སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

མཁས་དབང་ངག་དབང་ཆོས་གྲགས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 12.12.2017
གསོ་རིག་མཁས་དབང་རིམ་བྱོན། >>

 

མཁས་དབང་ངག་དབང་ཆོས་གྲགས།

- བྱམས་པ་འཕྲིན་ལས།
 

མཁས་དབང་ངག་དབང་ཆོས་གྲགས་ནི། ལྷ་ས་གྲོང་ཁྱེར་ནུབ་ཕྱོགས་སྟོད་ལུང་བདེ་ཆེན་རྫོང་ཆུ་བཟང་ཞེས་པར་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོའི་རིགས་རུས་ལས་འཆད་པའི་གཡུ་ཐོག་ཁང་གསར་ཞེས་པར་རབ་བྱུང་བཅོ་ལྔ་པའི་ལྕགས་བྱི་(སྤྱི་ལོ་ 1900) ལོར་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་ཆུ་བཟང་དགོན་པར་ཆོས་ཞུགས་གནང་། དེ་རྗེས་གྲྭ་གཞོན་མང་པོའི་ཁྲོད་ནས་བདམ་གསེས་ཀྱིས་ལྷ་ས་ལྕགས་པོ་རིར་གསོ་རིག་སློབ་སྦྱོང་མཛད། དུས་ཡུན་ལོ་གསུམ་རིང་ལྕགས་རི་གྲྭ་ཚང་གི་འདོན་ཆ་རྒྱུད་བཞི་གསོལ་འདེབས་དང་། སྨན་བླའི་མདོ་ཆོག་ཡིད་བཞིན་དབང་རྒྱལ། གཡུ་ཐོག་སྙིང་ཐིག་གི་ལས་བྱང་དཔག་བསམ་ལྗོན་ཤིང་། ཚེ་ཡི་རིག་བྱེད་གླིང་གི་བསྟན་སྲུང་སྤྱིའི་གཏོར་འབུལ་སོགས་དང་། སྨན་གཞུང་སྐོར་ནས་རྩ་རྒྱུད། བཤད་རྒྱུད། ཕྱི་མ་རྒྱུད། མན་རྒྱུད་ཆ་གྲང་གལ་མདོ། རི་ཐང་མཚམས་ཀྱི་ལེའུ། གཞན་ཡང་རྩ་རྒྱུད་སྡོང་འགྲེམས་གསོ་རིག་རྒྱ་མཚོའི་དགོངས་དོན་དང་། བཤད་རྒྱུད་སྡོང་འགྲེམས་ཟླ་ཤེལ་ནོར་བུ་སོགས་བློ་འཛིན་ངག་སྐྱོར་ཐུབ་སྟེ་ཚོགས་རྒྱུགས་སྤྲོད་ཐུབ་པ་བྱུང་།
 

མེ་འབྲུག་(སྤྱི་ལོ་1916)ལོར་ལྷ་སར་སྨན་རྩིས་སློབ་གྲྭ་གསར་འཛུགས་ཐོག་མཁས་དབང་མཁྱེན་རབ་ནོར་བུ་མཆོག་ལྕགས་རི་གྲྭ་ཚང་གི་དབུ་འཛིན་གཅིག་ལྕོགས་གནང་སྐབས་ལྕགས་རིའི་ཁོངས་ནས་སྨན་སློབ་གསུམ་ཡོད་པ་སྟེ། འཆི་མེད་རྒྱལ་མཚན། འཕྱོས་ལམ་རིམ་དགོན་གྱི་བློ་བཟང་དཔལ་འབྱོར། སྟོད་ལུང་ཆུ་བཟང་ངག་དབང་ཆོས་གྲགས་བཅས་ཡིན་ཞིང་། ཁོང་གསུམ་ནི་རྩ་བའི་ཐོབ་ཐང་རྩིས་སྤྲོད་ཀྱི་དགེ་ཕྲུག་ཡིན་པས་སློབ་གཉེར་སྐོར་མལས་དབང་མཁྱེན་རབ་ནོར་བུ་མཆོག་ནས་འགན་བཞེས་དང་། དགོན་པའི་སྒྲིགས་ལམ་ཀུན་སྤྱོད་སྐོར་དགེ་རྒན་སྐལ་བཟང་ལེགས་བཤད་ལགས་སུ་བཀའ་མངགས་མཛད་འདུག
 

དེ་རྗེས་ལྕགས་རི་གྲྭ་ཚང་གི་སྨན་པའི་གྲལ་ནས་ལྷོ་ཁ་སྣེ་གདོང་བན་ཚང་ཚུལ་ཁྲིམས་དར་རྒྱས་དང་། ཆུ་ཤུར་ཐར་པ་གླིང་ངག་དབང་འཕྲིན་ལས། འཕན་པོ་རྒྱལ་སྟོད་བློ་བཟང་ཆོས་ཉིད། སྟོད་ལུང་ཆུ་བཟང་ངག་དབང་ཆོས་གྲགས་བཅས་མི་བཞི་སྨན་རྩིིས་ཁང་དུ་རྩིས་རིག་སྐར་ནག་སློབ་པར་ཆེད་བསྐོས་གནང་། མ་གཞི་ལོ་བཞིའི་རིང་རྩིས་པ་ཐོན་རྒྱུའི་དགོངས་བཞེད་ཡོད་རུང་། ཤིང་གླང་(སྤྱི་ལོ་ 1925)ལོར་ལྕགས་རི་དང་སྨན་རྩིས་ཁང་དབར་འཐེན་འཁྱེར་བྱུང་སྟེ་མུ་མཐུད་སློབ་སྦྱོང་བྱེད་རྒྱུ་བཞག་ནས་རྩིས་སློབ་གཞན་རྣམས་དང་མཉམ་དུ་ངག་དབང་ཆོས་གྲགས་གང་ཉིད་ཀྱང་བཞུགས་ཐབས་བྲལ་ཏེ་ལྕགས་རིར་ཕྱིར་ཕེབས་མཛད་དགོས་བྱུང་། ད་ལྟ་སྨན་རྩིས་ཁང་དུ་ཉར་ཚགས་བྱས་པའི་ལོ་ཐོ་རྙིང་པའི་གྲས་སུ་ངག་དབང་ཆོས་གྲགས་དང་མཉམ་དུ་རྩིས་པ་མི་གཉིས་ཀྱིས་ཕུལ་བའི་ཤིང་བྱིའི་ལོ་ཐོ་ཡོད་པ་ད་ལྟའང་ཉར་ཚགས་བྱས་ཡོད། ལྕགས་རིའི་དགེ་རྒན་ཆེན་མོ་ཐུབ་བསྟན་ཚེ་རིང་མཆོག་གིས་སྐབས་དེར་ལྕགས་རི་ནས་བཏང་བའི་རྩིས་པ་ཚང་མས་ལོ་ཐོ་རྒྱུགས་འབུལ་ཞུས་ཚུལ་གསུངས་བྱུང་བས་གལ་སྲིད་འཐེན་འཁྱེར་མ་བྱུང་ཚེ་ལྕགས་པོ་རིར་སྨན་རྩིས་གཉིས་ལྡན་གྱི་མི་སྣ་མང་ཙམ་ཐོན་རྒྱུ་ཡིན་རུང་བར་ཆད་དབང་གིས་མཁས་དབང་མཁྱེན་རབ་ནོར་བུའི་ཐུགས་བསྐྱེད་རྨད་དུ་བྱུང་བ་ལམ་ལྷོང་མ་བྱུང་། ཆུ་སྤྲེལ་ལོ་སྔར་སྲོལ་ལྟར་ལྕགས་རི་གྲྭ་ཚང་ནས་བོད་དམག་དམག་སྒར་ཕྱོགས་ཐོན་སྐབས་སྨན་པ་ཆེད་གཏོང་དགོས་པ་ལྟར་ངག་དབང་ཆོས་གྲགས་མཆོག་ལྷ་སྡིངས་མདའ་དཔོན་གྱི་བླ་སྨན་གནང་སྟེ་ཆབ་མདོར་ལོ་ལྔ་དྲུག་ཙམ་བཞུགས། ས་སྟག་ལོ་ལྕགས་པོ་རིའི་སྨན་པའི་དགེ་རྒན་བསྐོ་གཞག་བྱུང་སྟེ་ཆབ་མདོ་ནས་ལྷ་སར་ཕེབས་ཤིང་སྔ་ཕྱིར་ལྕགས་པོ་རིའི་གཞིས་ཀ་དཔལ་སྡིངས་ཞེས་པར་ལོ་ངོ་གསུམ་བཞུགས། རྭ་གྲེང་རྒྱལ་ཟུར་གནང་སྐབས་ཐོག་མར་ཨེམ་རྗེ་བྱམས་པ་ལགས་བླ་སྨན་མཛད་རྒྱུའི་དགོངས་པ་ཡོད་རུང་བྱམས་པ་ལགས་ནས་རང་ཉིད་ལམ་འགྲོ་མེད་ཚུལ་སོགས་ཀྱི་རྒྱུ་མཚན་ཞུས་མཐར་ལྕགས་སྦྲུལ་ལོར་དགེ་རྒན་ངག་དབང་ཆོས་གྲགས་རྭ་སྒྲེང་རིན་པོ་ཆེའི་བླ་སྨན་མཛད། རྭ་སྒྲེང་དབུ་ཉེས་བྱུང་རྗེས་ལྕགས་རིར་བཞུགས་ནས་དགེ་རྒན་གྱི་ཕྱག་ལས་མུ་མཐུད་ཐུགས་འགན་བཞེས། (སྤྱི་ལོ་ 1656) ལོར་རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་སྐུའི་བླ་སྨན་དང་རྩེ་དྲུང་ལས་ཚན་གནས་ལྔ་པའི་གོ་གནས་བསྩལ། ས་ཕག་(སྤྱི་ལོ་1959)ལོར་ངག་དབང་ཆོས་གྲགས་མཆོག་ལྷ་ས་སྨན་རྩིས་ཁང་དུ་གདན་ཞུས་ཀྱིས་སྨན་བཅོས་ལས་དོན་ནང་ཞུགས་ཏེ། ཡོན་ཀྲང་མཁྱེན་རབ་ནོར་བུའི་དྲུང་དུ་དཔོན་སློབ་ཐུགས་དམ་གཙང་མས་འགྲོ་དོན་སྔ་ན་མེད་པའི་མཛད་འཕྲིན་བསྐྱངས། ཆུ་སྟག་(སྤྱི་ལོ་1963)ལོར་སྨན་རྩིས་ཁང་གི་ཡོན་ཀྲང་སྐུ་གཞོན་པ་དང་། གྲོང་ཁྱེར་ཆབ་གྲོས་ཀྱི་ཨུ་ཡོན་གྱི་མཚན་གནས་བཞེས། དེ་དུས་རང་ཉིད་ཀྱི་ཐུན་མོང་མ་ཡིནཔའི་ཉམས་མྱོང་(ཕོ་ནད་བཅོས་ཐབས་)ཞེས་པ་རྩོམ་སྒྲིག་མཛད།
 

རིག་གནས་གསར་བརྗེའི་སྐབས་ངག་དབང་ཆོས་གྲགས་མཆོག་ལ་སྔར་གྱི་གོ་གནས་དང་། ལོ་རྒྱུས་ལ་བསྙད་པས་ཉེས་མིང་སྣ་ཚོགས་བཀལ་ཏེ་དགག་པ་འཐབ་རྩོད་ཕོག་པར་མ་ཟད་མངའ་བདག་གི་ཞྭ་མོ་གཡོགས་ཏེ་ལོ་ཤས་རིང་ངལ་རྩོལ་བསྒྱུར་བཀོད་ནང་བཞུགས་དགོས་བྱུང་། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཡུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཆོགས་ཚུན་དང་། ལྷག་པར་(སྤྱི་ལོ་1980)ལོར་ཀྲུང་དབྱང་གི་ཡིག་ཆ་ཨང་31བོད་ལ་དོན་འཁྱོལ་གནང་རྗེས་དེ་སྔའི་ཉེས་མིང་རྣམས་དཀར་འདོན་མཐར་ཕྱིན་ཐོག་སྨན་རྩིས་ཁང་གི་ཡོན་ཀྲང་གཞོན་པའི་གོ་གནས་བསྐྱར་གསོ་དང་དེ་བཞིན་ཀྲུའི་རིན་དགེ་རྒན་སྨན་པའི་ལག་རྩལ་གོ་གནས་ཀྱང་ཆོག་མཆན་ཕེབས་པ་སོགས་ལས་དམ་པ་དེའི་ཐུགས་ལ་མཉེས་ཚོར་ཅི་ཆེ་བྱུང་། འོན་ཀྱང་དགུང་ལོ་མཐོ་བ་དང་། སྐུ་གཟུགས་སྐྱོ་བའི་དབང་གིས་མི་རིང་བར་ཕོ་བའི་ནད་རོ་འཕར་ཏེ་སྨན་བཅོས་གང་ཟབ་ཞུས་ཀྱང་དྲག་སྐྱེད་མེད་སྟབས་དམ་པ་དེའི་ཐུགས་དགོངས་ལྟར་སྔར་གྱི་འཁྲུངས་ཡུལ་སྟོད་ལུང་ཆུ་བཟང་གཡུ་ཐོག་ཁང་གསར་དུ་སྐུ་མཆེད་ཡོད་སར་གདན་ཞུས་ཀྱིས་(སྤྱི་ལོ་1981)ལོའི་ཟླ་བ་ 8 ཚེས་3 ལ་དགོངས་པ་རྫོགས། དེ་དུས་དགུང་ལོ་80 ལ་ཕེབས་ཡོད།། །།
 

-འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་འདོན་ཞུས།


 

 

མཐའ་མའི་འདོན་ཐེངས་།: 12.12.2017 ཉིན། 12:03 PM

<< སྔ་མ།