སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

གཙང་སྨན་ཡེ་ཤེས་བཟང་པོ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.09.2017
གསོ་རིག་མཁས་དབང་རིམ་བྱོན། >>


གཙང་སྨན་ཡེ་ཤེས་བཟང་པོ།

- བྱམས་པ་འཕྲིན་ལས།

 

            གཙང་སྨན་ཡེ་ཤེས་བཟང་པོ་ནི། བླ་སྨན་ཆེན་པོ་ཐབས་མཁས་པ་མཆོག་གི་ཐུགས་ཟིན་གྱི་སློབ་མ་མཆེད་བཞིའི་དང་པོ་ཡིན་ལ། ཁོང་ཆུང་དུས་ནས་གསོ་དཔྱད་ལ་སྦྱངས་པར་དགོངས་ཏེ་སྨན་གཞུང་བསླབས། དགུང་ལོ་བཅོ་བརྒྱད་ནས་ལྕགས་པོ་རིར་བྱོན་ཏེ་རང་ལོ་སུམ་བཅུ་སོ་དྲུག་བར་དུ་གསོ་རིག་རྒྱུད་བཞི་ལ་སྦྱང་པར་མཛད། སྨན་གྱི་ལག་ལེན་སོགས་བླ་སྨན་ཐབས་མཁས་པ་དང་རྒྱུན་གྱི་དགེ་རྒན་ཆེན་པོ་རྣམ་གཉིས་ཀྱི་བཀའ་དྲིན་ལ་བརྟེན་ནས་མཁས་པར་སྦྱངས། མི་དབང་ཕོ་ལྷ་བའི་བླ་སྨན་ཚབ་མ་མཛད།
 

            དགུང་ལོ་སུམ་ཅུ་སོ་བདུན་པའི་ཐོག་མདོ་སྨད་མཚོ་སྔོན་གྱི་ཆིང་ལྦང་བསྟན་འཛིན་དབང་ཕྱུག་གི་བླ་སྨན་དུ་རྒྱལ་བ་བདུན་པ་ཆེན་པོ་དང་ཕོ་ལྷ་ཐའི་ཇི་གཉིས་ལ་ཞུས་ནས་མདོ་སྨད་ལྦང་གི་ཨུ་དགེར་གདན་དྲངས། བོད་སོག་མི་མང་པོ་ཞིག་ལ་གསོ་བ་རིག་པའི་བརྒྱུད་སྤེལ། ལྷ་སར་བཞུགས་སྐབས་ཀྱི་སྨན་གྱི་སློབ་མ་གཙོ་བོ་རྡོ་རྗེ་རབ་འབྱམས་པ་ཡིན་ཅིང་། མདོ་སྨད་ཀྱི་ལྗོངས་སུ་ཕེབས་ནས་སྨན་སློབ་ཀུན་གྱི་ཡང་རྩེར་སོན་པ་ལྔ་རིག་སོག་པོ་མེར་རྒན་ཨེམ་ཆི་ཆུང་བ་བློ་བཟང་དར་རྒྱས་སོགས་ཞལ་སློབ་མང་། ཁྱད་པར་ཀུན་མཁྱེན་འཇིགས་མེད་དབང་པོའི་(1)ཐུགས་བཞེད་བཞིན་དུས་འཁོར་གྲྭ་ཚང་ནས་འཛིན་གྲྭ་ཞིག་ཕྱེ་སྟེ་སྨན་གྲྭ་ཚུགས་པ་དེ་འདུ་ཁང་སྟེང་ཤོད་གདུང་མདུན་གྱི་ཞལ་རས་ལྷ་ཁང་དུ་སྨན་གྱི་ཆོས་གྲྭ་ཟུར་ཚོགས་བྱས་ཏེ་རྩ་བཤད་ཀྱི་སྡོང་འགྲེམས་དང་། རྒྱུདབཞིའི་འཆད་ཉན་དར་བར་མཛད་ཅིང་། ལུས་ཐིག་སློབ་པ་གནང་། ལོ་ལྟར་ཟླ་བ་བཞི་པ་ནས་བརྒྱད་པའི་བར་རྩ་བ་ལོ་མ་འབྲས་བུའི་སྟེང་ནས་སྔོ་སྨན་ངོ་སྤྲོད་དང་། ཟླ་བ་དགུ་པ་ནས་བཅུ་པའི་བར་དཔེ་འཁྲིད་དང་། ཟླ་བ་གཉིས་པ་དང་གསུམ་པར་ལག་ལེན་སྨར་འཁྲིད་ཀྱི་རིགས་ཞིབ་ཏུ་སློབ་སྲོལ་བཏོད། སྐུ་བླ་སྤུན་གསུམ་དང་། ཀླུའི་ཆབ་བྲག་མཛོ་མོ་ནུ་རྩེ་སོགས་རྨ་འགྲམ་དང་། རྩེ་འགྲམ་གྱི་རྫ་བྲག་སྤང་རི་དུ་མ་འགྲིམས་པས་ཞིབ་འཁྲིད་ཡོད་པར་གྲགས། ཕྱིས་སུ་བླ་བྲང་ཆགས་ནས་དོན་བཞི་པ་ཤིང་འབྲུག་(སྤྱི་ལོ་1784)ལོ་ཟུར་ཚོགས་བྱས་ཏེ་གསོ་རིག་གཞན་ཕན་གླིང་བཙུགས། དེའི་རྗེས་སུ་ཡང་དཔལ་ལྡན་བྱ་ཁྱུང་དུ་གཙང་སྨན་པ་གདན་འདྲེན་ཞུས་ནས་སྨན་པ་གྲྭ་ཚང་ལ་རྒྱུད་བཞི་ཆ་ལག་དང་བཅས་པའི་ཟབ་འཁྲིད་ཕྱག་ལེན་བརྩལ་བ་བཅས་ཀྱིས་གཙང་སྨན་ཡེ་ཤེས་བཟང་པོའི་གསུང་རྩོམ་ཕལ་ཆེར་འདི་ཕྱོགས་སུ་བཞུགས། ཕྱིས་སུ་ཞྭ་དམར་པཎྜི་ཏའི་ཕྱག་དཔེའི་ཁྲོད་དུའང་གཙང་སྨན་པའི་གསུང་འབུམ་པོད་གཅིག་རྣམ་ཐར་དང་བཅས་པ་བཞུགས་པ་སྨན་རམས་པ་ཆེན་པོ་ཚུལ་ཁྲིམས་རྒྱ་མཚོའི་ཞལ་སྔ་ནས་ཐོས་ཞེས་མཁས་དབང་སྐལ་བཟང་རྒྱ་མཚོས་གསུངས། ཡང་རོང་པོ་དགོན་ཆེན་བྱང་རྩེ་ཚང་གི་ཕྱག་དཔེའི་ཁྲོད་དུའང་གསུང་པོད་ཆ་ཚང་ཡོད་པ་རྣམས་འཐོར་བཤིག་དུ་སོང་བས་བཙལ་རྙེད་བྲལ། ད་ལྟ་གསོ་རིག་ཕྱོགས་ཀྱི་བརྩམས་ཆོས་བཞུགས་གྲས་ལ། ཕྱི་མ་འཕྲིན་ལས་རྒྱུད་ཀྱི་དཀའ་བའི་གནད་གསལ་འགྲེལ་ཆེན་དོན་གསལ་སྒྲོན་མེ། ལེའུ་དང་པོའི་མགོའི་འགྲེལ་ཚིག་གི་གནས་ལུགས་རིམ་པ་བཞིན་གསལ་བར་བསྟན་པ། ལེའུ་གཉིས་པ་སྐེ་ཡི་འགྲེལ་ཚིག་གི་གནས་ལུགས་རིམ་པ་བཞིན་གསལ་བར་བསྟན་པ། ལེའུ་གསུམ་པ་བྱང་ཁོག་འགྲེལ་ཚིག་གི་གནས་ལུགས་རིམ་པ་བཞིན་གསལ་པར་བསྟན་པ། ལེའུ་བཞི་པ་ཡན་ལག་འགྲེལ་ཚིག་གི་གནས་ལུགས་བསྟན་པ། ལེའུ་ལྔ་པ་གཏར་རྩའི་འགྲེལ་ཚིག་གི་གནས་ལུགས་བསྟན་པ། དེ་བཞིན་ཞལ་གདམས་མན་ངག་གནད་འགག་དོ་ཤལ་མཛེས་རྒྱན་དང་། ཐིག་ཚད་གསལ་བའི་རྩ་ཚིག་མེ་ལོང་ནོར་བུའི་དོ་ཤལ་མཛེས་རྒྱན། རྨ་རིགས་ཀྱི་བཅོས་ཐབས་ཡང་ཞུན་ནོར་བུའི་དོ་ཤལ། གནད་འགག་ནང་གི་གསང་སྨན་ཞལ་ཤེས་ཀྱི་སྦྱོར་སྡེ་རིམ་པར་སྤེལ་བ། སྨན་གྱི་ངོ་སྤྲོད་གསལ་བའི་མེ་ལོང་ནོར་བུའི་དོ་ཤལ་མཛེས་རྒྱན་དྲི་མེད་ཕྲེང་བ། ཟས་སྐོམ་བསྟེན་ཚུལ་ནད་མེད་དང་ནད་ཅན་གཉིས་ལ་རིམ་པར་བཀོད་པ། བཏུང་བ་ཆུ་ཡི་བཟང་ངན་དབྱེ་བའི་ཟིན་བྲིས། དུས་སུ་སྤྱོད་པའི་སྤྱོད་ལམ་ནད་མུན་བཞི་བརྒྱ་རྩ་བཞི་སེལ་བྱེད་ཚ་ཟེར་འབུམ་འཕྲོས། ཆིག་བརྒྱུད་གསང་སྨན་བདུད་རྩི་འཆི་གསོས། གབ་ཚིག་གསང་སྨན་ནོར་བུའི་དོ་ཤལ་མཛེས་རྒྱན་དྲི་མེད་གསལ་བའི་མེ་ལོང་། གབ་ཚིག་གསེར་གྱི་ལྡེ་མིག་གི་གསང་སྨན། བཅུད་ལེན་སྨན་མར་གྱི་ལག་ལེན་དམར་ཁྲིད་རིན་ཆེན་མཛེས་པའི་དོ་ཤལ། བདུད་རྩི་ཆབ་ཚན་གྱི་ལག་ལེན་དམར་ཁྲིད། སྨན་གཏོང་ལུགས་ཀྱི་མན་ངག་ཟབ་མོ། གསོ་རིག་ལག་ལེན་ཉེར་མཁོའི་རིམ་པ་ཨུཏྤལ་ཆུན་པོ། རིམས་སྲུང་ནག་པོ་དགུ་སྦྱོར་སྒྲུབ་ཚུལ་རྡོ་རྗེ་གོ་ཁྲབ། སྨན་གྱི་ངོས་འཛིན་སྐོར་བསྡུས་པར་བརྗོད་པ་ཟླ་གཞོན་གསར་པའི་རྫིང་བུ། དངུལ་ཆུ་བཙོ་བཀྲུ་དང་། རིན་ཆེན་རིལ་བུའི་དམར་ཁྲིད་ལག་ལེན། དངུལ་ཆུ་འདུལ་བའི་ཡིག་ཆུང་། སྨན་མིང་གསང་བརྗོད་དམ་མིང་དོན་བརྡ་སྤྲོད། མན་ངག་ལྷན་ཐབས་ཀྱི་གསང་སྨན་རྣམས་གབ་སྦས་གསལ་བར་སྟོན་པ། རིན་ཆེན་རྭ་རྡོ་རིགས་ཀྱི་སྨན་ངོ་ཤེས་པར་བྱེད་པའི་ཡིག་ཆུང་། གདོན་ཆུ་ངོས་འཛིན། འཚོ་སྨན་ཁ་ཤས་དང་བཙོ་སྨན་ཁ་ཤས། རྒྱུད་དང་མན་ངག་ཁ་རྒྱན་ལུགས་ཀྱི་ཡིག་ཆུང་སོགས་ཡོད།
 

            གཞན་ཡང་འདིར་མ་འདུས་པའི་ལེ་ཚན་ཁ་ཤས་དང་། བཅོས་སྨན་འགའ་རེ་ནང་ཆོས་སྤྱོད་ཀྱི་རིམ་པ་ལ། འཚོ་བྱེད་གཞོན་ནུ་དང་། བླ་སྨན་ཁ་ཤས་ཀྱི་གསོལ་འདེབས། སློབ་དཔོན་པདྨ་ཡབ་ཡུམ་ལ་བསྟོད་པ། འཚོ་བྱེད་གཞོན་ནུ་ལ་བསྟོད་པ། འཚོ་བྱེད་སློབ་དཔོན་བློ་བཟང་ཐབས་མཁས་པའི་རྣམ་ཐར། ཡོན་ཏན་མགོན་པོའི་བྱིན་རླབས་ཞུགས་པའི་སྐྱོ་མགུར། ངེས་འབྱུང་བསམ་བློ་རྒྱུན་དུ་སྐྱེས་བའི་གསུང་ཚིག གསོ་བྱེད་བསྟན་པའི་སྒྲོན་མེ་སྦར་མཛད་རྒྱུན་ཤེས་བུ་ལྟར་མཛད་པ་གང་དེའི་རྣམ་ཐར་མདོར་བསྡུས། བརྩོན་འགྲུས་ཀྱི་ལྕག་འདེབས་དང་། རྒྱུ་འབྲས་ལ་ཡིད་ཆེས་པའི་ཕྱིར་གསུངས་པ། སྐྱོ་གླུ། ལམ་རིམ་མདོར་བསྡུས། སྨོན་འཇུག་ངེས་འབྱུང་སྦྱོང་བྱེད་རྒྱུ་འབྲས་དབྱེ་འབྱེད། དཔའ་བོ་ཡབ་སྲས་དང་སྡེ་སྲིད་ལ་གུས་བསྟོད། བསྟན་བཅོས་ཆེན་པོ་ཟླ་ཟེར་དང་། མཛད་པ་པོ་གཉིས་ལ་བསྟོད་ཚིག བཻ་སྔོན་ལྷན་ཐབས་མཛད་པ་པོ་ལ་བསྟོད་པ་སོགས་ཐོར་བུ་གཞན་དག་བསྡུ་རྒྱུ་མང་ངོ་།།
 

            གཙང་སྨན་ཡེ་ཤེས་བཟང་པོའི་སློབ་མ་མཚོ་སྔོན་ཧོང་ནན་རྫོང་གི་མེར་གན་ཨེམ་ཆི་ཆུང་བ་བློ་བཟང་དར་རྒྱས་པ་ནས་ཀྱང་དེ་སྔོན་བཀྲ་ཤིས་འཁྱིལ་གྱི་སྨན་པ་གྲྭ་ཚང་གསོ་རིག་གཞན་ཕན་ཀླིང་དུ་གཙང་སྨན་པ་དང་། རྡོ་རྗེ་རབ་འབྱམས་རྣམ་གཉིས་ནས་བརྒྱུད་པའི་སྨན་གཞུང་རྒྱུད་བཞི་ཟབ་འཁྲིད་དང་སྨན་གྱི་ངོ་སྤྲོད་གནང་བ་རྣམས་ལོ་རེ་བཞིན་སྔར་རྒྱུན་ཕྱག་བཞེས་ལྟར་འཁྲིད་པ་དང་། ཕྱོགས་མཚུངས་སློབ་དཔོན་དམ་པ་གཙང་སྨན་བླ་མ་རིན་པོ་ཆེའི་ཞལ་གྱི་བུམ་བཟང་ལས་བྱུང་བའི་གདམས་ངག་བདུད་རྩིའི་མཆོད་ཡོན་ཉམས་པ་མེད་པའི་ཆེད་དུ་ཟིན་བྲིས་ཀྱི་སྨན་དཔེ་དུ་མ་ཡང་བརྩམས་གནང་མཛད། སོག་པོ་མེར་གན་ཨེམ་ཆི་ཆུང་བ་བློ་བཟང་དར་རྒྱས་ཀྱི་སློབ་རྒྱུན་འདི་དག་བླ་བྲང་བཀྲ་ཤིས་འཁྱིལ་དང་། སོག་ཡུལ་ཕྱོགས་སུ་ཆེས་མང་པོ་བྱོན་པ་དང་། གསོ་རིག་སྨྲ་བའི་ཁྱུ་མཆོག་ངག་དབང་ལྦང་ལྟ་བུ་དང་། ཨེ་མག་སྨན་པ་རིམ་བརྒྱུད། ཁྱུ་མཆོག་སྨན་པ་བརྒྱུད་པར་བཅས་པ་སོགས་ད་ལྟའི་བར་སོག་པོའི་ཕྱོགས་སུ་མང་དུ་ཐོན་པ་དང་། རོང་ཕྱོགས་སུ་བྱ་ཁྱུང་དང་། གཅན་ཚ། ཀན་ལྷོ་ཁུལ་དུའང་ཁོང་གི་སྨན་བརྒྱུད་འཛིན་མཁན་མང་པོ་བྱུང་ཡོད་དོ།།
 

མཆན་བུ།

(1) ཀུན་མཁྱེན་འཇིགས་མེད་དབང་པོ་ནི་འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པའི་མཚན་ཡིན།
 

- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་འདོན་ཞུས།



མཐའ་མའི་འདོན་ཐེངས་།: 12.12.2017 ཉིན། 3:43 PM

<< སྔ་མ།