སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

འ་ཞའི་སྨན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 13.01.2014
གསོ་རིག་མཁས་དབང་རིམ་བྱོན། >>

 

 

 འ་ཞའི་སྨན་པ།

བྱམས་པ་འཕྲིན་ལས།

 

          འ་ཞའི་སྨན་པ་ནི། བོད་ཀྱི་རྒྱལ་པོ་སྟག་རི་གཉན་གཟིགས་དུས་སུ་བྱུང་། 《གསོ་རིག་ཁོག་འབུགས་དྲང་སྲོང་དགྱེས་པའི་དགའ་སྟོན།》《ཤོག་གྲངས་༧༧ ན་༦》དེ་ནས་རྒྱལ་རབས་གསུམ་པ་འབྲོང་སྙན་ལྡེའུ་ས་གདོན་གྱིས་ཟིན་པ་རྒྱལ་བརྒྱུད་ཕྱི་མ་རྣམས་ལ་དེ་ལྟར་མི་འབྱུང་བའི་ཕྱིར་གསོན་པོར་དུར་དུ་ཞུགས་ཁར། སྲས་དམུས་ལོང་དཀོན་པ་བཀྲར་ཞལ་ཆེམས་སུ། བསམ་པ་བཟང་པོ་གསེར་དང་འདྲ་བ་སྟེ། །བཟང་པོའི་གྲོས་ནི་བདུད་རྩི་ཡིན་ཞེས་ཉོན། །ངན་པ་རྣམས་ཀྱང་མེ་དང་འདྲ་བས་གསོས། །མི་ཆོས་རྟོག་པ་ཡིན་གྱི་རྣམ་རྟོག་སྐྱུངས། །ཞེས་གཉན་པོ་(1)གསང་བ་ལ་མཆོད་པ་བྱ་བ་དང་།  འ་ཞའི་ཡུལ་(2)ནས་སྨན་པ་བོས་ལ་མིག་ཕྱེ་སྟེ་རྒྱལ་ཐབས་ཀྱི་བྱ་བ་བྱེད་ཚུལ་གསུངས་པ་ལྟར། རྒྱལ་ཕྲན་འ་ཞ་རྗེ་བྱ་བ་སྨན་པ་མཁས་པ་ཞིག་སྤྱན་དྲངས། རྒྱལ་བུའི་མིག་གསེར་གྱི་ཐུར་མས་ཕྱེ། སྐྱིད་ཤོད་སྟག་མོ་རི་ལ་གཉན་འདུག་པ་གཟིགས་པས་སྟག་རི་གཉན་གཟིགས་སུ་གྲགས། ཞེས་གསུངས་པ་དང་།  《རྒྱལ་རབས་གསལ་བའི་མེ་ལོང་》ནང་འ་ཅིའི་ཡུལ་ནས་སྨན་པ་བོས་ལ་མིག་ཕྱེ་ནས་རྒྱལ་སྲིད་ཟུངས་ཤིག་ཅེས་པ་དང་།  ལྔ་པ་ཆེན་པོའི་《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》སུ་ཁྱེད་ཡབ་མེས་ཀྱི་གཉན་པོ་གསང་བར་མཆོད་པ་གྱིས། འ་ཞའི་ཡུལ་ནས་སྨན་པ་བོས་ལ་མིག་ཕྱེ། མིག་མ་བྱུང་ན་སུམ་པའི་ཡུལ་ན་བོན་པོ་ཞིག་གི་ཆུང་མ་རྒྱ་མོ་རྒྱ་ལྕམ་བྱ་བ་ལ་ནུབ་གཅིག་འགྲོགས་པའི་ཤག་མོ་ཙམ་པ་ལ་སྐྱེས་པའི་སུམ་རི་རིང་མོ་བྱ་བ་ཡོད་པས་དེ་བོས་ལ་གཅེན་ཆོལ་རྒྱལ་སར་ཆུག་གསུངས་ནས་བང་སོ་ཞང་མདར་བརྩིགས་པར་ཡབ་ཡུམ་གསོན་པོར་བཞུགས་སྐད་དོ། །དེ་ནས་སྲས་ཀྱིས་ཡབ་ཀྱི་གསུང་བཞིན་བྱས་པས་མིག་ཕྱེ་སྟེ། སྐྱིད་ཤོད་སྟག་མོ་རི་ལ་གཉན་འདུག་པ་གཟིགས་པས་སྟག་རི་གཉན་གཟིགས་སུ་གྲགས། ཞེས་གསུངས།

 

          དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་《ཆོས་འབྱུང་མཁས་པའི་དགའ་སྟོན་》ནང་།  ལྷ་སྲས་དམུས་ལོང་དཀོན་པ་བཀྲ་དེ་ཡིས། གཉན་པོ་གསང་བ་མཆོད་པའི་བྱིན་རླབས་དང་།  །འ་ཞའི་ཡུལ་གྱི་སྨན་པས་སྤྱན་ཕྱེ་སྟེ། །སྟག་མོའི་རི་ལ་རི་དྭགས་གཉན་གཟིགས་པས། །མཚན་ཡང་སྟག་རི་གཉན་གཟིགས་བཙན་དུ་ཐོགས། །ཞེས་དང་།  ཡང་དེ་ཉིད་ལས། རྒྱལ་ཕྲན་འ་ཞ་རྗེ་བྱ་བ་སྨན་པ་མཁས་པ་ཞིག་བོས་པས་སྤྱན་ཕྱེ་རྒྱལ་བུའི་ཕྱག་སྒོ་ཀླད་དུ་བཏགས་པའི་འོག་ཏུ་འ་ཞ་རྗེ་འཛུལ། ལོག་ནས་མས་གཏམ་དྲིས་པས། བོད་ཀྱི་རྒྱལ་པོ་ནི་མ་མཐོང་།  སྒོ་གོང་ན་གཡུའི་ལྷམ་ཆུང་ཞིག་བཏགས་འདུག་པའི་འོག་ལ་ཕྱིན་པས་བྱིས་པ་དམུས་ལོང་ཞིག་འདུག་པས་མིག་ཕྱེ་ནས་ལོག་གོ་སྨྲས་པས། མ་ན་རེ། གཏམ་ཆེས་སོ་ད་ནི་བོད་ཀྱི་ཆབ་འོག་ཏུ་ཚུད་པས་ཐབས་ཅི་ཡང་མེད་དོ་ཟེར། རྒྱལ་ཕྲན་རྣམས་ཀྱི་སུམ་གཉིས་མངའ་འོག་ཏུ་འདུས། བན་པོ་རྗེ། འ་ཞ་རྗེ། དྲང་གར་རྗེ། ཟིན་པོ་རྗི། ཞང་ཞུང་རྗེ་རྣམས་བཏུལ། ཉང་སྦས་གནོན་གསུམ་འབངས་སུ་ཚུད་སྐད། ཅེས་གསལ་བ་དང་།

 

          ཡང་བོན་གྱི་ལོ་རྒྱུས་སྨན་རིའི་སློབ་ཟུར་བསྟན་འཛིན་རྣམ་དག་གིས་བརྩམས་པའི་《སྔ་རབས་བོད་ཀྱི་བྱུང་བ་བརྗོད་པའི་འབེལ་གཏམ་ལུང་གི་སྙིང་པོ་》ལས། འབྲོང་ཟ་དར་མ་གཡང་བཞེར་གྱི་སྲས་འབྲོང་སྙན་ལྡེའུ་ཁུའི་བོན་པོ་མང་རྗེ་ལོད་པོས་སྐུ་བསྲུང་།  འབྲོང་སྙན་དང་།  མཆིམ་ཟ་ཀླུ་རྒྱལ་ངན་ན་ཆེ་ལ་སྲས་དམུས་ལོང་ཞིག་བྱུང་བ་ལ། ལུ་བོན་མང་རྗེ་ལོད་པོས་སྤྱན་བསྒྲུབས་པས། ཕ་རི་ལ་གཉན་འདུག་པ་གཟིགས་པས། མཚན་སྟག་རི་གཉན་གཟིགས་སུ་བཏགས། འབྲོང་གཉན་ལྡེའུ་མཛེ་ནད་བྱུང་ནས་གསོན་པོར་བཞུགས་པ་མ་དགྱེས་ཏེ། རྒྱལ་པོ་དང་བཙུན་མོ་གཉིས་ལྷན་དུ་བང་སོའི་ནང་དུ་ཞུགས་ནས་སྦས་སོ། སྦ་ཁར་སྲས་ལ་ཞལ་ཆེམས་སུ། ཡབ་མེས་ཀྱི་ཐུགས་དམ་གཉན་པོ་གསང་བ་ལ་མཆོད་པ་བྱ་བ་དང་།  འ་ཞའི་ཡུལ་ནས་སྨན་པ་བོས་ལ་སྤྱན་ཕྱེས། རྒྱལ་སྲིད་ཟུངས་ཤིག་གསུངས། བང་སོ་ཞང་མདར་བརྩིགས་ནས་དེའི་མིང་ལ་གསོན་ཆས་ཟླུམ་པོར་གྲགས་སོ།། ཞེས་《དར་རྒྱས་གསལ་སྒྲོན་》ནང་ཡོད་ཚུལ་གསུངས་སོ།།

 

          དེ་བཞིན་《བཀའ་ཐང་སྡེ་ལྔ་》ལས། ཏ་ཟིག་འ་ཞའི་བོན་པོ་གདན་དྲངས་ནས། །རྡོ་ནག་ཐོམ་དོ་ལྷུ་དང་སྡུམ་དུ་འབྲེལ། །ཤི་ལྤགས་སྐྱ་མོའི་བླ་གཞི་འབྲེང་དུ་དྲ། །གསོན་གྱི་ལྷ་མཆོད་གཤིན་གྱི་འདྲེ་འདུལ་བྱུང་།  །ཞེས་པ་ལྟར་ཆེས་སྔ་བའི་དུས་ནས་ཏ་ཟིག་དང་འ་ཞར་བོན་ཆོས་དར་རྒྱས་སུ་ཡོད་པར་མ་ཟད། སྨན་དཔྱད་འཕེལ་རྒྱས་ཀྱང་ཡོད་པར་བརྟེན་རྒྱལ་ཕྲན་འ་ཞའི་སྨན་པས་རྒྱལ་བུའི་སྤྱན་གསེར་གྱི་ཐུར་མས་ཕྱེ་ཞེས་གསལ་བ་ལྟར། བོད་ཀྱི་གསོ་རིག་རྒྱུད་བཞིའི་ནང་ཚན་《མན་རྒྱུད་》ལེའུ་ཉེར་དགུ་པ་མིག་ནད་བཅོས་སྐབས། ཐུར་མའི་རྒྱུ་ནི་གསེར་དངུལ་ར་གན་གསུམ།། ཞེས་མིག་འབྱེད་ཐུར་མ་གསེར་ལས་བཟོས་པ། ཟངས་ལས་གྲུབ་པ། ར་གན་གསུམ་པོ་གང་ཡང་རུང་བའི་སྐོར་དང་།  དེ་བཞིན་《བཤད་རྒྱུད་》ལེའུ་ཉེར་གཉིས་པ་ཆ་བྱད་སྐབས། ཟངས་ཐུར་བྲ་བོ་འདྲ་བས་མིག་སྤྲིན་དབུག །ཅེས་ཐུར་མའི་དབྱིབས་ཀྱང་ཡོད་པ་སོགས་ཀྱིས་ལོ་རབས་བརྒྱ་ཕྲག་བདུན་པར་བྱུང་བའི་བོད་ཀྱི་གསོ་རིག་《རྒྱུད་བཞི་》ཡི་ནང་དུ་མིག་འབྱེད་ལག་ལེན་ཞིབ་ཕྲ་འཁོད་ཡོད་པ་ལྟར། དེང་གི་དུས་སུའང་ལག་རྒྱུན་ཇི་ལྟ་བ་མ་ཉམས་པར་བརྒྱུད་འཛིན་བྱས་ཏེ་གནས་ཡོད་དོ།།

 

མཆན་བུ།

          (1) ལྷ་ཐོ་ཐོ་རི་སྙན་བཙན་གྱི་དུས་སུ། ཕོ་བྲང་ཡུམ་བུ་གླ་སྒང་གི་ཡང་ཐོག་ཏུ་《སྤང་སྐོང་ཕྱག་བརྒྱ་པ་》དང་།  《མདོ་སྡེ་ཟ་མ་ཏོག》 《ཙིནྟ་མཎི》 《གསེར་གྱི་མཆོད་རྟེན》 བཅས་ནམ་མཁའ་ལས་བབས་ཏེ་གདུང་རབས་ལྔ་ནས་འདིའི་དོན་ཤེས་པ་འབྱུང་བའི་ལུང་བསྟན་གྱི་སྒྲ་ནམ་མཁའ་ལས་གྲགས་པས། རྟེན་དེ་རྣམས་ངོ་མཚར་ཆེ་བར་དགོངས་ཀྱང་དོན་གང་ཡིན་མ་རྟོགས་པས་རྒྱལ་པོས་ཕོ་བྲང་གི་དཀོར་ཁང་དུ་མིང་གཉན་པོ་གསང་བར་བཏགས་ཏེ་གསེར་སྐྱེམས་གཡུ་སྔོན་གྱིས་མཆོད་པའི་མཐུས་རྒྱལ་པོ་དགུང་ལོ་བརྒྱད་ཅུ་སོན་པ་སླར་ན་ཚོད་དར་ལ་བབས་པའི་ལང་ཚོ་ལྟར་ཡ་མཚན་དུ་གྱུར་ཅིང་།  སྐུ་ལུས་གཅིག་ལ་སྐུ་ཚེ་གཉིས་ཐུབ་ཅེས་དགུང་ལོ་བརྒྱ་དང་ཉི་ཤུ་བར་བཞུགས་པར་གྲགས་སོ།།

 

            (2) འ་ཞའི་ཡུལ། ྋརྒྱལ་དབང་ལྔ་པས་མཛད་པའི་གནས་གསར་འོག་མགོན་པོ་བསོད་ནམས་མཆོག་ལྡན་གྱི་རྣམ་ཐར་ནང་།  མཚོ་སྔོན་པོའི་ཁོངས་སུ་ཡོད་ཅེས་གསལ། ཡང་ཕྱི་རྒྱལ་བ་འགའ་རེས། ལོ་བརྒྱ་ཕྲག་བཞི་པའི་སྟོད་དུ་གྲུ་གུ་ཧུན་ནམ་ཐུ་གུ་ཧུན་ལ་བོད་པས་འ་ཞ་ཞེས་ཟེར། འ་ཞ་དང་གྲུ་གུ་གཅིག་ཏུ་བརྩིས་འདུག མཁས་དབང་ཚེ་ཏན་ཞབས་དྲུང་གིས་མཛད་པའི་བོད་ཀྱི་ལོ་རྒྱུས་ནང་།  འ་ཞའི་ཡུལ་ནི་ཕྱིས་སུ་བོད་ཀྱི་མངའ་ཁོངས་ལ་ཚུད་པ་ལོ་རྒྱུས་རྣམས་སུ་བཤད་དེ། ད་ལྟའི་མངའ་རིས་བསྐོར་གསུམ་གྱི་ཕྱོགས་སུ་གཏོགས་པ་ཡིན་ནམ་སྙམ། ཞེས་གསུངས་པ་བཅས་ཀྱིས་འ་ཞ་ནི་བོད་ཀྱི་བྱང་ཕྱོགས་སུ་གནས་པའི་གྲུ་གུའམ། ཡང་ན་སྟོད་མངའ་རིས་སྐོར་གསུམ་ཇི་ལྟར་ཡང་།  པུར་རྒྱལ་བོད་ཀྱི་ཁོངས་སུ་གཏོགས་པར་བསྙོན་མེད་ཡིན་ཚུལ་ཡིག་ཚང་རྣམས་ལས་ཤིན་ཏུ་གསལ་བར་གསུངས་སོ།།

 

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

མཐའ་མའི་འདོན་ཐེངས་།: 30.01.2014 ཉིན། 3:28 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཧི་མ་ཅལ་མངའ་སྡེའི་ནང་ཕག་པའི་ཆམ་རིམས་ཀྱི་འཇིགས་སྣང་།

ནུས་པ་གྲང་བསིལ་ཆེས་པའི་སྣུམ་གྱིས་ནད་སྣ་ཚོགས་སྐྱེད་པར་བཤད།

སྨན་རྩིས་སློབ་མ་གསར་བསྡུའི་རྒྱུགས་རིམ་དང་པོའི་གྲུབ་འབྲས།

མིང་དོན་བརྡ་སྤྲོད་རྣམ་ལྔ།

གཙང་སྨན་པའི་བསླབ་བྱ་དང་སྐྱོ་མགུར།

གཙང་སྨན་པའི་སྨན་གྱི་འདྲ་དཔེ།

སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྨན་རྩིས་རིག་གནས་ཐད་ཀྱི་མཛད་རྗེས་གཙོ་བོ།

སྨན་རྩིས་ཁང་འགན་འཛིན་མཆོག་གི་གསུང་བཤད།

ཡོ་ག་ལག་ལེན་དམར་ཁྲིད་དབུ་ཚུགས་པ།

རིགས་ལམ་ངོ་སྤྲོད་སོགས་ཀྱི་འཆད་ཁྲིད་མུ་མཐུད་གནང་རྒྱུ།

ལོ་ངོ་ ༡༠༡ འཁོར་བའི་དུས་དྲན་མཛད་སྒོ།

བརྟག་ཐབས་རིག་པའི་རྒྱལ་ཡོངས་ཚོགས་འདུའི་སྒོ་འབྱེད་གཏམ་བཤད།

གཏེར་བདག་གླིང་པ།

ཉི་ཐང་སྨན་མཁྱེན་བློ་བཟང་རྒྱ་མཚོ།

རྒྱལ་བ་ལྔ་པ་ཆེན་པོ།