སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

སྟོང་གསུམ་གང་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 18.03.2014
གསོ་རིག་མཁས་དབང་རིམ་བྱོན། >>

 

སྟོང་གསུམ་གང་བ།

 
བྱམས་པ་འཕྲིན་ལས།

         
སྟོང་གསུམ་གང་བ་ནི། ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་སྐབས་གངས་ཅན་ལྗོངས་སུ་གསོ་བ་རིག་པའི་བཀའ་སྲོལ་ལེགས་པར་བཏོད་ཆེད་མཐའ་བཞི་ནས་གདན་དྲངས་པའི་རྒྱལ་པོའི་བླ་སྨན་དགུར་གྲགས་པའི་ཡ་གྱལ་ཞིག་ཡིན།

དེ་ཡང་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་དགུང་ལོ་ཉི་ཤུ་ལ་ཕེབས་དུས་བསམ་ཡས་སུ་ཕྱོགས་རིགས་ཀྱི་སྨན་པ་དགུ་དང་རྩོད་པ་མཛད་པ་དང་།  རྒྱ་ནག་གི་སྨན་པ་སྟོང་གསུམ་གང་བས་བོད་ལ་སྨན་པ་ཡོད་དམ་ཞེས་ཞུས་པར་གཡུ་ཐོག་པས། རྒྱལ་པོ་ལྷ་ཐོ་ཐོ་རི་གཉན་བཙན་དང་།  སྨན་པ་དུང་གི་ཐོར་ཅོག་ཅན་ནས་རྒྱལ་པོ་ཁྲི་སྲོང་ཡན་དང་།  སྨན་པ་གཡུ་ཐོག་མགོན་པོ་རང་ཡན་གྱི་ལོ་རྒྱུས་གསུངས་པའི་སྐོར་དང་།  ལྷག་པར་གཡུ་ཐོག་ཡོན་ཏན་མགོན་པོ་དང་སྟོང་གསུམ་གང་བ་ཕན་ཚུན་གསུང་གླེང་གནང་སྐབས་གཡུ་ཐོག་པས། གཟའ་ཁྱི་བྱ་གསུམ་གྱི་བཅོས་ཐབས་དྲག་བཅོས་མི་བྱེད་འཇམ་བཅོས་བྱ་དགོས་གསུངས་སྟབས་སྟོང་གསུམ་གང་བས། དེ་གསུམ་གྱི་སྒྲུབ་ཐབས་ཤེས་སམ་གསུངས་པར། གཡུ་ཐོག་ཆེན་པོས་ངེད་ཀྱིས་མི་ཤེས་ཁྱེད་ཀྱིས་གདམས་པ་རྩོམ་པར་ཞུ་ཞུས་པས། སྟོང་གསུམ་གང་བས་གཟའ་བཅོས་སྲོག་གི་འཁོར་ལོ། བྱ་བཅོས་མཚོན་གྱི་འཁོར་ལོ། ཁྱི་བཅོས་སྤུ་གྲིའི་འཁོར་ལོ་སྟེ་འཁོར་ལོ་གསུམ་གྱི་གདམས་པ་གཡུ་ཐོག་པར་ཕུལ་ནས་བཟུང་བུ་སློབ་བརྒྱུད་འཛིན་རྣམས་ཀྱིས་གཟའ་ཁྱི་བྱ་གསུམ་ལ་གཏོར་མ་རེ་བྱིན་ནས་སྲུང་མར་བསྟེན་ན་འདོད་དོན་སྒྲུབ་པར་ཁས་བླངས་པའི་སྐོར་དང་།  ཡང་གཡུ་ཐོག་ཆེན་པོས་རྒྱ་ནག་སྟོང་གསུམ་གང་བ་ལ་འཕགས་པ་ཆེན་པོ་འཇམ་དཔལ་ད་ལྟ་གང་ན་བཞུགས་གསུངས་པས། འདིར་བཞུགས་ཟེར་ཁོག་པ་གཤགས་ནས་བསྟན་པ་སོགས་མཐུ་དང་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་ཡོད་ཚུལ་གཡུ་ཐོག་རྙིང་མའི་རྣམ་ཐར་ནང་དུ་འཁོད་འདུག

        དེ་ལྟར་རྒྱལ་པོའི་བླ་སྨན་དགུའམ་ཕྱོགས་ཀྱི་སྨན་པ་རྣམས་ལ་བསྙེན་བཀུར་གྱི་མཆོད་པ་བཟང་པོ་དང་བཅས་སོ་སོའི་ཡུལ་དུ་བཞུད་རྗེས་དུས་ཚོད་ཧ་ཅང་མི་རིང་བར་རྒྱལ་པོ་བསྙུན་གྱིས་བཏབ་པར་བོད་ཀྱི་སྨན་པ་མི་དགུ་སོགས་ཡོད་ཀྱང་བློན་པོ་རྣམས་ཀྱི་འདོད་པ་ལྟར་མཐའ་བཞི་གའི་སྨན་པ་རྣམས་སྤྱན་འདྲེན་པར་བཏང་བས་གཞན་རྣམས་འབྱོན་པར་ཞལ་གྱིས་མ་བཞེས་ཤིང་།  རྒྱ་ནག་གི་སྨན་པ་སྟོང་གསུམ་གང་བ་ཞེས་བྱ་བ་སྤྱིར་རིག་གནས་མཐའ་དག་དང་།  ཁྱད་པར་གསོ་བ་རིག་པ་མཁས་ཤིང་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་ཞལ་གཟིགས་པ་ཞིག་ཡོད་པ་བྱོན། བཤུལ་ལམ་དུ་《གསོ་བ་དཀར་པོ་ལམ་གྱི་སྒྲོན་མ་》ཞེས་པ་དང་། 《མཐའ་བཞིའི་ལུགས་ཞུ་བ་བཞི་ལྡན་》སོགས་བསྟན་བཅོས་བརྩམས་ཏེ་རྒྱལ་པོར་སྐྱེས་སུ་ཕུལ། གསོ་བའི་དཔྱད་མཛད་པས་མངའ་བདག་རྒྱལ་པོ་བསྙུན་ལས་མྱུར་དུ་དྭངས། མཐའ་བཞི་གའི་སྨན་པའི་གོ་ཆོད་པར་འདུག་པས་མིང་ཡང་མཐའ་བཞི་སྟོང་གསུམ་གང་བར་བཏགས། བྱ་དགའ་ལ་གཞུང་(1)དང་།  དོལ་(2)གཉིས་ཡུལ་གཞིས་སུ་བསྩལ། ཁབ་བཞེས་སྲིད་བསྐྱངས་པས་མཐའ་བཞིའི་རྒྱུད་པ་རྣམས་འཕེལ། ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བླ་སྨན་གནང་བ་རིགས་ཀྱི་འཚོ་བྱེད་དངོས་ནི་མཐའ་བཞི་དང་།  བོད་སྨན་གཞན་བརྒྱད་པོ་རྗེས་འབྲེལ་ཙམ་ཡིན་པར་མངོན་ཞེས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་ཁོག་འབུགས་དྲང་སྲོང་དགྱེས་པའི་དགའ་སྟོན་ཤོག་གྲངས་༩༠ བ་༣ པར་གསལ།

          ཡང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་བརྩམས་པའི་ཤེས་བྱ་མཛོད་ལས། ཁྲི་སྲོང་གི་སྐུ་ཚེའི་མཇུག་ཏུ་བསྙུན་གྱིས་ཐེབས་པས་སླར་ཡང་མཐའ་བཞིའི་སྨན་པ་བཀུག་པས་གཞན་མ་བྱོན། རྒྱ་ནག་ནས་སྨན་པ་སྟོང་གསུམ་གང་བ་བྱོན། ལམ་དུ་《གསོ་བ་དཀར་པོ་ལམ་གྱི་སྒྲོན་མ་》བྱ་བ་བརྩམས་ནས་རྒྱལ་པོ་ལ་སྐྱེས་སུ་ཕུལ་ཞིང་བསྙུན་ཡང་གསོས། གཡོར་སྟོད་ས་ཆ་བྱ་དགར་གནང་བའི་བརྒྱུད་ལ་མཐའ་བཞིའི་སྨན་པ་རྣམས་བྱུང་ངོ་། ཞེས་གསུངས་པ་དང་།  དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་མཁས་པའི་དགའ་སྟོན་ནང་།  སྟོང་གསུམ་གང་བ་བོད་དུ་བཞུགས་ཏེ་གཡོར་སྟོད་གནང་ནས་མཐའ་བཞིར་གྲགས་ཏེ་བླ་སྨན་གྱི་གཙོ་བོའོ་ཞེས་གསུངས་པ་བཅས་སྟོང་གསུམ་གང་བ་ནི་ཀྲུང་དབྱི་མཁས་པ་ཞིག་ཡིན་པ་དང་།  མཐར་བོད་དུ་བཞུགས་ནས་གཡོར་སྟོད་དུ་མཐའ་བཞིའི་རྒྱུད་པ་འཕེལ་ཏེ་མངའ་བདག་རྩེ་ལྡེའི་སྐབས་ཨུ་རྒྱན་གྱི་སྨན་པ་སྐྱེས་བུ་མེ་ལྷ་ཕྱག་རྡུམ་གྱི་སློབ་མ་མཐའ་བཞི་ཞེས་པའང་གོང་གསལ་གྱི་མི་རྒྱུད་ཡིན་པ་དོན་གྱིས་གྲུབ་བོ།།

མཆན་བུ།

          (1) 《རླངས་ཀྱི་བསེ་རུ་》ལྕགས་པར་ཤོག་གྲངས་༡༩༦ བ་༣ པར། བསྒྲགས་མདར་ཕྱག་ཕེབས་ཁོང་རྣམ་པས་བར་བྱས། གྲ་དོལ་གཞུང་གསུམ་གྱི་བབས་བླངས་ཞེས་འདུག་པས། གཞུང་ཞེས་པར་ད་ལྟ་ཁ་སྐད་ལ་གཞུ་བོ་ཞེས་གོང་དཀར་རྫོང་ལྕེ་བདེ་ཞོལ་ཆུས་ཁོང་ལ་ཡོད་པ་དང་།

          (2) དོལ་ནི་གོང་དཀར་རྫོང་རྣམ་རྒྱལ་ཆུས་ཀྱི་ལུང་ཤུར་ནས་ལྕེ་བདེ་ཞོལ་ཡན་ཆད་ལ་དོལ་པ་ཟེར།།


འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

མཐའ་མའི་འདོན་ཐེངས་།: 22.05.2014 ཉིན། 2:40 PM

<< སྔ་མ།