱལ་ཚབ་ཏུ་དོན་གྱིས་བསྐོ་བར་མཛད། མཐར་དགུན་ཟླ་ར་བའི་དམར་ཕྱོགས་ཌཱ་ཀི་འདུ་བའི་ཚེས་ཉེར་ལྔའི་ཞོགས་པ་ཉིན་བྱེད་སྣང་བས་ནོར་འཛིན་ལྷམ་མེར་གསལ་བར་བྱས་པའི་མཚམས་སུ་གཟུགས་སྐུའི་བཀོད་པ་བསྡུས་སོ།།

གསུང་རྩོམ་པོ་ཏི་བཅོ་བརྒྱད་ཙམ་ཡོད་ལ། སློབ་མ་གནམ་གྱི་སྐར་མ་དང་། ས་གཞིའི་རྩི་ཤིང་ལྟར་མང་པོ་བྱུང་བའི་ནང་ནས་རྒྱལ་ཚབ་དར་མ་རིན་ཆེན་དང་། འདུལ་འཛིན་གྲགས་པ་རྒྱལ་མཚན། བྱམས་ཆེན་ཆོས་རྗེ། འཇམ་དབྱངས་ཆོས་རྗེ། ྋཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་སོགས་ཀྱིས་བཤད་སྒྲུབ་ཀྱི་བསྟན་པའི་རྒྱུན་མ་ཉམས་པར་བསྐྱངས་པར་བརྟེན་རི་བོ་དགེ་ལྡན་པ་ཞེས་ཐུབ་བསྟན་བྱེ་བའི་དབུས་ན་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་མཐོ་བ་འདི་བྱུང་བ་ཡིན།
གཞན་ཡང་རྗེ་འདིའི་དངོས་སློབ་ཡང་སློབ་དང་བཅས་པའི་དགེ་ལྡན་པའི་བསྟན་འཛིན་སྐྱེས་བུ་ཇི་ལྟར་བྱོན་ཚུལ། རྒྱལ་དབང་ལྔ་པ་ཡན་ནི་སྡེ་སྲིད་ཀྱི་གསུང་དགའ་ལྡན་ཆོས་འབྱུང་ཞེས་པ་དག་ལས་རྟོགས་པར་བྱའོ།།


མཆན་བུ།

(1) ཀརྨ་པ་རོལ་པའི་རྡོ་རྗེ་ནི། རབ་བྱུང་དྲུག་པའི་ལྕགས་འབྲུག་སྤྱི་ལོ་ ༡༣༤༠ ལོ་ལ་འཁྲུངས།

(2) རབ་བྱུང་བདུན་པའི་ས་གླང་སྤྱི་ལོ་ ༡༤༠༩ ལོར་ལྷ་ལྡན་སྨོན་ལམ་ཆེན་མོ་བཙུགས།


- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

 

 

མཐའ་མའི་འདོན་ཐེངས་།: 03.08.2015 ཉིན། 10:04 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཧི་མ་ཅལ་མངའ་སྡེའི་ནང་ཕག་པའི་ཆམ་རིམས་ཀྱི་འཇིགས་སྣང་།

ནུས་པ་གྲང་བསིལ་ཆེས་པའི་སྣུམ་གྱིས་ནད་སྣ་ཚོགས་སྐྱེད་པར་བཤད།

སྨན་རྩིས་སློབ་མ་གསར་བསྡུའི་རྒྱུགས་རིམ་དང་པོའི་གྲུབ་འབྲས།

མིང་དོན་བརྡ་སྤྲོད་རྣམ་ལྔ།

གཙང་སྨན་པའི་བསླབ་བྱ་དང་སྐྱོ་མགུར།

གཙང་སྨན་པའི་སྨན་གྱི་འདྲ་དཔེ།

སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྨན་རྩིས་རིག་གནས་ཐད་ཀྱི་མཛད་རྗེས་གཙོ་བོ།

སྨན་རྩིས་ཁང་འགན་འཛིན་མཆོག་གི་གསུང་བཤད།

ཡོ་ག་ལག་ལེན་དམར་ཁྲིད་དབུ་ཚུགས་པ།

རིགས་ལམ་ངོ་སྤྲོད་སོགས་ཀྱི་འཆད་ཁྲིད་མུ་མཐུད་གནང་རྒྱུ།

ལོ་ངོ་ ༡༠༡ འཁོར་བའི་དུས་དྲན་མཛད་སྒོ།

བརྟག་ཐབས་རིག་པའི་རྒྱལ་ཡོངས་ཚོགས་འདུའི་སྒོ་འབྱེད་གཏམ་བཤད།

གཏེར་བདག་གླིང་པ།

ཉི་ཐང་སྨན་མཁྱེན་བློ་བཟང་རྒྱ་མཚོ།

རྒྱལ་བ་ལྔ་པ་ཆེན་པོ།