སྨན་རྩིས་དྲ་བ། - ྋབླ་སྨན་ཡེ་ཤེས་དོན་ལྡན་མཆོག་གི་ལོ་རྒྱུས།

 

༄༅། །ྋརྒྱལ་བའི་བླ་སྨན་ཟུར་པ་རྔོག་རིགས་དགེ་སློང་ཡེ་ཤེས་དོན་ལྡན་མཆོག་གི་སྐུ་ཚེའི་ལོ་རྒྱུས།

རྩོམ་སྒྲིག་པ། ཡར་འབྲོག་གམ་པ་སྤྲུལ་འཁོར་སྨན་པ་སྐལ་བཟང་དོན་ལྡན།

རྩོམ་སྒྲིག་འགན་འཁུར་བ་དང་ཞུ་དག་པ། སྨན་རམས་པ་བསུ་སྣང་ངག་དབང་སྦྱིན་པ།

 

 

ས་བཅད་དང་པོ། གདུང་བརྒྱུད་ངོ་སྤྲོད།

༄༅། །ྋརྒྱལ་བའི་བླ་སྨན་ཟུར་པ་རྔོག་རིགས་དགེ་སློང་ཡེ་ཤེས་དོན་ལྡན་མཆོག་ནི། བོད་རྒྱལ་ལོ་ ༢༠༥༤ རབ་རྒྱལ་མེ་ཡོས། ཕྱི་ལོ ༡༩༢༧ ལོའི་ཟླ ༥ ཚེས ༡༥ ཉིན། བོད་ཀྱི་རྒྱལ་ས་ལྷ་སའི་ལྷོ་ངོས་སུ་ཆགས་པའི་ལྷོ་ཁའི་མངའ་ཁུལ་ཡར་འབྲོག་སྣ་དཀར་རྩེ་རྫོང་ཁོངས་ཀྱི་ལྷུན་པོ་གཞོལ་གྲོང་ཚོའི་ཁང་གསར་གོང་ཞེས་པའི་ཁྱིམ་བརྒྱུད་ཆེན་པོ་ཞིག་ཏུ་ཡབ་བཀྲ་ཤིས་ཚེ་རིང་དང་ཡུམ་མེ་ཏོག་སྒྲོལ་དཀར་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།  ཡབ་ཡུམ་ཟུང་ལ་བུ་ཕྲུག་གཅིག་ལས་བྱུང་མེད་པས་ཆུང་བྱིས་པའི་དུས་སུ་ཟས་ཀྱི་ཕུད་དང་གོས་ཀྱི་རྩེ་མོ་ལྟར་བྱམས་བརྩེའི་གཅེས་སྐྱོང་ཚད་མེད་ཀྱིས་མིག་འབྲས་བཞིན་དུ་བསྐྱངས།

            ཁོང་གི་མ་ཡི་བརྒྱུད་པའི་རིགས་རུས་ནི་སྔོན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་བྱོན་པའི་དུས་སྐབས་སུ་གསང་ཕུ་བཞེངས་བསྐྲུན་མཛད་མཁན་གྱི་གྲས་དང་ལོ་ཙཱ་བ་རྔོག་བློ་ལྡན་ཤེས་རབ་ཀྱི་རིགས་རུས་ཆོ་འབྲང་ལས་མཆེད་པ་ཞིག་ཡིན། དེ་ཡང་ལོ་ཙཱ་བ་ཆེན་པོ་རྔོག་བློ་ལྡན་ཤེས་རབ་ནི་སྔོན་གྱི་བག་ཆགས་བཟང་པོའི་མཐུས་དཔལ་མར་མེ་མཛད་པའི་མཚན་ཐོས་པ་ཙམ་གྱིས་མི་ཕྱེད་པའི་དད་འདུན་ཆེན་པོ་ཐུགས་ལ་འཁྲུངས་ནས་མཉེས་ཐང་ན་མཇལ་དུ་ཕེབས། ཇོ་བོ་རྗེས་ཁྱེད་རང་མ་འོངས་ན་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་མང་པོར་ཕན་ཐོགས་ཆེན་པོ་འོང་བ་འདུག མ་འོངས་པར་གསང་ཕུ་རུ་གཞིས་དགོན་ཞིག་ཕྱག་གདབ་དགོས་པའི་བཀའ་ཡི་གནང་བ་སྩལ། དུས་དེར་རྭ་བསྐོར་ལྟ་བུ་ཞིག་བརྒྱབ་ནས་ཕྱིས་སུ་ཡར་འབྲོག་ཏུ་ཁོང་གི་ཨ་ཞང་རྔོག་ལེགས་པའི་ཤེས་རབ་ཀྱི་ཞབས་ལ་ཡང་གཏུགས་ནས་སློབ་གཉེར་མཛད། ལམ་བར་དུ་བྱོན་དུས་གསང་ཕུ་ནས་ཇོ་བོ་རྗེ་ལ་དད་པ་ཆེན་པོས་སྐུ་ཕྱག་ཕུལ་བའི་དུས་སུ་ཨམ་ཕྲག་ནང་ཡོད་པའི་ཡོས་མང་པོ་གསང་ཕུའི་གནས་དེར་བོར་བས་རྟགས་དང་རྟེན་འབྲེལ་བཟང་པོ་མ་བསྒྲིགས་ལྷུན་འགྲུབ་ཏུ་བྱུང་བ་སྟེ་མ་འོངས་པ་ན་གསང་ཕུ་གནས་སུ་དགེ་སློང་སྟོང་ཕྲག་དུ་མ་འདུ་བའི་རྟེན་འབྲེལ་བཟང་པོ་འགྲིག  ཕའི་བརྒྱུད་པ་ནི་སྒྲ་སྒྱུར་ལོ་ཙཱ་བ་ཆེན་པོ་མར་པའི་སློབ་བརྒྱུད་རྔོག་ཆོས་སྐུའི་གདུང་བརྒྱུད་ཡིན་ཞིང་རྔོག་ཆོས་སྐུ་ནི་ལྷོ་ཁ་རྣམ་རབ་གཞུང་ལྡིང་སྲས་ཐོག་བླ་བྲང་ཞེས་པ་ལས་མཆེད་པའི་གདུང་བརྒྱུད་ཅིག་ཡིན།

ས་བཅད་གཉིས་པ། ཡར་འབྲོག་གཡུ་མཚོའི་ཕྱི་ནང་སྣོད་བཅུད་ཀྱི་བཀོད་པ།

            ཁོང་གི་འཁྲུངས་ཡུལ་ལྷོ་ཁའི་མངའ་ཁོངས་ཡུལ་ཡར་འབྲོག་གཡུ་མཚོ་ཞེས་པ་དེ་ནི་བོད་ཀྱི་མཚོ་ཆེན་བཞི་ཡི་ཡ་གྱལ་གཅིག་རེད། མཚོ་དེ་ནི་གནའ་སྔ་མོ་བོད་སྲིད་པ་ཆགས་པའི་སྐབས་སུ་ནས་རང་བྱུང་གིས་གྲུབ་པའི་མཚོ་ཆེན་ཞིག་དང་དུས་ཕྱིས་སུ་བོད་ཀྱི་འགྲོ་བ་མིའི་རིགས་ལ་འཚོ་གནས་ཀྱི་དགོས་མཁོ་སྤྱི་དང་ལྷག་དོན་དུ་མིའི་རིགས་ཀྱི་རིག་གནས་དར་ཞིང་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་པའི་སྐབས་སུ་བོད་མདོ་དབུས་ཁམས་གསུམ་གྱི་ནང་དུ་རླུང་ལྟར་གྲགས་པའི་བོད་ཀྱི་གེ་སར་རྒྱལ་པོའི་ལོ་རྒྱུས་ཀྱི་རང་བཞིན། དཔའ་མཛངས་ཀྱི་རང་གཤིས། ཤེས་དཔལ་གྱི་དར་རྒྱས།  རང་བྱུང་མཛེས་སྡུག་གིས་རྣམ་པར་བཀྲ་བའི་མཐོ་སྒང་བོད་ཀྱི་ཡུལ་གྲུ་ཆགས་སྟངས། དམིགས་སུ་བཀར་ན་ཡར་འབྲོག་གཡུ་མཚོ་ཞེས་པ་དེ་ནི་རང་བྱུང་གི་རི་ཆུ་ཁྲི་སྟོང་དུ་མ་གནས་གཅིག་ཏུ་འདུས་པའི་མཚོ་ཆེན་ཞིག་ཡིན་ཁར་རི་རྩེ་ནས་བལྟས་ན་སྔོན་མོ་གཡུ་མདོག་འཁྱིལ་བའི་རིན་ཆེན་གཡུ་ཡི་རྒྱ་མཚོ་ཆེན་པོ་ཞིག་དང་འདྲ་མཚུངས་ཡོད་པ་དེའི་ཕྱིར་མིང་ལའང་དེ་ལྟར་དུ་གྲགས་པ་རེད།   

            མཚོ་དེ་ནི་གནའ་སྔ་མོ་བོད་མི་རིགས་ཀྱི་དཔའ་རྒོད་གེ་སར་རྒྱལ་པོའི་དམག་དཔོན་ཆེན་མོ་དཔའ་བོ་མདན་མ་ཞེས་བྱ་བ་དེའི་བླ་མཚོ་ཁྱད་དུ་འཕགས་པ་ཞིག་ཡིན་པ་མི་རབས་ནས་མི་རབས་སུ་ལོ་རྒྱུས་དང་།  སྒྲུང་གཏམ།  ངག་རྒྱུན་བཅས་སུ་བོད་ཀྱི་གནའ་མི་རྣམས་ཀྱི་ཡིད་ངོགས་སུ་ལྷམ་མེར་གསལ་བ་ལྟར་མཚོ་དེའི་ཆགས་དབྱིབས་ལ་བལྟས་ན་སྡིག་པ་རྭ་ཙའི་གཟུགས་དབྱིབས་ལྟར་གྲུབ་ཡོད། དེ་ཡང་གནའ་སྔ་མོ་ནས་ཡུལ་ཡར་འབྲོག་གི་མི་རབས་གོང་མའི་གོང་མ་ལས་བརྒྱུད་པའི་ངག་རྒྱུན་དང་སྲོལ་རྒྱུན་གྱི་བཤད་སྲོལ་དག་ལས་ཀྱང་འདི་ལྟ་སྟེ། ཡར་འབྲོག་གཡུ་མཚོའི་མཐའ་དབུས་ཀུན་ལ་ཆགས་པའི་རི་བོ་དང་། ཡུལ་གྲུ། ཐང་ཆེན། ལུང་པ་སོགས་ཀྱི་མིང་འདོགས་སྟངས་ལ་ཆ་མཚོན་ནའང་ཡར་འབྲོག་ཁྲི་སྐོར་བཅུ་གསུམ་ཟེར་བའི་ཡུལ་དེ་ནི་ཧ་ཅང་གི་བཀྲ་ཤིས་པའི་རྟགས་ཀྱི་མཚན་མས་ཡོངས་སུ་བསྐོར་ནས་ཡོད་པ་ཤེས་རྟོགས་ཐུབ་ངེས་ཡིན། དེ་ནི་མིའི་ངག་རྒྱུན་ལ་ལྡན་པ་ཁོ་ན་མིན་པར་དུས་ད་ལྟའང་ང་ཚོའི་མིག་གི་སྤྱོད་ཡུལ་དུ་མངོན་སུམ་གྱིས་མཐོང་ཐུབ་ལ། རྣ་བས་ཉན་ཐུབ་ཅིང་ལག་གིས་འཛིན་ཐུབ་པའི་རྒྱུ་མཚན་གྱིས་ངེས་ཤེས་ཐུབ་པའི་བཀྲ་ཤིས་པའི་རྟགས་བརྒྱད་ཀྱི་གནས་ཁྱད་འཕགས་ཅན་བརྒྱད་དང་། དེ་དག་ཏུ་རི་བོ་སོ་སོའི་མིང་ཇི་ལྟར་བཏགས་ཚུལ་དང་། རྡོ་བཀྲ་ཤིས་རྟགས་བརྒྱད་ངོ་མཚར་ཆེ་བ་རྣམ་གྲངས་བརྒྱད་དང་བཅས་པས་མཚོ་ཆེན་དེའི་མཐའ་གྲུ་ཀུན་ལ་ཡོངས་སུ་བསྐོར་ཡོད།

            ཆེས་ངོ་མཚར་ལྡན་པའི་རྡོ་བཀྲ་ཤིས་རྟགས་བརྒྱད་རེ་རེ་ཞིང་མདོ་ཙམ་བརྗོད་ན། དང་པོ་ནི་ཡར་འབྲོག་སྟོད་རྭའི་མཚོ་གླིང་དུ་ཆགས་པའི་རི་རྡོ་དགོན་པར་རི་རྡོ་ཞེས་བཀྲ་ཤིས་པའི་རྟགས་བརྒྱད་ཀྱི་ནང་ཚན་རྡོ་དུང་དཀར་གཡས་འཁྱིལ་ཅན་ཞིག་ཡོད།  གཉིས་པ་ནི་ཡར་འབྲོག་བར་རྡོ་ལུང་པ་ཆགས་པའི་གནས་དེར་བར་རྡོ་ཞེས་བཀྲ་ཤིས་པའི་རྟགས་བརྒྱད་ཀྱི་ནང་ཚན་རྡོ་བ་དན་རྒྱལ་མཚན་གྱི་རྡོ་ཅན་ཞིག་ཡོད། གསུམ་པ་ནི་ཡར་འབྲོག་གདུགས་རི་ཆགས་པའི་ཡུལ་དེར་གདུགས་རི་ཞེས་བཀྲ་ཤིས་པའི་རྟགས་བརྒྱད་ཀྱི་ནང་ཚན་རྡོ་གདུགས་རི་ཅན་ཞིག་ཡོད། བཞི་པ་ནི་ཡར་འབྲོག་མཚོ་མོའི་གླིང་དུ་ཆགས་པའི་གསེར་རྡོ་ལུང་པའི་གནས་དེར་གསེར་རྡོ་ཞེས་བཀྲ་ཤིས་པའི་རྟག་བརྒྱད་ཀྱི་ནང་ཚན་གསེར་གྱི་རྡོ་གསེར་ཉ་ཅན་ཞིག་ཡོད།  ལྔ་པ་ནི་ཡར་འབྲོག་གོག་དང་ཡ་སའི་མཚོ་གླིང་དུ་ཆགས་པའི་ཡུམ་བུ་རྡོའི་དགོན་པར་བཀྲ་ཤིས་པའི་རྟགས་བརྒྱད་ཀྱི་ནང་ཚན་ཡུམ་རྡོ་ཞེས་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཀྱི་འཁོར་ལོའི་རྡོ་ཅན་ཞིག་ཡོད། དྲུག་པ་ནི་ཡར་འབྲོག་དོ་ནང་ཞེས་པའི་ཡུལ་དེར་ལུག་གུ་རྡོ་ཞེས་བཀྲ་ཤིས་པའི་རྟགས་བརྒྱད་ཀྱི་ནང་ཚན་བུམ་པའི་རྡོ་ཅན་ཞིག་ཡོད། བདུན་པ་ནི་ཡར་འབྲོག་དོ་ནང་པདྨ་གླིང་དགོན་ཆགས་པའི་གནས་དེར་པད་རྡོ་ཞེས་བཀྲ་ཤིས་པའི་རྟགས་བརྒྱད་ཀྱི་ནང་ཚན་པདྨའི་རྡོ་ཅན་ཞིག་ཡོད། བརྒྱད་པ་ནི་ཡར་འབྲོག་ཤར་རི་ལུང་པའི་ཉེ་འགྲམ་དུ་ཡོད་པའི་རྣ་རྡོ་དང་རྣ་འགག་ཅེས་བཀྲ་ཤིས་པའི་རྟགས་བརྒྱད་ཀྱི་ནང་ཚན་རྣའི་རྡོ་ཅན་ཞིག་ཡོད་པ་བཅས་ཁྱོན་བསྡོམས་ན་ཡར་འབྲོག་གཡུ་མཚོའི་མཐའ་དབུས་ཀུན་ཏུ་ངོ་མཚར་ཅན་གྱི་རྡོ་དབྱིབས་དང་། མཚོ་དབྱིབས། རི་དབྱིབས། ས་ཆའི་མིང་སོགས་བཀྲ་ཤིས་རྟགས་བརྒྱད་ཀྱིས་མཚོན་རྡོ་རིགས་མི་འདྲ་བ་ཁག་སུམ་ཅུ་རྩ་དྲུག་ཡོད་པ་རེད།

            ད་དུང་ཡང་བོད་གངས་ཅན་གྱི་ལྗོངས་སུ་བཀའ་དྲིན་མཚུངས་ཟླ་མ་མཆིས་པའི་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་ཡ་གྱལ་ཆོས་རྒྱལ་ཆེན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་སྔོན་གྱི་ལས་སྨོན་དང་། དམ་ཚིག་དང་། བོད་འབངས་སྤྱིའི་བསོད་ནམས་ཀྱི་མཐུ་ལས་གྲུབ་པའི་དབང་གིས་མཁན་ཆེན་བོ་དྷི་ས་ཏྭ་དང་། སློབ་དཔོན་པདྨ་འབྱུང་གནས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་བཅས་མཁན་སློབ་ཆོས་གསུམ་ཞལ་འཛོམས་པའི་དུས་བསྐལ་པ་ཡ་ཐོག་སྐབས་སུ་བོད་ཀྱི་ལྷ་སའི་ལྷོ་ངོས་སུ་ཆགས་པའི་ཡར་འབྲོག་གི་ཡུལ་དེར་ཡང་། བཀྲ་ཤིས་པའི་དགེ་མཚན་དུ་མའི་མཐུས་སངས་རྒྱས་གཉིས་པ་མཧཱ་གུ་རུ་སློབ་དཔོན་པདྨ་འབྱུང་གནས་དངོས་སུ་ཞབས་ཀྱིས་བཅགས་ཏེ་ཡར་འབྲོག་རྫ་རོང་པོར་སྐུ་མཚམས་སུ་བཞུགས་པ་མ་ཟད་ཡར་འབྲོག་གི་གནས་ཁྱད་པར་ཅན་མང་པོར་བྱོན་ནས་ཁོང་གིས་དངོས་སུ་རབ་གནས་དང་བྱིན་རླབས་མཛད་ཡོད།

            ཡུལ་ཡར་འབྲོག་གི་ས་བབ་ཆགས་སྟངས་ནི་རི་བོའི་རྩེ་མོར་གངས་རིའི་མུ་ཁྱུད་ཀྱི་འཕྲེང་བས་ཡོངས་སུ་བསྐོར་ཞིང་ཤེལ་གྱི་མཆོད་རྟེན་བང་རིམ་གྱིས་བརྩེགས་པ་དང་འདྲ་མཚུངས་སུ་ཆགས་ཡོད། དེའི་འོག་ཏུ་རྫ་རི་སྨུག་པོའི་རི་བོ་དམར་སྨུག་གི་མདོག་ཅན་དང་། དེའི་བར་དུ་ནགས་རི་དང་། དེའི་གཤམ་དུ་སྤང་ལྗོངས་སྔོ་ལྗང་ཅན་དང་། དེ་ནས་རི་བོའི་འདབས་སུ་ནེའུ་གསིང་གཡུ་ཡི་ཚོམ་བུ་བཀོད་པ་དང་འདྲ་བའི་སྔོ་ལྗང་ཅན་གྱི་རྩ་ཐང་བཅས་ཡོད་པས། སྐྱེ་བོ་སུ་ཞིག་གི་འདྲེན་བྱེད་དབང་པོར་མཐོང་བ་ཙམ་གྱིས་ཀྱང་ཡིད་རབ་ཏུ་འཕྲོག་པར་བྱེད་ནུས་པའི་ཡུལ་ལྟ་ན་སྡུག་པ་ཞིག་ཡིན།

            དེ་ཡང་རི་བོའི་རྩེ་མོའི་ཁ་ལྷོ་ངོས་སུ་ཕྱོགས་པ་དག་གི་རྩེ་མོར་ལྷ་ཤིང་ཤུག་པ་དང་། སྤང་མ། རྒྱ་ཤུག མཚེ། འོམ་བུ་སོགས་སྐྱེས་པ་དང་། རི་ངོས་ཀྱི་འདབས་རོལ་དུ་རྩ་ལྗང་མ་སོགས་ཀྱི་རྩ་སྡོང་ལོ་འདབ་རྒྱས་ཞིང་ཡོད། རི་བོའི་རྩེ་མོ་བྱང་དུ་ཁ་ཕྱོགས་པའི་ངོས་སུ་ནེའུ་གསིང་གཡུ་འདྲའི་སྤང་ལྗོངས་ཀྱི་མཛེས་སྡུག་ཡིད་དུ་འོང་བ་དག་གིས་ཡོངས་སུ་ཁེངས་ཡོད། རི་ཁ་བྱང་དུ་བསྟན་པའི་རི་ངོས་སུ་སྐྱེས་པའི་རྩ་ཨ་ཝ་བདུད་རྩི་ཞེས་བོད་ཀྱི་གསོ་རིག་སྔོ་སྨན་གྱི་འཁྲུངས་དཔེར་བསྟན་པ་ལྟར། བྱང་བསྟན་བྲག་སྐྱེས་ཨ་ཝ་བདུད་རྩི་མཆོག །ཅེས་པའི་རྩ་སྨན་དེ་ཡང་ཡུལ་འདིར་སྐྱེས་པ་དེ་མཆོག་ཡིན། རི་ཀླུང་དང་རྩ་ཐང་ཀུན་དུ་རང་བྱུང་གི་སྔོ་སྨན་སྣ་ཚོགས་སྐྱེ་བཞིན་ཡོད་ཁར་དེའི་སྟེང་དུ་བོད་ཀྱི་གསོ་རིག་གཞུང་ནས་བསྟན་པའི་སྤང་རྒྱན་དཀར་པོ་དང་། སྤང་རྒྱན་སྔོན་པོ། སྤང་སྤོས། སྔོ་སྟག་ཤ་ལ་སོགས་པའང་སྐྱེས་པ་མ་ཟད་ཆུ་དང་ས་གཤིན་རང་བྱུང་འཚོ་བཅུད་ཀྱི་ནུས་པའི་ཁྱད་པར་ལས་སྔོ་སྨན་དེ་དག་གི་ནུས་པ་ལའང་བོད་ཀྱི་ཡུལ་གྲུ་གཞན་ན་སྐྱེས་པའི་སྔོ་སྨན་རྣམས་ལས་ཀྱང་ཁྱད་དུ་འཕགས་པ་ཡོད།

            དེ་ཡང་གནའ་བོའི་བོད་ཀྱི་གསོ་རིག་དང་རྒྱ་ཆེའི་མང་ཁྲོད་ཀྱི་ངག་རྒྱུན་དག་ཏུའང་འདི་འདྲ་ཞིག་བཤད་སྲོལ་ཡོད་རེད། སྟག་ཤ་འབེལ་ནའང་ཡར་འབྲོག་བཟང་། །སྟག་ཤ་ཀུན་ལས་སྟག་ནག་མཆོག །ཅེས་བཤད་པ་རེད། སྔོ་སྟག་ཤ་ལ་སོགས་པའི་སྔོ་སྨན་རིགས་གཅིག་དེ་སྔ་བོད་གནའ་རབས་ཀྱི་སྐབས་སུའང་ཡུལ་ཡར་འབྲོག་གི་སྔོ་སྨན་རྣམས་སྲོལ་རྒྱུན་བོད་སྨན་གྱི་སྨན་སྦྱོར་ཆེད་དུ་ཁག་ནང་མེད་དུ་མི་རུང་བ་ལྟ་བུར་གྱུར་པ་རེད།

            ཡུལ་དེ་ན་གནས་པའི་འགྲོ་བ་མི་རྣམས་ཀྱང་ཡ་རབས་དང་། ཞི་བདེ། དྲང་བདེན། བག་ཕེབས། བློ་དཀར་བཅས་ཀྱི་ངང་ནས་འཚོ་ཞིང་གནས་པར་བྱེད་པ་རེད། དེ་ཙམ་དུ་མ་ཟད་ཐ་ན་རི་ཀླུང་དང་རྩ་ཐང་ཀུན་དུ་མྱུལ་བའི་རི་དྭགས་དང་གཅན་གཟན་གྱི་རིགས་དག་ཀྱང་ཞི་བདེ་དང་བག་ཕེབས་པའི་སྒོ་ནས་འཚོ་གནས་བྱས་ཀྱི་ཡོད། དེ་ཡང་དཔེར་ན། ཤ་བ་དང་། དགོ་བ། གླ་བ། རྐྱང་། གཡི། གྲུམ་པ། སྟག གཟིག སྤྱང་ཀི དོམ། དྲེད་མོང། འཕར་བ། ཝ་མོ་ལ་སོགས་པའི་རིགས་རྣམ་པ་སྣ་ཚོགས་པ་དག་འཚོ་ཞིང་གནས་ཡོད། སྒོ་ཕྱུགས་ལ་མཚོན་ནའང་བོད་ཀྱི་གཡག་དང་། འབྲི། གཡང་དཀར། ར། རྟ། བོང་བུ། དྲེལ། ཕག་པ། བ་ཕྱུགས། གླང་ལ་སོགས་པ་དག་མང་པོ་ཁྱུ་དང་ཁྱུ་འདྲིལ་ནས་འཚོ་བ་དང་། མཚོའི་ནང་དུ་ཆུ་སྲམ་དང་། ཉ་ཆེན། ཉ་མོ། སྦལ་པ། ལྕོང་མོ། ཆུ་བྱ་ངང་པ། སེར་བྱ་སོགས་སྲོག་ཆགས་སྣ་ཚོགས་ཁྱུ་དང་ཁྱུ་ཚོགས་བྱས་ཏེ་ཞི་བདེ་བག་ཕེབས་ཀྱི་ངང་དུ་འཚོ་གནས་ཀྱི་དཔལ་ལ་རོལ་གྱི་ཡོད།

            བར་ན་འདབ་ཆགས་བྱ་དང་བྱིའུའི་རིགས་ཀྱང་རྣམ་པ་སྣ་ཚོགས་པ་ཞིག་ཡོད་པ་སྟེ་མཚོ་གླིང་དུ་སེར་བྱ་ངང་པའི་ཁྱུ་ཚོགས་དང་། བྱ་ངུར་བའི་ཁྱུ་ཚོགས། ཆུ་བྱ་དཀར་མོའི་ཁྱུ་ཚོགས། བྱ་ཁྲུང་ཁྲུང་གི་ཁྱུ་ཚོགས། དེ་བཞིན་རི་བྲག་ཀུན་དུ་འདབ་ཆགས་ཀྱི་རིགས་དཔེར་ན། བྲག་སྡོད་ཐང་དཀར་རྒོད་པོའི་ཁྱུ་ཚོགས། བྱ་གླག་གི་ཁྱུ་ཚོགས། བྱ་ནག་གི་ཁྱུ་ཚོགས་ལ་སོགས་པ་རྣམས་དང་། རི་འདབས་སུ་གནས་པའི་བྱ་བྱིའུའི་རིགས་དཔེར་ན། ཁྲ་ཡི་ཁྱུ་ཚོགས་དང་། ཕོ་རོག་གི་ཁྱུ་ཚོགས། པིང་ཁྱུང་གི་ཁྱུ་ཚོགས་ལ་སོགས་པ་དག་དང་།  རྩ་ཐང་དང་སྤང་ལྗོངས་སུ་གནས་པའི་བྱ་བྱིའུའི་རིགས་དཔེར་ན། ལྷ་བྱ་གོང་མོའི་ཁྱུ་ཚོགས་དང་། རི་བྱ་རྣམ་པ་སྣ་ཚོགས་ཀྱི་ཁྱུ་ཚོགས་ལ་སོགས་པ་སྤྱི་དང་། སྒོས་སུ་ནགས་ཚལ་ནང་གནས་པའི་སྐད་སྙན་པར་སྒྲོག་པའི་བྱིའུ་ཆུང་འཇོལ་མོའི་ཁྱུ་ཚོགས།  བྱིའུ་ཏིང་ཏིང་མའི་ཁྱུ་ཚོགས། བྱིའུ་མཐེབ་བོང་གི་ཁྱུ་ཚོགས་ལ་སོགས་པ་རྣམས་དང་། ཡང་ཡུལ་ཀླུང་དང་ཁང་ཁྱིམ་གྱི་གནས་སུ་ཡོད་པའི་བྱ་ཕུག་རོན་ནམ་འང་གུའི་ཁྱུ་ཚོགས། ཁང་བྱིའུ་ཀྲེ་ཁའི་ཁྱུ་ཚོགས། བྱིའུ་འུར་པའི་ཁྱུ་ཚོགས། དེ་བཞིན་མཚན་མོ་མཁའ་ལ་རྒྱུ་བའི་བྱ་འུག་པ།  བྱ་མ་བྱི་ཙི་ཙི་སྒམ་པོ་ལ་སོགས་པའི་རིགས་མི་འདྲ་བ་གྲངས་ཀྱི་མི་ལང་བ་དག་གནས་ཤིང་འཚོ་བར་བྱེད་པའི་ཡུལ་ལྗོངས་རང་བྱུང་གི་མཛེས་སྡུག་རྣམ་པར་བཀྲ་བའི་ཡུལ་ཞིག་རེད།

            གང་ཡིན་ཟེར་ན། སློབ་དཔོན་སངས་རྒྱས་གཉིས་པ་མཧཱ་གུ་རུ་རིན་པོ་ཆེ་བོད་དུ་བྱོན་ནས་གྲགས་པའི་མཚོ་ཆེན་བཞི་ལ་གུ་རུས་ཕྱག་རྗེས་མཚོའི་ནང་དུ་བཞག་པའི་སྤྲུལ་པའི་ངོ་མཚར་གྱི་ཟློས་གར་བསམ་གྱིས་མི་ཁྱབ་པ་དུ་མ་མཛད་པའི་ཚུལ་བསྟན་པའི་ནང་གི་གཅིག་ནི། ཡར་འབྲོག་མཚོ་གླིང་དུ་ཆགས་པའི་ཡུམ་བུ་རྡོའི་དགོན་གྱི་ཉེ་འཁྲིས་མཚོ་ཡི་གཏིང་དུ་ཡོད་པའི་གུ་རུའི་ཕྱག་རྗེས་བྱིན་རླབས་ཀྱི་མཚན་ཁ་ཆེ་བ་ཞིག་གནའ་རབས་ཙམ་དུ་མ་ཟད་དུས་དེང་སང་ཡང་གང་ཟག་ཀུན་གྱིས་དངོས་སུ་མཇལ་ཐུབ་པ་ངོ་མཚར་ཅན་ཞིག་ཡིན། དེ་ནི་གུ་རུའི་བཀའ་ཐང་དང་ལེའུ་བདུན་པ་སོགས་ཀྱི་ནང་དུ་དངོས་སུ་མཧཱ་གུ་རུ་ཆེན་པོས་བོད་དུ་གྲགས་པའི་མཚོ་ཆེན་བཞི་རུ་སྤྲུལ་པའི་ཕྱག་རྗེས་འཇོག་གནང་མཛད་པའི་གྲས་ཤིག་ཀྱང་ཡིན་ཏེ། དེ་ཡང་ཁོང་གིས། སྐུ་ཚབ་སྡེ་ལྔ་བོད་ཀྱི་ཡུལ་དུ་བྱོན། །ཞེས་དང་། གྲགས་པའི་མཚོ་ཆེན་བཞི་ལ་ཕྱག་རྗེས་བཞག །ཅེས་གསུངས་པའི་མཚོ་ཆེན་བཞིའི་གྲས་སུ་ཡོད་པའི་ཕྱག་རྗེས་ཤིག་ཡིན།

            རྟགས་དང་རྟེན་འབྲེལ་ཁྱད་པར་ཅན་གྱི་མཐུས་བོད་ཀྱི་ཁམས་ཕྱོགས་ས་ཁུལ་རྒྱ་ནག་གི་ལག་ཏུ་ཤོར་བའི་ལོ་དེར་ལྷོ་བྲག་གི་མཚམས་སུ་ཡོད་པའི་མཐུད་ཀྱི་མཚོ་ཆུང་ཟེར་བ་ཞིག་ཡོད་པ་དེ་ཁ་ཤོར་ཏེ་ཡར་འབྲོག་ཀརྨ་གླིང་གི་མཚོ་ལ་འཇུག་པའི་སྐབས་དེར་མཚོ་ཡར་རྒྱས་པའི་རྐྱེན་གྱིས། ལོ་དེར་ཡར་འབྲོག་གི་གཡུ་ཡི་མདོག་འདྲ་བ་དྭངས་ཤིང་གཙང་བའི་མཚོ་དེའི་ཁ་དོག་ནག་པོ་ནག་རྐྱང་ཞིག་ཏུ་ཆགས་པ་རེད། དེའི་སྐབས་སུ་བོད་མདོ་ཁམས་ཡོངས་རྫོགས་རྒྱ་ལག་ཏུ་ཤོར་བ་རེད།  དེ་ཚོའི་སྐོར་ང་ལ་གསལ་པོ་བརྗོད་རྒྱུ་ཡོད། གང་ཡིན་ཟེར་ན། ཡར་འབྲོག་གཡུ་མཚོ་ནི་ཁམས་ཀྱི་དཔའ་བོ་མདན་མའི་བླ་མཚོ་རེད་ཅེས་བཤད་སྲོལ་ཡོད་པ་རེད།  མདོར་ན་བོད་ཀྱི་མཐོ་སྒང་ཡར་འབྲོག་གཡུ་མཚོ་ནི་ས་མཐོ་ཞིང་གཙང་ལ་རང་བྱུང་གི་རླུང་ཁམས་གྲང་ལ་བསིལ་བ་དང་། མཚོ་མོ་དྭངས་ཤིང་སྔོ་ལྗང་ཅན་ལ་ཆུ་ཕྲན་སྟོང་ཕྲག་དུ་མ་གནས་སོ་སོར་བབས་ཤིང་ཆུ་ཀླུང་སྣ་མང་ཅན་འདུ་ཞིང་དེ་ཡང་ཆུ་མགོ་རྣམས་གངས་རི་དང་། རྫ་རི། ནགས་རི། སྤང་རི་བཅས་ཀྱི་རི་ངོས་ནས་རི་ཀླུང་དང་རྩ་ཐང་དུ་མའི་གནས་བརྒྱུད་དེ་དུས་བཞིར་བསྟུད་མར་ཐུར་དུ་ཤང་ཤང་དུ་རྒྱུགས་བཞིན་ཡོད།

            དཔྱིད་དང་དབྱར་སྟོན་དགུན་བཞིའི་དུས་མཚམས་བཅས་སུ་ལོ་གཅིག་ཞག་མ་སུམ་བརྒྱ་དྲུག་ཅུའི་ནང་ཚན་ལ་དུས་དུས་སུ་དཔྱིད་ཀར་ཁྲི་གདུགས་ཉི་མའི་འོད་ཟེར་རྣམ་པར་འཕྲོ་ཞིང་ས་གཤིན་དྲོད་བཅུད་ཀྱི་མཐུ་ནུས་རྒྱས་སུ་བཅུག་པ་དང་། དུས་དུས་སུ་དབྱར་ཁར་མཁའ་ལས་ཆར་བབས་ཏེ་རི་ཀླུང་དང་རྩ་ཐང་ཀུན་ཏུ་ཡོངས་སུ་རླན་ཞིང་གཤེར་བས་ཤིང་རྩེ་དང་ལོ་ཏོག་སོགས་ཀྱི་ཁ་འབུས་རྩ་བ་ཚུགས་པའི་གྲོགས་བྱེད་ཅིང་།  དུས་དུས་སུ་སྟོན་ཁར་རློན་དྲོད་ཀྱི་ས་བཅུད་དང་ས་གཤིན་གྱི་ནུས་སྟོབས་རྒྱས་ཏེ་སྟོན་འབྲས་ཡོངས་སུ་སྨིན་པའི་འབྲས་བཟང་གཡུར་དུ་ཟ་བ་དང་།  དུས་དུས་སུ་དགུན་ཁར་གྲང་ངར་བསིལ་རླུང་ཆེ་ཞིང་ཁ་བ་ལྷབ་ལྷུབ་ཏུ་བབས་ཏེ་མཚོ་དང་མཚེའུ་རྣམས་ཀྱང་ཤེལ་ལྟར་འཁྱགས་པའི་གོང་བུར་སྒོང་བར་བྱེད་པ་བཅས་ནི་ཡུལ་ཡར་འབྲོག་གི་ཕྱི་ནང་སྣོད་བཅུད་གཉིས་ཀྱི་སྐོར་མདོར་བསྡུས་ཙམ་ཞིག་རེད།

ས་བཅད་གསུམ་པ། ཆོས་ཞུགས་དང་བསླབ་པ་སློབ་གཉེར།

            ཆུང་དུས་ང་ཡར་འབྲོག་རྫོང་དགོན་བྱམས་པ་གླིང་དུ་ཆོས་ཞུགས་བྱས་ཏེ་བོད་ཡིག་འབྲི་ཀློག་དང་། ནང་ཆོས། ཆོས་སྤྱོད། ཆོ་ག་སོགས་ཆ་ཚང་བསླབས་པ་རེད། ང་ཆུང་ངུའི་སྐབས་སུ་ཡར་འབྲོག་ཁུལ་གྱི་ལོ་ཆུང་བྱིས་པ་རྣམས་ལ་བོད་གཞུང་ནས་བོད་ཡིག་སྦྱོང་དགོས་པའི་གཞུང་ཁྲལ་བཀོལ་སྲོལ་ཡོད་ཀྱང་སྐབས་དེའི་སྤྱི་ཚོགས་དང་མི་རྣམས་ཀྱི་འཚོ་གནས་གཙོ་བོ་ཞིང་འབྲོག་ཡིན་སྟབས་ཕྲུ་གུ་ཆུང་ཆུང་ཚོས་སློབ་སྦྱོང་དང་ཡིག་རྩིས་སྦྱོང་བར་བསུན་སྣང་བྱས་ཏེ་བོད་ཀྱི་སྐད་ཡིག་ལ་སྦྱོང་མཁན་ནི་ཧ་ཅང་ཉུང་ཉུང་ཡིན།

            ཡར་འབྲོག་ཁུལ་དུ་ཡོད་པའི་རྫོང་ན་བྱམས་པ་གླིང་དགོན། རྩ་ཡུལ་ཐུགས་རྗེ་གླིང་དགོན། དོ་ནང་དཔལ་རི་གླིང་དགོན། མངོན་དགའ་གླིང་དགོན་ཟེར་བ་ཁག་བརྒྱད་ཙམ་ཡོད་པ་དེ་དག་ཚང་མ་ལྷོ་ཁ་བཤད་སྒྲུབ་གླིང་དགོན་པའི་དགོན་ལག་གི་གྲས་ཤིག་རེད། དགོན་པ་དེའི་ཆོས་ལུགས་ནི་བོ་དོང་ཕྱོགས་ལས་རྣམ་རྒྱལ་ཞེས་པའི་ཆོས་ལུགས་དེའི་ཆོས་བརྒྱུད་ཅིག་ཡོད་པ་དེ་བོ་དོང་བའི་ཆོས་ལུགས་རེད།  ཆོས་ལུགས་སོ་སོའི་བླ་བརྒྱུད་མི་འདྲ་བ་མ་གཏོགས་རྩ་བའི་ཆ་ནས་ཆོས་ཀྱི་ཆོ་ག་སོགས་མང་ཆེ་བ་གཅིག་པ་རེད། དཔེར་ན། རྙིང་མ། ས་སྐྱ། བཀའ་བརྒྱུད། དགེ་ལུགས་སོགས་སྤྱི་དང་ལྷག་པར་དུ་དཀོན་མཆོག་སྤྱི་འདུས་ཀྱི་ཆོ་ག་ལྟ་བུར་མཚོན་ནའང་ཕལ་ཆེ་བ་གཅིག་མཚུངས་རེད། ང་ཆུང་དུས་ཆོས་ཞུགས་བྱས་སའི་རྫོང་དགོན་བྱམས་པ་གླིང་ཐོག་མར་ཆགས་འདེབས་མཁན་གྱི་བླ་མ་དེ་ནི་ལྡེང་པོ་ཆེའི་བླ་མ་ཡིན་པ་དཔལ་རྒྱལ་བ་དོན་རྒྱུད་འབྲུག་པ་བཀའ་བརྒྱུད་ཀྱི་རྩ་བའི་བླ་མ་སྙན་གྲགས་དཔལ་བཟང་ཞེས་བྱ་བ་ཞིག་བྱུང་བ་ཁོང་རེད་འདུག

            ང་ཆུང་ངུའི་དུས་སུ་ཡང་དགོན་པ་དེའི་ནང་དུ་རྩ་བའི་བླ་མ་སྙན་གྲགས་དཔལ་བཟང་གི་འདྲ་སྐུ་བཞེངས་པ་ཞིག་མཇལ་རྒྱུ་ཡོད། བོད་གནའ་བོའི་དུས་སུ་ཡར་འབྲོག་ཁུལ་དུ་རྙིང་མ་དང་ལྷག་དོན་བཀའ་བརྒྱུད་ཀྱི་དགོན་པ་དང་བླ་མ་རྩ་ཆེན་མང་པོ་ཡོད་རེད། དཔེར་ན་ཡར་འབྲོག་ཞག་སྡེ་ཟེར་བའི་ལུང་པ་དེར་རྩ་བའི་བླ་མ་འཁྲུལ་ཞིག་རིན་པོ་ཆེའི་དགོན་པ་ཆགས་ཡོད་རེད།  ཆོས་ལུགས་ནི་འབྲུག་པ་བཀའ་བརྒྱུད་ཀྱི་ཆོས་ལུགས་རེད་ལ་གནའ་སྔ་མོ་བོད་དུ་བཤད་གྲྭ་དང་སྒྲུབ་གྲྭ་སྡེ་གཉིས་ཡོད་པའི་ནང་གི་གཙོ་བོ་སྒྲུབ་གྲྭའི་ཁོངས་རེད། རྩ་བའི་བླ་མ་འཁྲུལ་ཞིག་རིན་པོ་ཆེའི་ཆོས་བརྒྱུད་འཛིན་མཁན་རྣམས་སྒྲུབ་པ་བརྒྱབ་ནས་བཞུགས་སྲོལ་ཡོད་པ་དང་། ཁོང་ཚོ་མང་ཆེ་བ་གོས་དཀར་ལྕང་ལོའི་སྡེའི་ཁོངས་རེད། དགུན་དུས་སུའང་མགོ་ལ་རས་ལྕོག་བརྒྱབ་ནས་སྒྲུབ་པ་རྒྱག་པ་དང་། ཡང་སྐུ་ལ་རས་རྐྱང་བཞེས་ནས་གཏུམ་མོའི་རླུང་གི་འཕྲུལ་འཁོར་དང་རྩ་རླུང་ཐིག་ལེའི་སྒོམ་སྒྲུབ་སོགས་ཀྱི་མཚོན་པའི་སྒྲུབ་པ་བསྐྱོན་གྱི་རེད།

            ལོ་དེར་ཡར་འབྲོག་ཁུལ་གྱི་མི་རྣམས་ཀྱིས་ད་ལོ་རས་རྐྱང་རེད་ཟེར་དུས་སྒྲུབ་པ་རྒྱག་མཁན་གྱི་རྣལ་འབྱོར་བ་ཚོས་དགུན་དུས་གནམ་གཤིས་ཧ་ཅང་གྲང་མོ་ཡོད་པས་ཡར་འབྲོག་མཚོ་དང་། མཚེའུ་དང་། ཆུ་མིག་དང་། ཆུ་ཕྲན་སོགས་ཚང་མ་འཁྱག་པ་ཆགས་ཀྱི་རེད། དེ་དུས་གྲུབ་ཐོབ་ཚོས་འཁྱག་པའི་སྟེང་དུ་ཤིང་ཤུག་པ་དང་སོགས་ཀྱིས་མཐའ་བསྐོར་ནས་དེའི་དཀྱིལ་དུ་ཁྱི་ལྤགས་ཞིག་གདན་དུ་བཏིང་ནས་རྩ་རླུང་སྒོམ་སྒྲུབ་བྱས་པའི་སྐབས་སུ། གནམ་གཤིས་གྲང་མོ་ག་ཚོད་ཆགས་ནའང་ཁོང་ཚོའི་མཐའ་བསྐོར་དང་གཡས་གཡོན་གྱི་ཆུ་མིག་དང་འཁྱག་པ་རྣམས་བཞུས་ནས་འཁྱག་པ་ཆགས་མི་ཐུབ་པ་རེད། 

            དེ་བཞིན་ཡར་འབྲོག་བསམ་ལྡིང་དགོན་དུ་རྡོ་རྗེ་ཕག་མོ་སྐུ་གོང་མ་དེ་བཞུགས་གནང་གི་ཡོད་པ་རེད། བསམ་ལྡིང་དགོན་པའི་ཆོས་ལུགས་ནི་བོ་དོང་གི་ཆོས་བརྒྱུད་རེད། རྡོ་རྗེ་ཕག་མོ་ནི་བོད་ཀྱི་བུད་མེད་ཀྱི་སྤྲུལ་པའི་སྐུ་རྩ་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པ་མ་ཟད་རྒྱལ་ཡུམ་རྡོ་རྗེ་ཕག་མོ་དངོས་ཀྱི་རྣམ་སྤྲུལ་ཞིག་ཡིན་པར་དད་པ་བྱས་ཀྱི་རེད། རྡོ་རྗེ་ཕག་མོ་སྐུ་གོང་མ་དེ་དག་རྟེན་བུད་མེད་ཅིག་ཡིན་པ་དང་ཁོང་གིས་སྒོམ་སྒྲུབ་ཉམས་ལེན་གནང་གི་ཡོད་སྟབས་བུད་མེད་སྤྱིར་བཏང་དང་གཏན་ནས་མི་འདྲ་བར་ཟླ་མཚན་ཡང་སྣ་ནས་འཛག་གི་ཡོད་པས། རྡོ་རྗེ་ཕག་མོའི་ཟླ་མཚན་ལ་ཟླ་བའི་ཤངས་ཁྲག་ཅེས་ཡར་འབྲོག་ཁུལ་དུ་ཡོངས་གྲགས་སུ་བཤད་སྲོལ་ཞིག་གནའ་སྔ་མོ་ནས་ཡོད། ད་དུང་རྡོ་རྗེ་ཕག་མོས་དགུན་དུས་གནམ་གཤིས་ཧ་ཅང་གྲང་མོ་ཆགས་ནས་ས་ཆུ་སོགས་འཁྱག་པ་བརྒྱབ་པའི་དུས་དེར་བོད་ཀྱི་ལོ་ཐོའི་ནང་གསལ་ལྟར་དགུན་དུས་གྲང་མོ་ཆགས་པའི་ཚད་གཞི་ལ། དགུ་དང་པོ། དགུ་གཉིས་པ། དགུ་གསུམ་པ་འདྲེན་པའི་དུས་དེར་ཁོང་གིས་སྐུ་ལུས་ལ་རས་སྲབ་མོ་ཞིག་གྱོན་ནས་ཆོས་འཁོར་སྒོམ་སྒྲུབ་གནང་གི་ཡོད་སྟབས། དེའི་སྐབས་སུ་ཡར་འབྲོག་གི་མི་རྣམས་ཀྱིས་རྡོ་རྗེ་ཕག་མོའི་སྒོམ་སྒྲུབ་ཉམས་ལེན་ལ་ངོ་མཚར་ཆེ་བའི་དད་པ་སྐྱེས་ནས་མང་ཁྲོད་དུའང་གཞས་ཚིག་ཅིག་དར་ཁྱབ་བྱུང་ཡོད་རེད། ཡར་འབྲོག་སྒང་གི་མི་ཚོ། །ཨ་ཆུ་འཁྱགས་ཀྱི་མ་ཟེར། །བསམ་ལྡིང་རྡོ་རྗེ་ཕག་མོ། །འཇའ་འོད་སྒོམ་གྱིས་དྲོད་ཡོད། །ཟེར་བའི་གཞས་ཚིག་གཏོང་སྲོལ་ཞིག་ཡོད་པ་རེད།

            རྡོ་རྗེ་ཕག་མོའི་ཡང་སྲིད་གང་དུ་འཁྲུངས་ན་ཡང་སྤྲུལ་སྐུ་རྡོ་རྗེ་ཕག་མོའི་ཡང་སྲིད་འཁྲུལ་བྲལ་ཡིན་པའི་རྟགས་མཚན་ལ་སྐུའི་མཇིང་པའི་རྒྱབ་ཏུ་ཕག་ཟེ་འདྲ་བའི་སྤུ་ངོ་མཚར་ཅན་ཞིག་ལྡན་པ་མི་ཚང་མར་མཇལ་རྒྱུ་ཡོད་ཅེས་བཤད་སྲོལ་འདུག  གང་ལྟར་ཡང་སྐྱེས་ཆེན་དམ་མ་ཁོང་ནི་བོད་ཀྱི་ལོ་རྒྱུས་ཐོག་ནས་བཤད་ན་བུད་མེད་ཀྱི་བླ་སྤྲུལ་རྩ་ཆེན་ཞིག་དང་རྟོགས་པ་མཐོན་པོར་སོན་པའི་སྐྱེས་ཆེན་མ་ཞིག་ཡིན་སྟབས་ཁོང་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་རྣམ་སྤྲུལ་ཡིན་པ་ནི་བོད་ཡོངས་ལ་ཡོངས་གྲགས་རེད། ཁོང་གི་ཡང་སྲིད་དེ་བུད་མེད་གཞན་དང་མི་ནོར་བ་དང་འཁྲུལ་བྲལ་ཡིན་པའི་ངེས་ཤེས་སུ་ད་དུང་རྟགས་མཚན་གཞན་དག་ཀྱང་ཡོད་རེད། དེ་ནི་སྐུ་ནར་སོན་ནས་ཟླ་ཁྲག་དེ་མོ་མཚན་ནས་མ་ཟགས་པར་ཤངས་ནས་ཐོན་གྱི་ཡོད་པ་དང་། དགུན་དུས་ས་ཆུ་འཁྱགས་པའི་སྐབས་སུའང་རི་རྩེར་སྐུ་ལུས་ལ་རས་རྐྱང་སྤྲས་ཏེ་སྐུ་མཚམས་སུ་བཞུགས་ཐུབ་པ་སོགས་རྟགས་དང་མཚན་མ་མི་འདྲ་བ་དེ་འདྲ་ཞིག་ཡོད་རེད།

            དེ་ནས་ཡར་འབྲོག་གྲོང་མདའ་རུ་ཀ་ཐོག་དགོན་དང་ཆོས་འཁོར་དགོན་ཞེས་བཀའ་བརྒྱུད་ཀྱི་དགོན་པ་དང་། ཡར་འབྲོག་དགའ་ལྡན་དུ་འདུས་ཆེན་བསྟན་པའི་ཉི་མའི་དགོན་དགའ་ལྡན་རི་དགོན་ཞེས་བོ་དོང་ལུགས་ཀྱི་དགོན་པ་ཞིག་ཡོད་པ་རེད།  དགོན་པ་དེའི་བླ་མ་འབྲོག་དགེ་ལྡན་རིན་པོ་ཆེ་སྐུ་གཤེགས་ནས་ཡང་སྲིད་བཙལ་བའི་སྐབས་སུ་ཡུལ་གང་དུ་འཁྲུངས་ན་ཡང་དེར་ཁྱི་དམར་པོ་ཞིག་རྟག་ཏུ་གནས་སྡོད་བྱེད་ཀྱི་ཡོད་པ་རེད།  དེ་ནས་ཡང་དགའ་ལྡན་གླིང་པ་ཞེས་བྱ་བ་ཞིག་ཡོད་པ་དེ་ཆོས་ལུགས་རྙིང་མ་རེད།  དེ་ནས་ཡང་སྟེང་དགོན་ཞེས་ལྷ་ལུང་གི་དགོན་ལྷག་གཅིག་དང་། དཔལ་རི་གླིང་དགོན། དེ་ནས་ཡུམ་བུ་རྡོའི་དགོན་ཞེས་མཚོ་གླིང་དུ་ཆགས་པའི་རྙིང་མའི་དགོན་སྡེ་ཞིག་ཡོད། ཡུམ་བུ་རྡོའི་དགོན་གྱི་བླ་མ་དེའི་ཡང་སྲིད་རྩད་གཅོད་བྱས་སྐབས་ཡང་སྲིད་འཁྲུལ་འབྲལ་གང་དུ་སྐུ་འཁྲུངས་པའི་ཁྱིམ་ཚང་དེའི་ཐོག་ཁར་རྟག་ཏུ་སྲིན་བྱ་ཞིག་བབས་ཏེ་བསྡད་ཀྱི་རེད། ཡང་སྲིད་དགོན་པར་ཁྲི་འདོན་ཞུས་རྗེས་སྲིན་བྱ་དེ་ཡང་ཁོང་དང་མཉམ་དུ་དགོན་པར་བསྡད་ཀྱི་ཡོད་པའི་རྟགས་དང་མཚན་མ་ཁྱད་མཚར་དེ་འདྲ་ཞིག་ཡོད་རེད། རི་རྡོ་དགོན་ཟེར་བ་མཚོའི་དཀྱིལ་དུ་ཆགས་པའི་དཔལ་ས་སྐྱའི་དགོན་སྡེ་ཞིག་ཡོད་པ་རེད། དེ་ནས་གླིང་རྫོང་དུ་དབང་པོའི་དགོན་ལྷག་ལྷ་སའི་གུང་ཐང་གི་ཆོས་གཞིས་ལ་སོགས་པའི་དགོན་སྡེ་ཆེ་ཆུང་མང་པོ་ཞིག་ཡོད།  ཡར་འབྲོག་ཁུལ་གྱི་མི་རྣམས་ཀྱིས་རྙིང་མ་ས་སྐྱ་བཀའ་བརྒྱུད་དགེ་ལུགས་ཀྱི་བླ་མ་སུ་ཞིག་བྱོན་ནའང་ཚང་མས་དད་པ་དང་གུས་བརྩི་ཆེན་པོ་བྱས་ཀྱི་རེད། ཡུལ་དེར་ཁྱད་ཆོས་བཟང་ཤོས་ཤིག་ཡོད་པ་ནི་མི་རྣམས་སེམས་པ་བཟང་ལ་ཆོས་ལུགས་རིས་མེད་ཡིན་ཙང་ཡར་འབྲོག་ཏུ་རྙིང་མ། བོན་པོ། ས་སྐྱ། བཀའ་བརྒྱུད། བོ་དོང་། ཇོ་ནང་། དགེ་ལུགས་སོགས་ཆོས་ལུགས་ཚང་མའི་དགོན་སྡེ་དང་བླ་མ་སོགས་ཡོད་པ་རེད།

            ང་ལོ་བཅུ་གསུམ་ཐོག་ཡར་འབྲོག་ལྷུན་པོ་གཞོལ་ཆོས་གླིང་ནས་ལྷོ་ཁ་བཤད་སྒྲུབ་གླིང་དགོན་དུ་ཆོས་ཞུགས་བྱས་པ་ཡིན།  ལོ་དེར་ལྷ་ལྡན་སྨན་རྩིས་ཁང་དུ་སྨན་གྱི་སློབ་གཉེར་དུ་གཏོང་གནང་མཛད་ཅིང་དགེ་བའི་བཤེས་གཉེན་ཆེན་མོ་སློབ་དཔོན་མཁྱེན་རབ་ནོར་བུ་མཆོག་མཇལ་བའི་བསྐལ་བ་བཟང་པོ་ཐོབ། ཐེངས་དང་པོ་ཞལ་མཇལ་ཞུ་བའི་ཉིན་མོ་དེར་ཁོང་གི་ཞལ་སྔ་ནས་ཁྱེད་རང་ལོ་ག་ཚོད་ཡིན་ནམ་ཞེས་ཐོག་མར་ང་ལ་བཀའ་འདྲི་གནང་བྱུང་། ངས་ལོ་བཅུ་གསུམ་ཡིན་ཞེས་ཞུས་པ་ཡིན། དེ་ནས་ཁོང་གིས་ཡུད་ཙམ་ཞིག་ཐུགས་བསམ་བཞེས་རྗེས་ཁྱེད་རང་ལོ་བཅུ་གསུམ་ཡིན་ན་ལོ་རྟགས་དེ་ཡོས་རེད། དཔེ་ཡག་པོ་རེད། ཁྱེད་རང་རབ་བྱུང་བཅུ་དྲུག་པའི་ཕྲུ་གུ་ཞིག་རེད་འདུག  རིགས་ལྡན་ཉེར་གཅིག་པ་མ་འགགས། མེ་ཡོས་ལོ་ཕྱི་ལོ ༡༩༢༧ ལོར་ཁྲི་ལ་འཁོད་པའི་དུས་ཚོད་རྩ་ཆེན་པོ་ཞིག་ཁེལ་གྱི་འདུག རྟགས་དང་རྟེན་འབྲེལ་གྱི་མཚན་མ་ཡག་པོ་ཞེ་དྲགས་འགྲིག་འདུག་ཅེས་ཐུགས་དགྱེས་ཚོར་ཆེན་པོ་མཛད་བྱུང་།

            སྐབས་དེ་དུས་བོད་ཀྱི་མ་དགོན་ཁག་ནས་སྨན་པ་གཅིག་དང་རྩིས་པ་གཅིག་བཅས་ལྷ་ལྡན་སྨན་རྩིས་ཁང་དུ་གཏོང་སྲོལ་ཡོད་པ་ལྟར་ང་ཡང་དེའི་གྲས་ཤིག་ཡིན། ཕལ་ཆེར་དགོན་སྡེ་སོགས་ཡོངས་ནས་སྐབས་དེ་དུས་སྨན་རྩིས་ཁང་དུ་སློབ་ཕྲུག་ཉིས་བརྒྱ་ནས་སུམ་བརྒྱ་བར་ཡོད་རེད། ང་དང་མཁས་དབང་བྱམས་པ་འཕྲིན་ལས་གཉིས་ལོ་ཚད་འདྲ་པོ་རེད། ང་ཚོ་སྨན་དང་རྩིས་སྦྱོང་མཁན་མི་བཞི་རེ་བྱས་ནས་ལྟོ་ཚང་བྱས་ཏེ་བསྡད་པ་རེད། དེ་དུས་ངའི་ཤག་ཚང་ལ་གཙང་བཀྲ་ཤིས་ལྷུན་པོའི་ྋཔཎ་ཆེན་རིན་པོ་ཆེེའི་བླ་སྨན་ཆེད་དུ་ཕེབས་པའི་བཀྲ་ཤིས་ལྷུན་པོའི་རྗེ་དྲུང་ལགས། རྩིས་པ་ཐབས་མཁས་ལགས། འཕྱོང་རྒྱས་ཟླ་བ་ལགས་བཅས་ང་ཚོ་མི་བཞི་རེ་བྱས་ནས་བསྡད་ཀྱི་རེད། ཕན་ཚུན་སྨན་དང་རྩིས་དཀར་ནག་གཉིས་ཀྱི་སྐོར་ལ་འདྲི་བ་དྲིས་ལན། ཕན་ཚུན་སློབ་རེས་དང་རམ་འདེགས་བཅས་བྱས་ཏེ་བསྡད་ཀྱི་རེད། ཡང་སློབ་གྲྭའི་བྱེད་སྒོ་ཁག་དང་། ཆུ་ལེན་པ། ཐབ་ཚང་གི་ལས་ཀ་སོགས་རེས་མོས་བརྒྱབ་ནས་བྱས་དགོས་རེད། སྤྱིར་བཏང་སློབ་དཔོན་མཁྱེན་རབ་ནོར་བུ་མཆོག་སྨན་དང་རིག་གནས་ཙམ་མ་ཟད་བོད་ཀྱི་སྐར་དཔྱད་རྩིས་རིག་པའི་སྐོར་ལའང་མཁྱེན་རྒྱ་ཧ་ཅང་ཆེན་པོ་རེད། ཡིན་ནའང་རྩིས་ཀྱི་དགེ་རྒན་མཁས་པ་ཞིག་ཟུར་དུ་ཡོད་རེད།  ཁོང་གི་མཚན་ལ་རྩིས་དགེ་ཡེ་ཤེས་ཆོས་འཕེལ་རེད། ཕ་ཡུལ་སྙེ་མོ་ནས་རེད།  

            རྒྱུན་དུ་ཉིན་རེའི་སློབ་གྲྭའི་བྱེད་སྒོ་ཁག་ནི། དང་པོ།  ཞོགས་པ་སྔ་པོ་ནས་ཡར་ལངས་དགོས།  ཆུ་ཚོད་བཞི་པ་ཙམ་ནས་དྲིལ་བརྡ་བརྡུངས་པ་དང་སློབ་ཕྲུག་ཚང་མ་ཚོགས་ཁང་དུ་འགྲོ་དགོས། དེ་དུས་གློག་མེད་ཙང་མི་བཞི་རེའི་འཁྲིས་སུ་ཞུན་མར་རེ་སྤར་ཡོད། ཞུན་མར་དེ་ཡང་གཞུང་ནས་གནང་གི་ཡོད་པ་དང་ང་ཚོ་ཕྲུ་གུ་ཚོས་རེ་མོས་བྱས་ཏེ་ཞུན་མར་སྤར་དགོས། བདག་བྱེད་ཡག་པོ་མ་བརྒྱབ་པ་ལས་ཞུན་མར་གསལ་པོ་མེད་པ་དང་འཕྲོ་བརླག་ཏུ་སོང་ན་ཉེས་ཆད་བཏང་གི་རེད།  དེ་ཡང་ཞུན་མར་གཅིག་ཤི་ན་སྐར་མ་ལྔ་དང་། གཉིས་ཤི་ན་ཞོ་གང་། དེ་ནས་བཞི་ཤི་ན་ཊམ་ཀ་གཅིག་བཅས་ཉེས་པ་ཆེ་ཆུང་དེ་འདྲ་གཏོང་སྲོལ་ཡོད།  དེ་ནས་ཤེས་རབ་ཀྱི་བློ་འཕེལ་བའི་ཕྱིར་དུ་གང་གི་བློ་གྲོས་མ་དང་ཨ་ར་པཱ་ཛ་བཏོན་ཏེ་གཞི་ནས་དཔེ་ཆ་བློ་འཛིན་བྱས་དགོས། བློ་འཛིན་གང་བྱས་པ་དེ་རྒན་བདག་ལ་རྒྱུགས་འབུལ་དགོས་ལ་རྒན་བདག་གིས་ཀྱང་སང་ཉིན་བློ་འཛིན་བྱ་རྒྱུའི་དཔེ་ཆ་དེ་འཁྲིད་གནང་གི་རེད། གལ་སྲིད་དཔེ་ཆ་བློ་འཛིན་ཡག་པོ་མ་བྱས་ན་ང་ཚོར་ཉེས་ཆད་བཏང་གི་རེད། སྐབས་དེ་དུས་ཉེས་བརྡུང་ཡང་གཏོང་སྲོལ་ཡོད་པ་ཞིག་རེད།

            གཉིས་པ། ཞོགས་ཟས་དང་ཞོགས་ཇའི་བར་གསེང་ཚར་བའི་རྗེས་སུ་སྨན་རྩིས་སློབ་ཕྲུག་རྣམས་སློབ་ཁང་དུ་ཚང་འཛོམས་བྱས་དགོས། དེ་ནས་སྨན་དང་རྩིས་ཀྱི་དགེ་རྒན་ཚོས་དཔེ་འཁྲིད་གནང་གི་རེད་ལ་དོགས་གཅོད་དགོས་རིགས་རྣམས་གསལ་བཤད་བསྐྱོན་གྱི་རེད།  དེ་ཚར་བ་དང་སློབ་གྲྭའི་བར་གསེང་གང་ཙམ་ཞིག་ངལ་གསོ་བརྒྱབ་རྒྱུ་ཡོད། 

            གསུམ་པ།  དེའི་རྗེས་སུ་ཡང་བསྐྱར་མཉམ་འཛོམས་བྱས་དགོས། དེའི་སྐབས་སུ་ཡིག་གཟུགས་སྦྱོང་བརྡར་དང་། སྨན་སློབ་ཚོས་སྨན་གྱི་སྡོང་འགྲེམས་རྒྱག་དགོས། རྩིས་སློབ་ཚོས་ས་གཞོང་ཁྱེར་ནས་ས་རིས་རྒྱག་དགོས་པ་རེད།  སློབ་ཚན་དེ་གྲོལ་བའི་མཚམས་སུ་གཞི་ནས་ཉིན་གུང་གི་གསོལ་ཚིགས་འདེགས་འབུལ་ཞུ་བ་རེད།

            བཞི་པ།  ཉིན་རྒྱབ་བཞེས་ལག་མཆོད་ཚར་བ་དང་སྨན་དང་རྩིས་ཀྱི་སློབ་ཕྲུག་རྣམས་མཉམ་དུ་ཚོགས་ཁང་དུ་འཛོམས་དགོས། དེ་དུས་སློན་དཔོན་མཁྱེན་རབ་ནོར་བུ་མཆོག་གིས་ང་ཚོ་སྨན་རྩིས་སློབ་མ་ཡོངས་ལ་སྤྱི་ཡོངས་སུ་སྨན་དང་རྩིས་སོགས་ཀྱི་བཀའ་སློབ་དང་སློབ་འཁྲིད་གནང་གི་རེད། ཁོང་གིས་མི་སྒེར་གཅིག་ལ་དམིགས་སུ་བཀར་ནས་སློབ་འཁྲིད་མི་མཛད་པར་སྨན་རྩིས་སློབ་མ་སྤྱི་ཡོངས་ལ་དམིགས་ཏེ་བཀའ་སློབ་གནང་གི་ཡོད།  ཡིན་ནའང་ཞོགས་པ་རྩ་ཆུའི་བརྟག་ཐབས་དང་ནད་སྨན་སྤྲོད་སྟངས་ཀྱི་སློབ་འཁྲིད་གནང་སྐབས་སློབ་ཕྲུག་སྒེར་ལ་དམིགས་ནས་ལག་ལེན་དམར་ཁྲིད་གནང་གི་རེད་ལ་བཀའ་སྐྱོན་ཡང་ཚད་མེད་ཅིག་གནང་གི་རེད།

            ལྔ་པ། བཀའ་སློབ་ཚར་བའི་རྗེས་སུ་ངལ་གསོའི་བར་གསེང་གང་ཙམ་ཞིག་བརྒྱབ། དེ་ནས་ཡང་བསྐྱར་སློབ་ཚན་འགོ་འཛུགས་བྱས་ཀྱི་རེད། དེའི་སྐབས་སུ་གཙོ་བོ་དེ་ཞོགས་པ་སོ་སོའི་རྒན་བདག་གིས་དཔེ་འཁྲིད་བརྒྱབ་པའི་དཔེ་ཆ་བློ་འཛིན་གང་བྱེད་དགོས་པ་དག་ཡང་ཡང་ཐེངས་མང་པོར་བཀླགས་དགོས། ཇི་ཙམ་ཐེངས་མང་པོར་བཀླགས་ན་དེ་ཙམ་གྱིས་ལྕེ་ལ་བདེ་པོ་ཆགས་པ་དང་སྦྱོང་བརྡར་ཐེབས་ནས་སང་ཉིན་ཞོགས་པར་བློ་འཛིན་བྱ་དུས་ལས་སླ་པོ་ཆགས་ཏེ་བློ་འཛིན་གཏོང་ཐུབ་པ་ཡིན། དེ་ནི་གཙོ་བོ་དཔེ་ཆ་བློ་འཛིན་གྱི་སློབ་ཚན་ལྟ་བུ་རེད།

            དྲུག་པ། དགོང་དྲོ་སྨན་རྩིས་གཉིས་ཀྱི་སློབ་ཕྲུག་རྣམས་ངལ་གསོ་ཅུང་ཟད་བརྒྱབ་པའི་རྗེས་སུ་སྨན་གྱི་རྒྱུད་གསུམ་གང་བློ་ལ་བཟུང་བ་དག་སྙན་པའི་དབྱངས་ཀྱིས་རྟ་བཏང་ནས་ངག་སྐྱོར་བྱས་དགོས། དཔེ་ཆ་གང་བློ་ལ་བཟུང་བ་རྣམས་མ་བརྗེད་པ་བྱས་དགོས། གང་ཡིན་ཟེར་ན། སོ་སོའི་རིག་སྟོབས་ལ་གཞིགས་ཏེ་རྗེས་སུ་འཐོན་རྒྱུགས་སྐབས་སུ་རྒྱུད་བཞི་དང་སྨན་སྦྱོར་གྱི་ནུས་པ་སོགས་རྒྱུགས་འབུལ་ཞུ་དགོས་ཙང་། ཡང་ནས་ཡང་དུ་སྦྱོར་བརྡར་བྱས་པ་དེས་ཁྱད་པར་ཆེན་པོ་བཟོ་ཐུབ་པ་ཡིན།

            བདུན་པ། གུང་གསེང་སྐོར་ནི་ལོ་གསར་སྐབས་ཉིན་ཤས་གུང་གསེང་ཡོད། དུས་ཆེན་ཆེ་གྲས་ཁག་དང་། ཟླ་རེའི་ཚེས་བཟང་སྐབས་སུ་གུང་གསེང་ཡོད་པ་ལས་དེང་སང་ནང་བཞིན་རེ་གཟའ་སྤེན་པ་དང་ཉི་མ་ལྟ་བུ་དུས་རྟག་པར་ཡོད་མ་རེད། ཡང་སོ་སོའི་ནང་དུ་གནས་ཚུལ་འདྲ་བྱུང་སྟེ་དགོངས་པ་ཞུས་ན་ཡང་དགོངས་པ་གནང་གི་རེད། ཡིན་ནའང་དཔེ་ཆ་ཏག་ཏག་བློ་འཛིན་གཏོང་ཐུབ་པ་དགོས་ལ་རྗེས་མ་ཐོན་རྒྱུགས་ཆེན་མོ་གཏོང་ཐུབ་པ་དགོས།

            དེ་དུས་ང་ཚོའི་རྒན་བདག་ལ་རྒན་འབྲི་གུང་ཟེར་བའི་དགེ་རྒན་ནན་པོ་ཞེ་དྲགས་ཤིག་ཡོད་པར་བརྟེན་སློབ་ཕྲུག་ཚང་མས་ཞེ་སྣང་ཞེ་དྲགས་བྱས་ཀྱི་རེད། ངས་ངག་རྒྱུགས་ཕུལ་དུས་མཚམས་རེར་ཡག་པོ་མ་བྱུང་ན་ཉེས་ཆད་གཏོང་གི་ཡིན་ཞེས་གསུངས་པ་མ་གཏོགས་ང་ལ་དངོས་སུ་ཉེས་ཆད་བཏང་མྱོང་མེད། རྒན་བདག་ཁོ་རང་ཆོས་ལུགས་འབྲི་གུང་བཀའ་བརྒྱུད་པ་ཡིན་སྟབས་ངའི་རིགས་བརྒྱུད་ཀྱང་བླ་མ་མར་པའི་དངོས་སློབ་རྔོག་ཆོས་སྐུའི་གདུང་བརྒྱུད་ལས་མཆེད་པ་ཡིན་ཙང་ང་ལ་དམིགས་གསལ་གྱིས་ཐུགས་མཉེས་པོ་མཛད་ཀྱི་ཡོད། ང་ལ་ཆ་མཚོན་ན་ཞོགས་པའི་རྒྱུགས་ཕུལ་ཚར་བ་དང་དེ་ནས་རང་ཤག་ཏུ་ལོག་ནས་ཞོགས་ཟས་ཟོས་རྗེས་ཁང་ཐོག་ཏུ་ཕྱིན་ནས་བསང་མཆོད་ཀྱི་དཔེ་ཆ་རི་བོ་བསང་ཆོས་ཟེར་བ་དེ་གཏོང་དགོས།  དེ་ཡང་བོད་ཚེས་བཅོ་ལྔ་མ་བསླེབས་བར་དུ་འཆར་ཅན་བྱས་ནས་བསང་ཆོས་དེ་བཏང་གི་རེད། དེ་ནས་ཡང་དགོང་དྲོ་བློ་འཛིན་བྱེད་རྒྱུ་དང་རྩ་ཆུ་སོགས་སྨན་གྱི་བགྲོ་གླེང་དང་འདྲི་བ་དྲིས་ལན་བྱས་སྲོལ་ཡོད་པ་རེད། སྐར་རྩིས་པ་ཚོ་ཡང་གཅིག་མཚུངས་སུ་སོ་སོའི་རྩིས་ཀྱི་ས་གཞོང་ཁྱེར་ནས་རྩིས་ཀྱི་སློབ་གཉེར་བྱས་དགོས་རེད།  ངའི་སྨན་གྱི་དགེ་རྒན་གཙོ་གྲས་ཁག་ནི་བླ་སྨན་སྐུ་བགྲེས་བཀྲས་ཁང་བྱམས་པ་ཐུབ་དབང་མཆོག་དང་།  སློབ་དཔོན་མཁྱེན་རབ་ནོར་བུ་མཆོག་དང་། འཕྱོང་རྒྱས་དཔལ་རི་ནས་ཡིན་པའི་སྨན་དགེ་བློ་གྲོས་ཕུན་ཚོགས་མཆོག་དང་།  ལྷོ་ཁ་གསུང་རབ་གླིང་ནས་ཡིན་པའི་སྨན་དགེ་ཆོས་འབྱོར་ཡོན་ཏན་མཆོག་དང་། དེ་བཞིན་རྩིས་ཀྱི་དགེ་རྒན་ལ་རྩིས་དགེ་ཡེ་ཤེས་ཆོས་འཕེལ་མཆོག་དང་། རྩིས་དགེ་ཚེ་རིང་ཆོས་འབྱོར་མཆོག་བཅས་ཡིན།  

            དེའི་དུས་སྐབས་སུ་ང་ཚོ་སྨན་སློབ་ནང་ཁུལ་དུ་སྨན་གྱི་ཐོག་ལ་གཅིག་གིས་གཅིག་ལ་ང་རྒྱལ་དང་ཞེ་སྡང་ཞེ་དྲགས་ཡོད་རེད། དཔེར་ན་སྨན་གྱི་སློབ་ཕྲུག་ཅིག་སློབ་སྦྱོང་ཡག་པོ་བྱས་ཏེ་མགྱོགས་པོ་ཐོན་གྲབས་ཡོད་ན་ཕྲུ་གུ་གཞན་ཚོས་ཀྱང་དེ་ལ་མ་དགའ་བ་བྱས་ཏེ་ཕྲག་དོག་ཞེ་དྲགས་བྱས་ཀྱི་རེད།  སྐབས་དེ་དུས་སློབ་དཔོན་མཁྱེན་རབ་ནོར་བུ་མཆོག་གིས་སྨན་ཙམ་མ་ཟད་གཡུ་ཐོག་རྙིང་ཐིག་དང་། རིག་གནས། བརྡ་སྤྲོད་པའི་གཞུང་སོགས་སློབ་འཁྲིད་གནང་བ་དང་སྨན་དགེ་གཞན་ཚོས་ཀྱང་སྲོལ་རྒྱུན་གྱི་དཔེ་འཁྲིད་ཡག་པོ་གནང་གི་རེད། ང་ཚོས་རྩིས་ཀྱི་སྐོར་ལ་ཆེད་དུ་དམིགས་ནས་སློབ་སྦྱོང་བྱས་ཀྱི་མེད་ནའང་སྐབས་དེའི་སྨན་སློབ་ཚོས་ཀྱང་བོད་ཀྱི་སྐར་དཔྱད་རྩིས་རིག་སྐོར་ལ་དོ་སྣང་བྱས་ནས། རྩིས་དགེ་དང་རྩིས་ཀྱི་སློབ་ཕྲུག་ཕན་ཚུན་དབར་སློབ་རེས་དང་ལྷག་པར་དུ་སོ་སོའི་ཤག་ཚང་གི་ནང་དུ་ཡོད་པའི་རྩིས་སློབ་དང་མཉམ་དུ་བོད་ཀྱི་རྩིས་རིག་པའི་སྐོར་ལ་སློབ་སྦྱོང་བྱས། ད་དུང་སྔ་དགོང་གཉིས་སུ་ཤག་ནང་དུ་འདྲི་བ་དྲིས་ལན་སོགས་བྱས་ཀྱི་ཡོད་པ་སོང་ཙང་སྐབས་དེའི་སྨན་སློབ་ཚོས་ཀྱང་རྩིས་ཀྱི་སྐོར་ཤེས་ཀྱི་རེད།

            དེ་སྔ་ང་ཚོ་སྨན་གྱི་སློབ་སྦྱོང་བྱས་དུས་སྨན་གྱི་གཞུང་ཚད་དེ་སྨན་པ་བཀའ་བཅུ་པའི་ཚད་རེད། སྨན་པ་ཡིན་ན་སློབ་ཚན་གཙོ་བོ་སྨན་གྱི་རྒྱུད་བཞི་དང་། སྡེ་སྲིད་ཀྱིས་མཛད་པའི་འགྲེལ་པ་བཻ་སྔོན། སྨན་གྱི་སྡོང་འགྲེམས། བྱང་ཁོག་ཡུལ་ཐིག ནད་སྨན་སྤྲོད་པའི་ཉམས་ཡིག སྨན་སྦྱོར་ནུས་པ། སྨན་རྩིས་ཆོས་སྤྱོད། ཇོ་བོ་རྗེའི་བྱང་ཆུབ་ལམ་སྒྲོན། ཀླུ་སྒྲུབ་ཀྱི་ཤེས་སྤྲིངས་བཅས་རེད། སྐར་རྩིས་པ་ཡིན་ན་འབྱུང་རྩིས་མན་ངག་ཟླ་བའི་འོད་ཟེར། སྐར་རྩིས་ཀྱི་སྔོན་འགྲོ།  ལྔ་པ་འཕྲོད། དུས་སྦྱོར། དབྱངས་འཆར། བག་རྩིས། གཤིན་རྩིས་ལ་སོགས་པ་མང་པོ་ཡོད་རེད། རིག་གནས་སློབ་འཁྲིད་ལ་སུམ་ཅུ་པ་དང་། རྟགས་འཇུག་དང་། ལེགས་བཤད་ལྗོན་དབང་དང་། ལོ་རྒྱུས་སོགས་ཡོད་པ་རེད། ྋརྒྱལ་མཆོག་སྐུ་འཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་དཔལ་བཟང་པོའི་བླ་སྨན་པ་དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་མཆོག་གིས་མན་ངག་བཀའ་བརྒྱ་མ་པོད་གཉིས་དང་། མན་ངག་རྒྱུད་ཀྱི་འགྲེལ་པ། ཕྱི་རྒྱུད་ཀྱི་མཆན་འགྲེལ་མུན་སེལ་སྒྲོན་མེ་ལ་སོགས་པའི་སྨན་གྱི་དཔེ་ཆ་གསར་རྩོམ་དང་འགྲེལ་པ་བསྐྱོན་པ་སོགས་གནང་ཏེ་མཚན་ལའང་ཕྱིས་སུ་དར་མོ་སྨན་རམས་པ་ཞེས་སྨན་རམས་པའི་མཚན་གནས་གནང་བ་རེད་མ་གཏོགས་དེ་མིན་སྨན་རམས་པའི་གོ་མིང་གནང་སྲོལ་མེད་པ་རེད།  སྨན་རམས་པ་ཞིག་ཡིན་ཕྱིན་ཆད་ལ་ངེས་པར་དུའང་སྨན་གཞུང་ཡག་པོ་གཅིག་གསར་རྩོམ་གནང་དགོས་པ་རེད། བླ་སྨན་མཁྱེན་ནོར་བུ་ཡང་ཧ་ཅང་གི་མཁས་པ་ཆེན་པོ་ཞིག་ཡིན་ནའང་སྨན་རམས་པའི་གོ་མིང་འབོད་སྲོལ་མེད། དེང་སང་སྨན་གཞུང་གསར་རྩོམ་སོགས་གང་ཡང་བྱས་མེད་ནའང་སྨན་རམས་པ་ཟེར་བའི་སྨན་པ་མང་པོ་ཞིག་ཐོན་ཡོང་གི་འདུག  ང་རང་ལ་མཚོན་ན་ང་ནི་སྨན་པ་བཀའ་བཅུ་པ་ཆུང་ཆུང་ཞིག་ཡིན་བསམས་པའང་ཁྱོན་ནས་དྲན་གྱི་མེད།

ས་བཅད་བཞི་པ། དགེ་བའི་བཤེས་གཉེན་ཆེན་མོ་བླ་སྨན་མཁྱེན་རབ་ནོར་བུ་མཆོག

            ངའི་དགེ་བའི་བཤེས་གཉེན་ཆེན་མོ་བླ་སྨན་མཁྱེན་རབ་ནོར་བུ་མཆོག་གི་ལོ་རྒྱུས་ཅུང་ཟད་ཅིག་མཚམས་འདིར་ངོ་སྤྲོད་ཞུས་པ་ཡིན་ན།  ཁོང་ནི་ལྷོ་ཁ་རྩེད་ཐང་བྱ་ས་ལྷ་ཁང་གི་ཉེ་འཁྲིས་སུ། བོད་རྒྱལ་ལོ་ ༢༠༡༠ རབ་ཚེས་ཆུ་ལུག་དང་། ཕྱི་ལོ ༡༨༨༣ ལོར། ཡབ་ཀྲང་ལགས་དང་ཡུམ་དབྱངས་ཅན་ཞུ་བ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་པ་རེད། སྐབས་དེར་ཁོང་གི་ཡབ་ནི་ལྷོ་ཁ་ཁུལ་དུ་སྐད་གྲགས་ཡོད་པའི་བོད་ཀྱི་སྐར་དཔྱད་རྩིས་རིག་སྨྲ་བ་ཞིག་རེད། དེར་བརྟེན་མི་ཚོས་ཁོང་ལ་ལྷོ་ཁའི་རྩིས་པ་སེ་ཡང་མགོ་ལེབ་ཅེས་ལབ་ཀྱི་ཡོད་པ་རེད། ལྷོ་ཁའི་རྩིས་ལ་མཁས་པ། །རྩིས་པ་སེ་ཡང་མགོ་ལེབ། །ཅེས་སྐབས་དེ་དུས་ཁོང་གི་ཡབ་དེ་རྩིས་ཀྱི་ཐོག་ལ་སྐད་གྲགས་ཡོད་ཙང་མང་ཁྲོད་དུའང་མི་ཚོས་ལབ་སྲོལ་དེ་འདྲ་ཞིག་འདུག  བྱས་ཙང་ཁོང་སྐུ་འཁྲུངས་མ་ཐག་ཏུ་ཡབ་དེས་རྩིས་བསྐོར་ནས་བུ་འདི་གྲྭ་པ་ཞིག་བཟོ་ན་ཡག་པོ་ཡོང་བ་རྩིས་འབྲས་སུ་ལུང་བསྟན་བྱུང་ཏེ་ཁོང་ལྷོ་ཁ་རྩེད་ཐང་ལྔ་མཆོད་གྲྭ་ཚང་དུ་གྲྭ་པ་བཟོས་པ་རེད།  དེ་དུས་སྐབས་སུ་སྨན་རྩིས་ཁང་ཟེར་བ་དེ་མེད་སྟབས་ལྕགས་པོ་རིའི་གྲྭ་རྒྱུན་དུ་ཕེབས་པ་རེད།  ལྷ་སའི་ལྕགས་པོ་རིར་ཕེབས་ནས་དགེ་བའི་བཤེས་གཉེན་དུ་མའི་ཞབས་རྡུལ་སྤྱི་བོར་བླངས་ནས་སྨན་རྩིས་རིག་གནས་དང་བཅས་པར་མཁས་པར་གྱུར་བ་རེད།  སྨན་ཐོན་པ་དང་དཔལ་ལྡན་འབྲས་སྤུངས་སུ་ཕེབས་ནས་འབྲས་སྤུངས་དགོན་པའི་སྨན་སྦྱིན་གྱི་ཕྱག་ལས་གནང་བ་རེད།

            དེ་ནས་བོད་རྒྱལ་ལོ་ ༢༠༤༥ རབ་ཚེས་ས་རྟ་དང་། ཕྱི་ལོ་ ༡༩༡༨ ལོར། བླ་སྨན་གཞོན་པ་བྱ་ཕུག་དམ་ཆོས་དཔལྡན་དགོངས་པ་ཞུས་པའི་ཚབ་ཏུ། ྋརྒྱལ་མཆོག་སྐུ་འཕྲེང་བཅུ་གསུམ་པ་ཆེན་པོས་སློབ་དཔོན་མཁྱེན་རབ་ནོར་བུ་མཆོག་སྐུའི་བླ་སྨན་གཞོན་པར་བསྐོ་བཞག་གནང་བ་ལྟར་བླ་སྨན་པའི་ཞབས་ཞུ་མཛད་པ་རེད། ཉམ་ཐག་ནད་པ་མང་པོར་སྨན་བཅོས་གནང་བ། སྨན་སྦྱོར་བདུད་རྩི་བུམ་བཟང་ལ་སོགས་པའི་སྨན་གྱི་དཔེ་ཆ་མང་པོ་གསར་རྩོམ་གནང་བ། སྨན་རྩིས་ཀྱི་སློབ་མ་མང་པོ་བསྐྱེད་བསྲིང་སོགས་བསྟན་འགྲོའི་དོན་ཆེན་གྱི་མཛད་འཕྲིན་དུ་མ་བསྐྱངས་པ་རེད། 

            དེ་ནས་བོད་རྒྱལ་ལོ་ ༢༠༥༩ རབ་རྒྱལ་ཆུ་སྤྲེལ་དང་། ཕྱི་ལོ་ ༡༩༣༢ ལོར། ྋརྒྱལ་མཆོག་སྐུ་འཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་སྐུ་མ་གཤེགས་པའི་གོང་རོལ་དུ། ཉིན་གཅིག་ཁོང་གི་སྐུ་གམ་ལ་ཕྲལ་དུ་བཅར་དགོས་པའི་བཀའ་འགུགས་གནང་བས་ཁོང་ྋརྒྱལ་བའི་སྐུའི་དྲུང་དུ་བཅར་བའི་སྐབས་སུ། ྋགོང་ས་སྐུ་འཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གི་ཞལ་ལྔ་ནས། ད་ནས་བཟུང་ཁྱེད་རང་ངའི་ྋབླ་སྨན་པ་ནས་དགོངས་པ་ཁྲོལ་བ་ཡིན་ལ་ཁྱེད་རང་སྐུ་བཅར་བླ་སྨན་པ་བྱེད་མི་དགོས་ཞེས་བཀའ་གནང་བ་རེད།   དེ་ནས་མར་ཕེབས་ནས་སུས་ྋརྒྱལ་བ་རིན་པོ་ཆེ་ལ་ངས་མ་འགྲིག་པ་བྱུང་བའི་གནས་ཚུལ་ཞུས་པ་ཡིན་ནམ། ཨ་ཡ་མཚན་པ་ཞིག་ལ་ངས་ད་བར་སྙིང་དབུས་ནས་ྋརྒྱལ་བའི་སྐུ་ཕྱྭའི་ཐོག་ཞབས་ཞུ་གང་ཐུབ་ཞུས་པ་ཡིན། ངས་མ་འགྲིག་པ་ཞིག་རྩ་བ་ནས་བྱས་མེད། གནས་ཚུལ་དེ་ཁྱད་མཚར་པོ་ཞེ་དྲགས་ཤིག་རེད་དྲན་ཏེ། དེ་ནས་བཟུང་སྟེ་མཚམས་ལ་ལར་མཚན་གྱི་གཉིད་ཀྱང་ཡག་པོ་མ་ཁུག་པ་དང་། ཉིན་པར་སེམས་མ་སྐྱིད་པའང་མང་པོ་བྱུང་ཞེས་སྐབས་དེ་དུས་ང་ཚོར་བཀའ་སློབ་དེ་འདྲ་དངོས་སུ་གསུངས་མྱོང་ཡོད།  

            དེ་ནས་ཡང་ལོ་དེར་ཉིན་གཅིག་གློ་བུར་དུ་ཡར་སྐུ་བཅར་ཞུ་དགོས་པའི་བཀའ་ཕེབས་མ་ཐག་ཡང་བསྐྱར་སྔར་ལས་ལྷག་པའི་ཐུགས་ཚབས་ཆེན་པོ་བྱུང་ཏེ་སྐུ་བཅར་ཞུ་དུས་ཙ་ན། ྋརྒྱལ་དབང་མཆོག་གིས་ད་ནས་བཟུང་ཁྱེད་རང་འབྲས་སྤུངས་ཀྱི་སྨན་སྦྱིན་བྱེད་རྒྱུ་དེ་ཡང་མཚམས་འཇོག་བྱོས། སྔོན་མ་ལྷ་སའི་བསྟན་རྒྱས་གླིང་གི་ས་དེར་ཆུ་བྱི་ལོར་རྒྱ་དམག་གིས་མི་མང་པོ་བསད་ཡོད་པས་ད་ནས་བཟུང་དེའི་དགེ་རྩའི་ཆེད་དང་། ཡང་སྒོས་བོད་ཀྱི་སྨན་རྩིས་གཉིས་ཀྱི་བསྟན་པ་མི་ཉམས་གོང་འཕེལ་ཆེད་དུ་སྨན་རྩིས་ཁང་ཞིག་གསར་འཛུགས་བྱས་ཏེ་ཁྱེད་རང་དེའི་སྨན་དགེ་དང་རྩིས་དགེ་བྱོས། ཁྱེད་རང་མཉམ་དུ་སྙེ་མོ་ཆོས་སྡེ་དགོན་པའི་རྩིས་པ་ཡེ་ཤེས་ཆོས་འཕེལ་གཉིས་བསྐོ་གཞག་བྱས་ཀྱི་ཡིན་ཞེས་བཀའ་སྩལ་པ་དང་། དེ་ནས་ ༡༩༣༣ བོད་རྒྱལ་ལོ་ ༢༠༦༠ རབ་རྒྱལ་ཆུ་བྱ་ལོར། ྋརྒྱལ་དབང་སྐུ་འཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་འཐིམ་པའི་ཚུལ་བསྟན་པ་རེད།

            གལ་ཏེ་ཁོང་སྐུ་གཤེགས་པའི་སྐབས་སུ་གང་ཉིད་བླ་སྨན་པའི་མཚན་གནས་ཐོག་ནས་ཕྱག་ལས་གནང་གི་ཡོད་ན་བོད་སྡེ་པ་གཞུང་གི་ཁྲིམས་ལྟར་བཀའ་ཉེས་ཕོག་ནས་འགྲོ་ཕན་སྨན་རྩིས་ཁང་གི་བསྟན་པ་འཛིན་སྐྱོང་བྱ་རྒྱུའི་ཐད་ལ་གེགས་བར་ཆེན་པོ་འབྱུང་ངེས་ཡིན་སྟབས། དེ་ནི་ྋགོང་ས་སྐུ་འཕྲེང་བཅུ་གསུམ་པ་ཆེན་པོས་མ་འོངས་སྔོན་གཟིགས་ཀྱི་ལུང་བསྟན་ལྟ་བུ་མཛད་པ་ཡིན་འདུག་པའི་གནས་ཚུལ་དེར་ངེས་ཤེས་ཟབ་མོ་རྙེད་པ་མ་ཟད། ྋརྒྱལ་དབང་མཆོག་ལ་སེམས་གཏིང་ནས་མི་ཕྱེད་པའི་དད་པ་ཆེན་པོ་ཞིག་འཁྲུངས་བྱུང་ཞེས་ང་ཚོ་ལའང་བཀའ་སློབ་དེ་ཕྱིས་སུ་བླ་སྨན་མཁྱེན་རབ་ནོར་བུ་མཆོག་གིས་གསུངས་ཀྱི་ཡོད། མཐར་བོད་རྒྱལ་ལོ་ ༢༠༨༩ རབ་རྒྱལ་ཆུ་སྟག་དང་། ཕྱི་ལོ་ ༡༩༦༢ ལོར་དགོངས་པ་རྫོགས་པ་རེད།

ས་བཅད་ལྔ་པ། ལྷ་ས་སྨན་རྩིས་ཁང་དུ་སློབ་འཁྲིད་ཀྱི་བརྒྱུད་རིམ།

            དེའི་སྐབས་སུ་ང་དང་བོད་སྨན་རྩིས་ཁང་གི་གྲགས་ཅན་མཁས་དབང་བྱམས་པ་འཕྲིན་ལས་ལགས་དུས་མཉམ་རེད།  དེ་ནས་བླ་སྨན་བློ་བཟང་དབང་རྒྱལ་ལགས། དེའི་རྗེས་སུ་བླ་སྨན་བསྟན་འཛིན་ཆོས་གྲགས་ལགས། ད་དུང་དེའི་སྐབས་སུ་བུད་མེད་སྨན་པ་མཁའ་འགྲོ་ལགས་ཞུ་བ་མིག་གཤག་བཅོས་ལ་མཁས་པ་ཞིག་ཡོད། དེའི་སྐབས་སུ་སྨན་དང་རྩིས་ཀྱི་སློབ་མ་མང་པོ་ཞིག་ཡོད་པ་རེད།

ང་ལ་མཚོན་ན་རྒན་འབྲི་གུང་ལགས་ཀྱིས་ང་ལ་ཤ་ཚ་ཧ་ཅང་ཆེན་པོ་གནང་གི་ཡོད་པས་ཞོགས་པ་བླ་སྨན་མཁྱེན་རབ་ནོར་བུ་མཆོག་གི་སྐུའི་དྲུང་དུ་ཁྲིད་ནས་དམིགས་གསལ་རྩ་ཆུའི་སྐོར་ལ་སྦྱངས་དགོས་ཀྱི་ཡོད། དེ་དུས་ཁོང་གིས་རྩ་ཆུ་ངོ་སྤྲོད་གནང་བ་དང་སྦྲགས་ནས་བཀའ་འདྲི་ཡང་གནང་སྟེ་རྩ་འདི་འདྲ་ཞིག་འཕར་བ་དང་ཆབ་རྟགས་མི་འདྲ་བ་འདི་འདྲ་ཞིག་མངོན་ན་ཁྱེད་ཀྱིས་སྨན་བཅོས་ཇི་ལྟར་བྱེད་དམ། ནད་ལ་སྨན་གང་འདྲ་ཞིག་སྤྲོད་ཀྱི་ཡིན་ནམ་ཞེས་འདྲི་བ་བཏང་གནང་གི་རེད། མཚམས་མཚམས་ལ་རྩ་ཆུའི་ངོས་འཛིན་དང་སྨན་གཏོང་སྟངས་སོགས་ཀྱི་ལན་ཏག་ཏག་ཅིག་བརྒྱབ་མ་ཐུབ་པ་ཡིན་ན་སྐབས་དེ་ག་རང་དུ་བཀའ་སྐྱོན་གནང་བ་མ་ཟད། སྐུ་རླུང་ཧ་ཅང་ལྡང་སླ་པོ་ཡོད་པར་བརྟེན་ཁོང་གི་ཕྱག་ཏུ་བཅངས་པའི་སྐུ་ཆས་སོགས་གང་ཡོད་ནའང་བཞུས་རྐྱང་གནང་གི་རེད། མཚམས་ལ་ལར་ཕྱག་ཏུ་སྐད་བརྡ་གཏོང་རྒྱུའི་ཤིང་ཆས་ཤིག་ཡོད་པ་དེས་ང་ལ་བཞུས་རྐྱང་གནང་གི་ཡོད།  ཡང་མཚམས་རེར་ཕྱག་ཏུ་གང་ཡང་མེད་ན་ངའི་རྣ་ལྕོག་ཡར་འཐེན་གནང་ཏེ་བཀའ་སྐྱོན་ཞེ་དྲགས་ཚ་པོ་གནང་མྱོང་།  ཡིན་ནའང་ཁོང་གི་སྐུ་རླུང་ནི་ཡུན་རིང་པོར་ཐུགས་ལ་མ་བཟུང་བར་ལམ་སེང་ཞི་འགྲོ་བ་དང་སྔར་རྒྱུན་བཞིན་ཞལ་འཛུམ་མཛད་ཀྱི་རེད། ཁོང་གི་ཐུགས་གཤིས་ནི་བཟང་ལ་བྱམས་བརྩེ་ལྡན་པ་ཞིག་ཡིན།  བཀའ་ཡང་ཧ་ཅང་གི་བཙན་པའི་བཤེས་གཉེན་དམ་པ་བཀའ་དྲིན་ཅན་ཞིག་རེད།

            ཡིན་ནའང་ཁོང་གི་སྐུ་ཚ་ཞིག་ཡོད་པ་དེ་ལ་ང་ཚོས་སྡེ་པ་ལགས་ཞེས་མཚན་འབོད་ཞུ་ཡི་ཡོད། གལ་ཏེ་ཁོང་གིས་བཀའ་སྐྱོན་གནང་ན་སྐབས་དེ་རང་ཙམ་མ་ཟད་ཕྱིས་སུ་ཟླ་བ་མང་པོ་སོང་ཟིན་ནའང་སྔར་གྱི་གནས་ཚུལ་དག་ཐུགས་ལ་བཟུང་ནས་ཉེས་ཆད་གཏོང་བ་དང་རྟ་ལྕགས་ཞུས་པ་སོགས་གནང་གི་རེད།  བླ་སྨན་མཁྱེན་རབ་ནོར་བུ་མཆོག་གིས་ང་ཚོར་སྨན་དང་། རྩིས། བརྡ་སྤྲོད། རིག་གནས། ལོ་རྒྱུས། ནང་ཆོས། གཡུ་ཐོག་རྙིང་ཐིག་སོགས་ཚང་མ་སློབ་འཁྲིད་གནང་གི་རེད། ཡིན་ནའང་རྗེ་བཙུན་མཧཱ་གུ་ཎའི་རྙིང་ཐིག་གི་དབང་ལུང་སོགས་མི་གཞན་ལ་དབང་བསྐུར་ལུང་འཁྲིད་བྱེད་པ་ལ་ཐོག་མར་རང་ཉིད་ཀྱིས་གཡུ་ཐོག་གི་མཚམས་དང་བསྙེན་སྒྲུབ་སོགས་ལས་བྱང་ནང་དུ་གསུངས་པ་ལྟར་བསྙེན་སྒྲུབ་ཡག་པོ་བྱེད་དགོས་ཀྱི་རེད། ང་ཚོས་ཁོང་གི་དྲུང་ནས་དབང་ལུང་སོགས་ཞུ་བ་མ་གཏོགས་དེ་དུས་སློབ་ཕྲུག་ཡིན་པའི་སྐབས་སུ་དམིགས་བསལ་ཉམས་ལེན་དང་བསྙེན་སྒྲུབ་སོགས་བྱས་ཀྱི་མེད་པ་རེད། ཚེས་བརྒྱད། བཅོ་ལྔ། གནམ་གང་སོགས་ལ་གཡུ་ཐོག་རྙིང་ཐིག་གི་ཚེས་བཅུ་གཏོང་སྲོལ་ཡོད། དེ་དུས་སྨན་རྩིས་ཆོས་སྤྱོད་ཅེས་པ་དེ་ཆ་ཚང་བློ་འཛིན་བྱས་ཏེ་ངག་རྒྱུགས་ཕུལ་དགོས་རེད། སློབ་ཕྲུག་སྤྱི་ཡོངས་ལ་དམིགས་ནས་བྱ་བྱེད་སྨན་པའི་ལེའུ་ལས་གསུངས་པའི་སྨན་པའི་རྒྱུ་དྲུག་དང་བློ་གཞག་རྣམ་པ་དྲུག་སོགས་བཀའ་འཁྲིད་གནང་གི་རེད། སློབ་གྲྭ་ཐོན་ཁར་སྨན་པའི་ལེའུ་དེ་ཆ་ཚང་རྒྱས་པ་ཞིག་བཀའ་འཁྲིད་གནང་གི་རེད། 

དབྱར་ཁའི་སྐབས་སུ་ང་ཚོ་སྨན་སློབ་ཚོ་རི་ཀླུང་དུ་སྔོ་སྨན་ངོ་སྤྲོད་ཆེད་དུ་འགྲོ་སྲོལ་ཡོད། ལྷ་ས་ནས་ཐོན་དུས་ང་ཚོས་གོས་གཟབ་འཆོར་སྤྲས་ཏེ་རྒྱ་གར་ཞྭ་མོ་སོགས་གྱོན་ནས་དོག་སྡེའི་ཁུལ་དུ་འགྲོ་བསྐྱོད་བྱས་ཀྱི་རེད། བོད་སྡེ་པ་གཞུང་གི་ཁྲལ་འཇལ་མཁན་འུ་ལག་ཟེར་བའི་མི་དེ་འདྲ་མང་པོ་ཉང་རལ་དང་། དོག་སྡེ། འཕེན་པོ་སོགས་ཀྱི་ས་གནས་སོར་སོར་ཡོད་པ་རེད། དེ་ནས་ཡང་ཐོན་ཏེ་གཡག་མགོ་ལ་ཟེར་བ་དེ་ཕར་བརྒྱབ་ནས་བོད་ཟླ་བདུན་པའི་ནང་དུ་བྲག་གཡེར་པའི་ཚེས་བཅུའི་ཉིན་དང་བསྟུན་ནས་དེར་བསླེབ་ཐུབ་པ་བྱས་ཀྱི་རེད། བྲག་གཡེར་པའི་ཚེས་བཅུའི་ཉིན་མི་ཧ་ཅང་མང་པོ་འདུ་འཛོམས་བྱས་ཀྱི་ཡོད་སྟབས་མི་ཚང་མ་གཟབ་འཆོར་སྤྲས་ཏེ་ཚེས་བཅུ་བཏང་སྲོལ་ཡོད། དེ་དུས་སྣམ་བུ་དང་། གྲུ་ཙིའི་འོག་འཇུག་དང་། གོས་ཆེན་སྟོད་ཐུང་སོགས་གྱོན་གྱི་རེད། སྣམ་བུ་དང་གོས་ཆེན་སོགས་ཀྱི་གྱོན་གོས་བཅས་ཕན་ཚུན་ཚོང་བརྒྱབ་ནས་བརྗེ་རེས་བྱས་པ་སོགས་ཧ་ཅང་གི་སྣང་བ་སྐྱིད་པོ་ཡོད་རེད། དེ་དུས་འུ་ལག་གི་མི་དེ་ཚོ་དང་མཉམ་དུ་སྔོ་སྨན་དེ་ཚོ་ངོས་འཛིན་བྱས་པ་དང་། སྨན་སྣ་དེ་ཚོའི་མིང་། རོ་མྱོང་བ་ལ་སོགས་པའི་ངོས་འཛིན་གང་ཐུབ་བྱས་ཀྱི་རེད།  ལྷ་སའི་དགེ་འཕེལ་རི་ཕར་བརྒལ་བའི་བྲག་གཡེར་པའི་ཆོས་ཕུག་ཟེར་བའི་ས་དེར་ང་ཚོས་གུར་ཕུབ་ནས་གནས་སྡོད་བྱས་ཀྱི་ཡོད། དེ་དུས་བླ་སྨན་མཁྱེན་རབ་ནོར་བུ་མཆོག་དང་དགེ་རྒན་རྣམ་པ་ལྷན་རྒྱས་ཀྱང་ཕེབས་ཏེ་གུར་ནང་སྐུ་བཞུགས་གནང་གི་རེད།  སྐབས་དེར་སྨན་སྣ་མི་འདྲ་བ་གྲངས་བརྒྱ་ཉིས་བརྒྱ་ལྷག་ཙམ་གྱི་སྨན་སོ་སོའི་མཆོག་དམན་དང་། རྒོད་གཡུང་ལ་སོགས་པ་རིམ་བཞིན་དུ་བཀྲམ་སྲོལ་ཡོད། གུར་མི་འདྲ་བ་ཁག་གཉིས་ཀྱི་ནང་དུ་སྨན་གྱི་ངོས་འཛིན། སྨན་མིང་། མཆོག་དམན། རྒོད་གཡུང་། རོ་ནུས་ལ་སོགས་པའི་སྐོར་དགེ་རྒན་གྱི་འཁྲིས་སུ་ངོས་འཛིན་བྱས་ཟིན་པའི་རྗེས་སུ། རྒན་བདག་དེས་སློབ་ཕྲུག་སོ་སོར་ཐིག་གྲངས་དང་ཀུ་གྲངས་ཇི་ཙམ་ཐོབ་ཡོད་མེད་ཀྱི་སྐར་གྲངས་སྐད་འབོད་བྱས་ཏེ་ཡིག་ཐོག་ཏུ་ཕབ་ཀྱི་རེད། 

            དེ་རྗེས་སློབ་མ་ཚང་མས་སྨན་ངོ་ངོས་འཛིན་གྱི་ཡིག་རྒྱུགས་ལེགས་པར་གྲུབ་མཚམས་སུ་ཐོན་སྐོར་གྲ་སྒྲིག་ཟེར་བ་སྟ་གོན་བྱས་ཀྱི་རེད། བརྒྱ་ཆ་དམའ་ཤོས་འཐོན་མཁན་ཁག་གཉིས་ལ་བོང་བུ་དཀར་པོ་དང་བོང་བུ་ནག་པོ་ཞེས་བོས་ཀྱི་རེད། དེའི་གོང་མ་དེ་ལ་བོང་རྫི་དང་། དེའི་གོང་མ་དེ་ལ་ཡང་གཟིམ་དཔོན་ཞེས་མིང་བཏགས་ཏེ་ཁུག་མ་དེ་ཚོ་བརྒྱབ་ཏུ་ཁྱེར་དགོས། བོང་བུ་དཀར་ནག་གཉིས་ཀྱི་སྒལ་པར་ཡང་གཟའ་བདུད་དཀར་ནག་གཉིས་ཀྱི་འཁལ་འགེལ་བ་སོགས་དེ་འདྲ་བོད་སྔ་མོའི་སྲོལ་རྒྱུན་གྱི་ལུགས་སྲོལ་དེ་འདྲ་བྱས་ཀྱི་རེད།  ཡང་ཁྲོག་སྨན་བཤེར་ས་ནི་བོད་ཀྱི་རྒྱལ་ས་ལྷ་ས་ལ་རེད། བོད་གཞུང་ནས་གཡར་བའི་རྡོ་རྗེ་ཕ་ལམ་དང་། མུ་ཏིག  པདྨ་ར་ག  ཨིན་ཌ་ཎི་ལ། གཟི། གཡུ། བྱུ་རུ། གསེར། དངུལ། ཟངས། ལྕགས། ཨ་བར་སྐྱུར་གསུམ་སོགས་ཁྲོག་སྨན་གྱི་རིགས་སུ་གྱུར་པ་ཐམས་ཅད་ཞིབ་ཕྲ་བཀྲམ་སྟེ་ངོས་འཛིན་བྱེད་དུ་བཅུག་གི་རེད།  ང་ཚོ་སློབ་ཕྲུག་ཡིན་པའི་དུས་སུ་སྨན་དེ་དག་རི་མོའི་ལམ་ནས་སྦྱངས་ཏེ་འབྲི་སྲོལ་དེ་འདྲ་མེད་པ་རེད། དེང་སང་ཕྱི་རྒྱལ་དུ་སློབ་ཕྲུག་ཚོར་རི་མོའི་སློབ་སྦྱོང་ཡང་སློབ་འཁྲིད་བྱེད་ཀྱི་ཡོད་པ་རེད།  དེ་ཚོ་ནི་ཡག་པོ་རེད།

            སྨན་གྱི་སྦྱོར་སྡེ་ནི་མཁས་པ་སོ་སོའི་ལུགས་མི་འདྲ་བ་མང་པོ་ཞིག་གནའ་སྔ་མོ་ནས་ད་བར་བོད་དུ་མཁས་པའི་བཞེད་གཞུང་དང་ཕྱག་ལེན་མི་འདྲ་བ་སོ་སོར་ཡོད་པ་རེད། དཔེར་ན་ཟུར་ལུགས་ཀྱི་མན་ངག་བྱེ་བ་རིང་བསྲེལ་དང་། མདེའུ་དམར་པཎྜིཏ་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱི་སྨན་སྦྱོར་ཉེར་ལྔ་བརྒྱ་རྩ་གཅིག་དང་། སྐྱེམ་པ་ཚེ་དབང་མགོན་པོའི་ས་སྐྱའི་ལུགས་གཅིག་དང་།  ཟིན་ཏིག་མཛེས་རྒྱན་ལ་སོགས་པའི་སྨན་སྦྱོར་གྱི་གཞུང་དང་། ཕྱག་རྒྱུན། སྨན་ཁ་ཚར་མི་འདྲ་བ་མང་དག་ཅིག་ཡོད་རེད། ངས་ཀྱང་སྤྱིར་སྨན་སྦྱོར་ཐད་ལ་སློབ་དཔོན་མཁྱེན་རབ་ནོར་བུ་མཆོག་དང་། ལྕགས་པོ་རིའི་སྨན་པ་མཁྱེན་རབ་འོད་ཟེར་མཆོག་ལ་སོགས་པའི་བཤེས་གཉེན་དུ་མའི་དྲུང་ནས་སྦྱངས་པ་ཡིན། ལྷག་པར་དུའང་ང་ལྷོ་ཁ་གསུང་རབ་གླིང་དགོན་པར་བསླེབས་པ་དང་རྒན་ཆོས་འབྱོར་ཡོན་ཏན་ལགས་ཀྱི་དྲུང་ནས་སྨན་གྱི་སྦྱོར་བ་སོགས་སྦྱངས་པ་ཡིན་ལ་རང་ཉིད་ཀྱིས་དངོས་སུ་ཉམས་ལེན་གང་ཐུབ་བྱེད་བཞིན་ཡོད།

ས་བཅད་དྲུག་པ། དགེ་བའི་བཤེས་གཉེན་བསྟེན་པའི་དགོས་པ།

            ངས་དགེ་བའི་བཤེས་གཉེན་དུ་མར་གང་ཐུབ་ཀྱི་ལྷག་བསམ་བཟང་པོས་ཀུན་ནས་བླངས་ཏེ་སྲི་ཞུ་ཞུས་སྟབས་ངའི་མི་ཚེའི་ནང་ཚེ་རིང་པོ་དང་ལྷག་དོན་བྱ་བ་ལམ་ལྷོང་མང་པོ་བྱུང་བ་བཀའ་དྲིན་ཅན་གྱི་དགེ་རྒན་དམ་པ་དེ་ཚོའི་ཐུགས་རྒྱུད་ཀྱི་སྨོན་ལམ་དང་། རང་ཉིད་ཀྱིས་ཞབས་ཞུ་ལེགས་པར་བསྒྲུབས་པའི་བསོད་ནམས་ཀྱིས་མཐུ་ལས་བྱུང་བ་ཞིག་ཡིན་པའི་ངེས་ཤེས་རྙེད་བྱུང་། ཁྱེད་ཚོས་ཤེས་གསལ་ལྟར་སྔོན་མ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་བླ་མ་ལྔ་བཅུ་རྩ་གཅིག་བསྟེན་པ། ལྷག་པར་བྱང་ཆུབ་སེམས་ཀྱི་མངའ་བདག་བླ་མ་གསེར་གླིང་བ་ཞུ་བ་དེ་ཚུལ་བཞིན་དུ་བསྟེན་པ། དེ་བཞིན་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་མཉམ་མེད་ཇོ་བོ་རྗེ་ཚུལ་བཞིན་དུ་བསྟེན་པ། དེ་བཞིན་རྗེ་བཙུན་མི་ལས་བླ་མ་མར་པ་ལོ་ཙཱ་བ་ཚུལ་བཞིན་དུ་བསྟེན་པ་ལྟ་བུ་རེད། རྗེ་ཙོང་ཁ་པས་ཀྱང་། ཡོན་ཏན་ཀུན་གྱི་གཞི་གྱུར་དྲིན་ཅན་རྗེ། །ཚུལ་བཞིན་བསྟེན་པ་ལམ་གྱི་རྩ་བ་རུ། །ལེགས་པར་མཐོང་ནས་འབད་པ་དུ་མ་ཡིས། །གུས་པ་ཆེན་པོས་བསྟེན་པར་བྱིན་གྱིས་རློབས། །ཞེས་ཡོན་ཏན་གཞི་གྱུར་མར་གསུངས་པ་དེ་བཞིན་དུ་སོ་སོའི་དགེ་བའི་བཤེས་གཉེན་ཟེར་བ་དེ་སེམས་ནས་ལྷད་མེད་པར་ཚུལ་བཞིན་དུ་བསྟེན་ཐུབ་ན་མི་ཚེ་རིང་པོ་དང་བྱ་བ་ལམ་འགྲོ་སོགས་ཐམས་ཅད་ཚུལ་བཞིན་དུ་ངང་གིས་འབྱུང་ཐུབ་པ་རེད།

            ངས་ད་ལྟ་ཡང་དྲན་གསོས་པ་ཞིག་ལ་དེའི་སྐབས་སུ་ནུབ་ཅིག་ང་ལ་རྨི་ལམ་ཡག་པོ་ཞིག་བྱུང་། ང་ལ་གྱོན་གོས་གསར་པའི་གཟབ་འཆོར་སྤྲས་པའི་བྱིས་པ་ཞིག་གིས་ཁྱེད་རང་འདི་ནས་གནས་ཀྱི་མཆོག་དཔལ་རྩ་རིར་འགྲོ་དགོས་ཟེར་བ་ཞིག་རྨིས་བྱུང་། རྩ་རིའི་གནས་མཆོག་ཏུ་ཁྲིད་ནས་གནས་སྐོར་མང་པོ་མཇལ་བའི་སྐབས་སུ་རིའི་གཤམ་ཞིག་ཏུ་བུད་མེད་ཅིག་གིས་ང་ལ་ཞོ་འདྲ་བའི་བཏུང་བ་ཞིག་སྤྲད་བྱུང་བས་ངས་དེའི་ཕྱེད་ཙམ་ལས་བཏུང་མ་སོང་།  དེ་ནས་ཡང་ཕར་ཙམ་ཕྱིན་པའི་སྐབས་སུ་ནགས་ཚལ་ལྟ་བུ་ཞིག་གི་སར་ནས་ལས་དང་སྐལ་བ་ཅན་གྱི་བུ་མོ་ཚོས་ཡར་རྩ་རིའི་གནས་མཆོག་ཤེལ་གྱི་ཕོ་བྲང་དུ་དཔལ་རྒྱལ་བ་སྨན་བླའི་ཞིང་གི་གནས་མཆོག་ཅིག་ཡོད་རེད། ཁྱེད་རང་དེ་རུ་འགྲོ་འདོད་དམ་ཟེར་བ་ཞིག་རྨིས་བྱུང་། དེ་ནས་ངས་གནས་དེར་འགྲོ་འདོད་ཡོད་ཅེས་ལན་བཏབ་མ་ཐག་ཏུ་བུ་མོ་གཞོན་ནུ་མ་དེས་སྔོན་ལ་ཁྱེད་རང་ཁམ་བུ་འདི་དག་ཟོས་ཤིག་ཅེས་ང་ལ་ཁམ་བུ་བླུགས་པའི་སྣོད་ཅིག་སྤྲད་བྱུང་། ངས་ཁྱེད་རང་ཤེལ་གྱི་ཕོ་བྲང་ནང་དུ་འཁྲིད་ཆོག་ཟེར་བྱུང་། ངས་སྣོད་དེའི་ནང་དུ་ཡོད་པའི་ཁམ་བུ་ཕྱེད་ཀ་ཙམ་ལས་བཟས་མ་སོང་། དེ་ནས་བུ་མོ་དེས་ང་སྨན་བླའི་ཤེལ་གྱི་ཕོ་བྲང་གི་རི་ཡི་སྒོ་འགྲམ་ཞིག་ཏུ་ཁྲིད་བྱུང་། དེ་ནས་བུ་མོ་དེ་གློ་བུར་དུ་ཡལ་ཕྱིན་སོང་། དེ་ནས་ང་ཡར་ནང་དུ་འཛུལ་འདོད་ཀྱི་སྣང་བ་ཆེན་པོ་ཞིག་བྱུང་མ་ཐག་ཏུ་གཉིད་ལས་སད་བྱུང་། དེའི་སྐབས་སུ་གཉིད་སད་མ་ཐག་ཏུ་ནང་དུ་མ་འཛུལ་ཙམ་ལ་གཉིད་སད་པ་དེས་བློ་ཕམ་ཧ་ཅང་ཆེན་པོ་ཞིག་སྐྱེས་བྱུང་། དེའི་སྐོར་ལ་ད་ལྟ་བསམ་བློ་གཏོང་དུས་སྤྱིར་རྨི་ལམ་བཟང་པོ་ཞིག་བསྟན་བྱུང་ཡང་རྟགས་དང་རྟེན་འབྲེལ་འགའ་ཅུང་མ་འགྲིག་པ་ལྟ་བུའི་སེམས་ཚོར་ཞིག་ཀྱང་བྱུང་།

            སྔ་ཕྱིར་ངས་ལོ་བརྒྱད་ལྷག་ཙམ་རིང་སྨན་གྱི་སློབ་གཉེར་གང་ལ་གང་འཚམ་ཞིག་བྱས་པས་དཔལྡན་རྒྱུད་བཞི་ཐོན་པའི་འཐོན་རྒྱུགས་ཆེན་མོའི་གྲ་སྒྲིག་འཐུས་ཚང་བྱུང་སོང་། དེ་ཡང་གཙོ་བོ་སྐབས་དེའི་སྨན་སློབ་རྣམས་ནི་བོད་ཀྱི་མ་དགོན་ཁག་ནས་ཕེབས་པ་ཡིན་ཙང་ང་ཡང་ལྷོ་ཁ་བཤད་སྒྲུབ་གླིང་གི་ཁོངས་ནས་བཏང་བ་ཞིག་ཡིན་སྟབས་དགོན་པ་རང་གིས་ཐོན་རྒྱུགས་ཆེན་མོའི་སྐོར་གྱི་འགྲོ་གྲོན་ཆ་ཚང་གནང་སྦྱིན་གཏོང་གནང་མཛད་པ་རེད།  དེ་དུས་འཐོན་ཇ་ཡང་གཏོང་སྲོལ་ཡོད་པར་བརྟེན་སོ་སོས་སློབ་སྦྱོང་ཡག་པོ་བྱས་ན་རང་གི་དགོན་པ་ནས་གཅིག་ལས་གཅིག་གིས་གྲ་རྒྱས་པོའི་འཐོན་ཇ་སོགས་གཏོང་སྲོལ་དེ་འདྲ་ཞིག་ཡོད། དེ་དུས་དམིགས་བསལ་གྱིས་སློབ་དཔོན་མཁྱེན་རབ་ནོར་བུ་མཆོག་གི་དྲུང་དུ་རེག་པ་རྩ་ཡི་མདོ་དང་མཐོང་བ་ཆུ་ཡི་སྐོར་གྱི་བརྟག་ཐབས་རིག་པའི་ཐོག་ལ་སློབ་སྦྱོང་ངམ་ཆེད་སྦྱོང་བྱས་དགོས་པ་རེད།

            དེ་དུས་ངས་ད་ལྟ་དྲན་གསོས་པ་ཞིག་ལ་ང་རྩ་ཆུའི་ཐོག་ལ་སློབ་སྦྱོང་ཆེད་དུ་སྐུ་བཅར་ཞུས་དུས་ཁོང་གསིལ་ཡངས་ཀྱི་འོག་ཏུ་སྐུ་བཞུགས་ཀྱིས་ང་ལ་གཟིགས་ནས། ད་ཆབ་རྟགས་དཀྲུགས་ཏེ་དེའི་ནང་གི་ནད་ཇི་བཞིན་ངོས་འཛིན་བྱོས་ཞེས་བཀའ་སློབ་གནང་གི་རེད། གལ་ཏེ་རྩ་ཆུ་གཉིས་ཀྱི་བརྟག་ཚུལ་ཐིག་པོ་མ་བྱུང་ན་ཁོང་སྐུ་རླུང་ལྡང་ནས་ཕྱག་ལ་བཟུང་བའི་སྐད་བརྡའི་ཤིང་བུ་ཁྲོག་ཁྲོག་ཟེར་བ་དེས་ང་ལ་བཞུས་གནང་གི་རེད། ཁོང་གི་ཐུགས་ལ་འཁོན་འཛིན་སོགས་འཛིན་པ་གང་ཡང་མེད་ཙང་སང་ཉིན་གནངས་ཉིན་སོགས་ལ་སྐུ་བཅར་ཞུ་དུས་ཐུགས་གཤིས་སྔར་རྒྱུན་ལྟར་ཡོད། སྐུ་དྲིན་ཆེན་པོ་ཞེ་དྲགས་རེད། དེ་ནས་ང་ལྷོ་ཁ་གསུང་རབ་གླིང་དུ་ངའི་དགེ་རྒན་དམ་པ་ཆོས་འབྱོར་ཡོན་ཏན་མཆོག་གི་ཞབས་ཕྱིར་གཏོང་གནང་མཛད་བྱུང་།

ས་བཅད་བདུན་པ། ལྷོ་ཁ་ཁུལ་དུ་རིམས་ནད་དང་བསེ་མོག་ནད་ལ་སྨན་བཅོས་སྔོན་འགོག་མཛད་པ།

            ཕྱིས་སུ་ང་ལྷོ་ཁར་ཕྱིན་པ་ཡིན། ངས་དགེ་རྒན་དམ་པ་ཆོས་འབྱོར་ཡོན་ཏན་མཆོག་ལའང་ཞབས་ཞུ་ལྷག་བསམ་རྣམ་དག་གིས་བསྒྲུབས་པ་ཡིན། དེའི་སྐུ་དྲིན་གྱིས་ང་ལ་བྱ་བ་ལམ་འགྲོ་ཞེ་དྲགས་བྱུང་སོང་། ལོ་དེར་ལྷོ་ཁ་ས་ཁུལ་ཁྱོན་ཡོངས་སུ་རིམས་ནད་དྲག་པོ་ཞིག་འགོས་ཁྱབ་བྱུང་ནས་མི་ཤི་ཁྱིམ་སྟོང་ལྟ་བུའི་དཀའ་ངལ་དང་ནད་ཀྱི་འཇིགས་ཉེན་ཆེན་པོ་ཞིག་ཐེབས་པ་རེད། དེའི་སྐབས་སུ་ཡང་ནུབ་ཅིག་ང་ལ་རྨི་ལམ་ནང་དུ་བུད་མེད་གཞོན་ནུ་མ་ན་ཚོད་དར་མ་ཞིག་གིས་དཀར་ཡོལ་དམར་ཁྲ་འདྲ་ཞིག་གི་ནང་གཅིན་པ་བླུགས་པ་ཞིག་ངའི་སར་འཁྱེར་ཡོང་ནས་བུ་མོ་དེས་གཅིན་པ་དཀྲུགས་དཀྲུགས་བྱས་སོང་། དེ་ནས་ང་ལ་ཁྱེད་རང་གིས་གཅིན་པ་མར་ནག་གི་མདོག་ལྟ་བུ་ཡོད་པ་དེའི་ནད་ཀྱི་རྒྱུ་རྐྱེན་གང་ཞིག་ཡིན་ནམ་ཞེས་དྲི་བ་བཏང་བ་ཞིག་རྨིས་ལྟས་བྱུང་། 

            དེའི་ལན་དུ་ངས་གཅིན་པ་དམར་ནག་དང་མར་ནག་གི་མདོག་འདི་ལྟ་བུ་ཞིག་བྱུང་ན་རིམས་སྨྱོན་ཏྲེ་ཏྲེ་ཧོ་ཟེར་བ་དེ་ཕལ་ཆེར་མིན་ནམ་ཞེས་ལན་བཏབ་པ་ཞིག་རྨིས་བྱུང་། དེས་ནས་བུད་མེད་དེས་འོ་ན་ཁྱེད་ཀྱི་ནད་འདི་ལ་སྨན་གང་འདྲ་ཞིག་གཏོང་དགོས་སམ་ཞེས་དྲིས་བྱུང་། ངས་ལམ་སེང་ལན་མ་བཏབ་པར་རིམས་ནད་དེ་ལ་སྨན་གང་ཞིག་གཏོང་དགོས་སམ་སྙམ་པ་ཞིག་བློ་ལ་འཆར་སྒོ་བཙུགས་པ་དང་བུད་མེད་གཞོན་ནུ་མ་དེས་ལག་ཏུ་མེ་ལོང་ཞིག་ང་ལ་བསྟན་ནས་གློ་བུར་མིག་གི་མདུན་ནས་མཇའ་ལྟར་ཡལ་ཕྱིན་པ་ཞིག་རྨིས་བྱུང་། དེ་དུས་ང་ལོ་ཆུང་ཆུང་ཡིན་པ་མ་ཟད་རིག་པ་ཡང་ཧ་ཅང་བཀྲ་བའི་དུས་ཤིག་རེད། ང་ལ་རྨི་ལམ་དེ་ལྟར་རྨིས་པ་དེ་གཅིག་བྱས་ན་ངའི་ཚེ་རབས་སྔ་མའི་བག་ཆགས་ཤིག་དང་། ཡང་ན་ཡིད་དམ་གྱི་ལྷ་ལྟ་བུ་ཞིག་གིས་ང་ལ་རྨི་ལམ་གྱི་ནང་དུ་དེ་ལྟར་རྨིས་པ་ཞིག་རེད་བསམས་བྱུང་།  

            ཕྱིའི་ཉིན་ནས་བཟུང་ངས་ལྕེ་སྡེ་གཞོལ་དང་རྣམ་རྒྱལ་གཞོལ་སོགས་ཀྱི་ལུང་པའི་ཕུ་མདའ་མེད་པར་མི་ཚང་མར་སྨན་བཅོས་བྱེད་འགོ་བཙུགས་པ་ནས་བཟུང་སྟེ་ངས་སྐབས་དེའི་རིམས་ནད་དེ་དྲི་ཆུ་ལ་བརྟག་དཔྱད་བྱས་ཏེ་སྨན་བཅོས་བྱས་པ་ཡིན། སྐབས་དེར་སྨན་སྤྲད་ཟིན་པའི་མི་སུ་ཞིག་ཀྱང་མ་ཤི་བར་རིམས་ནད་ནས་ཐར་སོང་། ཁ་ཤས་ལ་རིམས་ནད་དེ་མ་འགོས་པ། རིམས་ནད་འགོས་པའི་ནད་པ་རྣམས་ཀྱང་ལམ་སེང་དྲག་བསྐྱེད་བྱུང་སོང་། འོན་ཀྱང་བློ་ཕམ་པ་ཞིག་ལ་སྐབས་དེར་ངས་བརྟག་དཔྱད་བྱས་མ་ཐུབ་པའི་ནད་པ་དང་། ངའི་སྨན་མ་ཐོབ་པའི་མི་རྣམས་ལ་རིམས་ནད་དེ་འགོས་པའི་རྐྱེན་གྱིས་མང་པོ་ཞིག་འཆི་ལམ་དུ་བརྫངས་སོང་། དེ་དུས་ངས་གསུང་རབ་གླིང་དགོན་དང་ལུང་པའི་ཕུ་མདའ་སོགས་ཕྱོགས་མཚམས་གང་སར་བསྐྱོད་དེ་སྨན་བཅོས་བྱས། ཕྱིས་སུ་གསུང་རབ་གླིང་གཟིམ་ཤག་རྩེ་ནས་དམིགས་གསལ་གྱིས་ང་ལ་ཆེ་མཐོང་དང་སྦྲགས་ནས་ཁྱེད་རང་གི་སྐྱེ་བ་སྔ་མ་དེ་འདིར་བྱོན་པའི་སྨན་པ་དངོས་གྲུབ་བཟང་པོ་ཞུ་བའི་མཁས་པ་ཞིག་བྱུང་བ་དེའི་སྐུ་སྐྱེ་རེད་ཅེས་ཆེ་མཐོང་ཚད་མེད་གནང་བ་རེད། དེ་ནས་བཟུང་ལྷོ་ཁ་ཁུལ་དུ་ངའི་སྨན་གྱི་འགྲོ་དོན་དང་སྨན་པའི་མཚན་སྙན་གྲགས་ཆེས་ཆེར་ཁྱབ་ཏེ་སྐད་གྲགས་ཆེན་པོ་ཆགས་སོང་། ངའི་བསམས་པར་རང་ཉིད་ཀྱི་དགེ་རྒན་དམ་པ་དེ་ཚོར་ལྷག་བསམ་རྣམ་དག་གིས་ཞབས་ཞུ་གང་ཐུབ་བསྒྲུབས་པ་དེའི་བསོད་ནམས་ཀྱི་མཐུ་རེད་དྲན་གྱི་ཡོད། དེ་ནི་ངའི་བསམ་ཚུལ་ཙམ་ཞིག་རེད།

            ངའི་དགེ་རྒན་ཁོང་ལ་མཚམས་རེར་བརྒྱལ་གཟེར་རྒྱག་གི་རེད། ང་ཁོང་གི་འཁྲིས་སུ་བསླེབས་པའི་དུས་དེ་ནས་བཟུང་བརྒྱལ་གཟེར་དེ་ཡང་རིམ་བཞིན་གྲངས་ཉུང་དུ་ཕྱིན་སོང་། དེར་བརྟེན་ཁོང་གིས་ང་ལ་དམིགས་བསལ་གྱིས་དགྱེས་ཚོར་ཆེན་པོ་གནང་གི་ཡོད་ལ་ངས་ཀྱང་ཁོང་ལ་རང་ཉིད་ཀྱི་དགེ་རྒན་ཡིན་སྟབས་ཞབས་ཞུ་ཚད་མེད་ཞུས་པ་ཡིན། དེ་དུས་རྒན་ལགས་ཀྱིས་དམིགས་བསལ་སྨན་སྦྱོར་སྐོར་གྱི་ལག་ལེན་དམར་ཁྲིད་གནང་གི་ཡོད། དུས་ལ་ལར་ངས་རང་ཉིད་ཀྱི་སྨན་བཟོས་པ་དང་། ཡང་སྐབས་རེར་དགེ་རྒན་དང་དགེ་ཕྲུག་མཉམ་དུ་ཡང་སྨན་སྦྱོར་དང་བརྟག་དཔྱད་བྱས་པ་རེད།  དེ་དུས་ངས་ལྷོ་ཁའི་རིམས་ནད་ལ་སྨན་གྱི་རིགས་དཔེར་ན། བོང་བུ་རྟ་བཟི་དང་།  སྤང་རྩི་བཅུ་གཉིས་དང་། བདུད་རྩི་སླེབ་ཆོག་དང་། ད་དུང་སྐབས་དེར་སྨན་གསར་པ་ཡང་བཟོས་ཏེ་སྨན་བཅོས་བྱས་པ་ཡིན། སྨན་མང་ཆེ་བ་དེ་ཚོ་སྤྱི་ཡོངས་སུ་ཡོད་པ་ཞིག་ཡིན་ཡང་སྐབས་དེར་ངའི་བཟོས་པའི་སྨན་ལ་དམིགས་བསལ་སྨན་གྱི་མན་ངག་འགའ་ཤས་དང་ཁ་ཚར་མི་འདྲ་བ་སོགས་ཀྱི་མཐུས་སྐབས་དེའི་ནད་པ་མང་པོའི་ཚེ་སྲོག་བསྐྱབས་ཐུབ་པ་བྱུང་སོང་།

            དེ་ནི་སྨན་པ་ཞིག་གི་ངོས་ནས་བཤད་ན་རང་ཉིད་ཀྱི་ལས་འགན་ཞིག་ཡིན་པ་ཙམ་མ་ཟད་ནད་པའི་ཚེ་སྲོག་ངེས་པར་སྐྱོབ་ཐབས་བྱེད་དགོས་པ་ཞིག་ཀྱང་རེད། དེ་ནི་མནོ་བསམ་ཞིབ་མོར་བཏང་ན་རང་གཞན་ཀུན་ལ་ཕན་པའི་བྱ་གཞག་བཟང་པོ་ཞིག་རེད། ལྷག་པར་དུའང་གཞན་ཕན་རྣམ་དཀར་གྱི་དགེ་བའི་བྱ་བ་ཞིག་ཀྱང་ཡིན། དེ་དུས་ང་ལྷོ་ཁར་ཡོད་དུས་ངས་གསུང་རབ་གླིང་གི་མཁན་པོ་ཡེ་ཤེས་མཆོག་གི་དྲུང་ནས་རབ་བྱུང་གི་བསྡོམ་པ་བླངས་སྟབས་ངའི་མིང་ལ་མཁན་པོའི་མཚན་གནས་རྗེས་འབྲེལ་ལས་ཡེ་ཤེས་དོན་ལྡན་ཞེས་བཏགས་པ་རེད། ང་ཆུང་དུས་སྐབས་སུ་ངའི་ཕ་མ་གཉིས་ཀྱི་ང་ལ་དོན་ལྡན་ནོར་བུ་ཞེས་མིང་བཏགས་པ་རེད།

            དེ་ནས་ཡང་ང་ལྷོ་བྲག་ཏུ་ཕྱིན་པ་ཡིན། དེ་ཡང་ང་ལྷ་སར་སློབ་སྦྱོང་བྱས་པའི་སྐབས་སུ་ལྷ་ས་བདེ་སྐྱིད་གླིང་དུ་ངས་བོད་ལུགས་ཙམ་མ་ཟད་ཕྱི་ལུགས་ཀྱི་རྨ་ཡི་སྨན་བཅོས་དང་། སྨན་ཁབ་རྒྱག་སྟངས།  སྐམ་ཁབ་རྒྱག་སྟངས་སོགས་ལའང་སློབ་སྦྱོང་དམིགས་བསལ་བྱས་པ་ཡིན། དེ་ནས་ལྷོ་བྲག་ལྷ་ཁང་དུ་དཀར་པོ་ལྡིང་ཁ་ཟེར་བའི་ཁྱིམ་ཚང་ཆེན་པོ་ཞིག་གི་བུ་མོ་ལ་བསེ་མོག་རེག་དུག་ནད་འགོས་ནས་ང་སྨན་བཅོས་ཆེད་དུ་སྐད་བཏང་བ་རེད། གང་ཡིན་ཟེར་ན། སྐབས་དེ་དུས་རྒྱ་མི་མང་པོ་བོད་དུ་བསླེབས་པ་དང་ལྷག་པར་ལྷོ་བྲག་ལྷ་ཁང་དུ་རྒྱ་མི་མང་པོ་གནས་སྡོད་བྱས་ཀྱི་ཡོད་སྟབས་རྒྱ་མིའི་ས་ནས་བོད་པའི་བུ་མོ་དང་བུ་སོགས་ལ་རེག་དུག་ནད་འགོས་ནས་ཁྱབ་རྡལ་དུ་སོང་བ་རེད།  དབྱིན་སྐད་དུ་ཕེན་ནེ་སི་ལིན་དང་རྒྱ་སྐད་དུ་ཕྱི་མི་སུ་ཟེར་བའི་སྨན་ཁབ་དེ་མཛེ་ནད་ལ་ཧ་ཅང་ཕན་པོ་ཡོད། བྱས་ཙང་ངས་ཀྱང་ལྷོ་བྲག་ཁུལ་གྱི་བུ་དང་བུ་མོ་མང་པོ་དང་རྒྱ་མི་མང་པོར་རྩ་ཆུ་ལ་བརྟག་པ། ཁབ་བརྒྱབ་པ། བོད་སྨན་སྤྲད་པ་སོགས་བྱས་པ་ཡིན་པས་ཕན་ཐོགས་ཆེན་པོ་བྱུང་སོང་། ང་དེར་བསླེབས་དུས་ལུང་པ་དེའི་ནང་གི་མི་གྲངས་བཞི་བཅུ་ཞེ་གྲངས་ཤིག་ལ་བསེ་མོག་རེག་དུག་གི་ན་ཚ་ཕར་ཚུར་འགོས་འདུག ང་ལྡིང་ཁར་བསླེབས་ནས་ལྷོ་བྲག་དོན་གཉིས་གླིང་དགོན་པར་འགྲོ་དུས་ཁོང་ཚོས་ངའི་སྐོར་ལ་དོ་སྣང་ཞེ་དྲགས་བྱས་ཡོད་པ་ཤེས་རྟོགས་བྱུང་། གང་ཡིན་ཟེར་ན། སྐབས་དེར་བསེ་མོག་གི་ནད་མི་མང་པོར་འགོས་ནས་ཛ་དྲག་པོ་ཆགས་པའི་སྐབས་ཤིག་རེད།

            དེ་ནས་ཡང་བར་རྭ་སྟེང་ཤོད་གཉིས་ཀྱི་ནང་དུ་སྐད་བཏང་བྱུང་བས་དེར་ཕྱིན་པ་ཡིན། ཁོང་ཚོས་ཐོག་མར་ང་ནང་དུ་འབྱོར་མ་ཐག་ཏུ་ཁོང་ཚོ་ཁྱིམ་ཚང་ཧ་ཅང་གི་ཆེན་པོ་ཞིག་ཡིན་ཙང་གསེར་ལས་བཟོས་པའི་གྲ་པན་གྲ་ཀྱག་གི་སྟེང་དུ་ཞལ་དཀར་གཡང་ཊི་ལས་གྲུབ་པ་ཞིག་གི་ནང་དུ་གསོལ་ཇ་གནང་བྱུང་།  ངས་གསེར་གྱི་ཁེབ་གཅོད་དེ་ཕར་བཞག་དཀར་ཡོལ་གྱི་གྲ་པན་དེ་མ་བཟུང་བར་ཐད་ཀར་ཞལ་དཀར་དེ་ཡར་ལག་ཏུ་བཟུང་ཏེ་ཇ་བཏུང་བ་ཡིན། དེ་མ་ཐག་ཏུ་སྐུ་ཞབས་ཨམ་ཆི་ལགས། དེ་འདྲ་མ་གནང་གྲ་ཀྱག་བེད་སྤྱོད་གནང་དགོས་ཞེས་གསུངས་ཀྱི་འདུག  ངས་ང་དེ་འདྲའི་ནང་དུ་གསོལ་ཇ་ཞུ་འདོད་མེད་ཅེས་ལན་བཏབ་པ་ཡིན། སྐབས་དེར་ཁོང་ཚོ་ཚང་མ་གཅིག་གིས་གཅིག་ལ་ཕར་ཚུར་བལྟས་ཏེ་སྡོད་བཞིན་འདུག  གང་ཡིན་ཟེར་ན། དེ་དུས་ང་ན་གཞོན་ཡིན་པ་ཙམ་མ་ཟད་སྤྱོད་པ་ཏོག་ཙམ་ངན་པ་འདྲ་པོ་ཞིག་ཡོད་ཙང་རེད།  དེ་དུས་ཁོང་ཚོས་མཚན་མོར་ཁྱེད་རང་ཚོམས་ཆེན་ནང་དུ་གཟིམ་ན་འགྲིག་ཟེར་བ་ལ་ངས་ཡང་བསྐྱར་ང་ལྷ་དང་མཉམ་དུ་ཉལ་གྱི་མིན་ལབ་པ་ཡིན། འོ་ན་རབ་གསལ་ནང་དུ་གཟིམ་ན་འགྲིག་ཅེས་བར་རྭའི་ཕྱག་མཛོད་ལགས་ཀྱི་དེ་ལྟར་གསུངས་བྱུང་། དེར་ངའི་སྤུན་མཆེད་སོགས་མང་དག་ཅིག་ཡོད་པ་དེ་དུས་མ་གཏོགས་ངས་ཤེས་མ་བྱུང་། ཉིན་གཅིག་ངའི་སར་ཕྱུ་བ་དཀར་པོ་གྱོན་པའི་མི་ཞིག་བསླེབས་ནས་ལུག་ཤ་ཞི་ལིང་གཉིས་སྤྲད་བྱུང་། ངས་སུ་ཡིན་དྲིས་པར་ཕྱག་མཛོད་དམ་པ་དེས་ཁྱེད་རང་གི་སྤུན་མཆེད་རེད། ལྷོ་བྲག་བཀོད་པ་ཁྱིམ་ཚང་དང་ཁ་གདུང་གོང་མ་ཟེར་བའི་ཁྱིམ་ཚང་དེའི་བུ་རེད་ཅེས་གསལ་བཤད་གནང་བྱུང་། དེ་ནས་གཞི་ནས་ལྷོ་བྲག་ཏུ་ཡོད་པའི་ངའི་ཨ་མའི་རིགས་བརྒྱུད་ཀྱི་སྤུན་མཆེད་སོགས་ཐུགས་འཕྲད་བྱུང་བ་རེད། 

            ཐེངས་གཅིག་ང་ལྷོ་བྲག་ནས་ལྷོ་གུང་རྫོང་ཟེར་བའི་ལུང་པ་དེར་གཡག་ལ་གཞོན་ནས་འགྲོ་བསྐྱོད་བྱས་པའི་སྐབས་ཤིག་ལ། ལམ་བར་དུ་གྲོག་རོང་གི་ཁ་ཤུལ་དུ་ཆུས་དྭངས་མ་བཟོས་པའི་རྒྱམ་མཚལ་ཅོག་ལ་མ་ཆེ་ཆུང་མི་འདྲ་བ་མང་པོ་ཞིག་རྙེད་སོན་བྱུང་། དེ་ནས་ང་ཕྱིས་སུ་ལྷ་སར་སློབ་དཔོན་མཁྱེན་རབ་ནོར་བུའི་ཞབས་དྲུང་དུ་བཅར་བའི་སྐབས་ཤིག་ལ་ཅོག་ལ་མ་བྲེ་གང་ཙམ་ཞིག་ཕུལ་བ་ཡིན། དེ་དུས་ཁོང་གིས་ཁྱེད་ལ་དེ་གང་ནས་རག་བྱུང་ངམ་ཞེས་བཀའ་འདྲི་གནང་སོང་། ངས་སྐབས་དེར་ལྷོ་བྲག་དང་ལྷོ་གུང་རྫོང་ཁུལ་ནས་རག་བྱུང་ཞུས་པ་ཡིན་ན། དེ་དུས་གཞུང་ཁྲལ་འཇལ་དགོས་ཀྱི་ཡོད་ཙང་ངས་ཅོག་ལ་མ་དེ་ཚོ་འབྲུག་ཡུལ་ནས་ཡིན་པའི་འབྲུག་པ་ཞིག་གི་ལག་ནས་ཉོས་པ་ཡིན་ཞེས་ཞུས་པ་ཡིན། དེ་ནས་ཁོང་གིས་རྗེས་སུ་ཁྱེད་རང་འབྲུག་ལ་ཕྱིན་ནས་འཁྱེར་ཡོང་རོགས་གསུངས་བྱུང་།

            དེའི་སྐབས་སུ་ང་སྨན་རྩིས་ཁང་དུ་སྨན་བཞུ་བྱེད་དགོས་པ་དང་ཆབས་ཅིག་ཁོང་དང་དགེ་རྒན་གཞན་དག་ཚོ་ཡང་མཇལ་ནས་བཀའ་སློབ་ཞུ་བཞིན་ཡོད། སྨན་རྩིས་ཁང་ནས་སྨན་བཞུ་རྣམས་ཀྱོག་རེ་འཇལ་ནས་རིལ་བུ་མི་འདྲ་བའི་སྨན་མང་པོ་ཉོ་རྒྱུ་ཡོད་པ་རེད། དེ་དུས་ང་ལྷོ་བྲག་ལྷ་ཁང་ཁུལ་དུ་བསྡད་ཀྱི་ཡོད་ལ་མཚམས་རེ་དབུས་དང་། ལྷོ་ཁ་དང་། ཡར་འབྲོག་དང་། ལྷ་ས་སོགས་ས་ཆ་གང་སར་འགྲོ་བསྐྱོད་བྱས་ཏེ་རིས་མེད་ལྟ་བུས་བོད་པའི་ས་གནས་མི་འདྲ་བ་ཁག་སོ་སོར་གཏན་སྡོད་བྱེད་པའི་ནད་པ་མང་པོར་བལྟ་རེག་འདྲི་གསུམ་གྱིས་སྒོ་ནས་རྩ་ལ་བལྟས་པ་དང་ཆུ་ལ་བལྟས་པ་སོགས་ཀྱིས་མཚོན་སྨན་བཅོས་བྱས་ཀྱི་ཡོད། དེ་བཞིན་རི་ཀླུང་ཀུན་དུ་འགྲོ་རྒྱུག་བྱས་ཏེ་སྔོ་སྨན་ངོས་འཛིན།  སྨན་རྒྱུ་གཞན་འཐུ་སྒྲུབ་བྱས་པ། སྨན་སྦྱོར་བྱས་པ། དེ་བཞིན་སྤྱི་ཚོགས་ཀྱི་འཚོ་བ་དངོས་ཀྱི་ནང་ནད་རིགས་སྣ་ཚོགས་ལ་ཉམས་མྱོང་གསོག་འཇོག་བྱས་ཐུབ་པ་བྱུང་སོང་། ངས་བོད་ས་མ་ཤོར་གྱི་བར་དུ་མང་ཆེ་བ་ལྷོ་བྲག་ཁུལ་དུ་བསྡད་པ་ཡིན།

ས་བཅད་བརྒྱད་པ། རྒྱ་གར་འཕགས་པའི་ཡུལ་དུ་སྐྱབས་བཅོལ་ལ་ཕེབས་པ།

            དེ་ནས་བོད་རྒྱལ་ལོ་ ༢༠༨༦ རབ་རྒྱལ་ས་ཕག་དང་། ཕྱི་ལོ ༡༩༥༩ ལོར། བོད་མདོ་དབུས་ཁམས་གསུམ་ཚང་མ་རྒྱ་མིའི་ལག་འོག་ཏུ་ཤོར་ཚར་བ་ཙམ་མ་ཟད་དེ་དུས་ལྷོ་བྲག་ཁུལ་གྱི་མཐའ་མཚམས་ས་ཁུལ་དག་ཀྱང་རྒྱ་མིས་བཀག་འདོམས་བྱས་པ་རེད།  དེ་དུས་ངའི་ཕ་མ་གཉིས་ཀྱི་ཉེ་ཚན་གཞན་དག་ཚོ་ཡང་ཡར་འབྲོག་ཏུ་ཡོད་སྟབས་ངས་ཕ་མ་གཉིས་དང་ཉེ་ཚན་མི་ཉུང་བ་ཞིག་ང་དང་མཉམ་དུ་འཕགས་ཡུལ་རྒྱ་གར་དུ་སྐྱབས་བཅོལ་ལ་ཡོང་ཐུབ་པའི་རེ་བ་ཆེན་པོ་བྱས་ཀྱང་ངའི་ཕ་མ་གཉིས་ཀྱིས་མོས་མཐུན་མ་གནང་བའི་རྐྱེན་གྱིས་མཐར་ང་རང་གཅིག་བུ་ཡོང་དགོས་བྱུང་། ཡིན་ནའང་ང་ལྷོ་བྲག་ཁུལ་དུ་ཡུན་རིང་བསྡད་པ་ཡིན་སྟབས་ས་ཆ་ཚང་མ་རྒྱུས་མངའ་ཡོད་པར་བརྟེན་ལམ་བར་དུ་དཀའ་ངལ་གང་ཡང་ཕྲད་མ་བྱུང་། དེ་དུས་ཉིན་གཅིག་ང་ན་གཤོང་དང་སྤང་གཤོང་ཆེན་པོ་ཞིག་ཏུ་བསླེབས་དུས་ལམ་བར་དུ་མི་རྒོད་ཀྱི་རྐང་རྗེས་ཆེན་པོ་དེ་འདྲ་མཐོང་བྱུང་། དེའི་སྐབས་སུ་སྐྱབས་བཅོལ་དུ་འགྲོ་མཁན་མི་གཞན་ཡང་མང་པོ་ཐུག་ཕྲད་བྱུང་བས་ཁོང་ཚོ་དང་མཉམ་དུ་ཡོང་བ་ཡིན། དེ་ནས་ལམ་དུ་ཤིང་ནགས་སྟུག་པོ་ཞིག་གི་ནང་དུ་བསླེབས་བྱུང་། དེར་ང་ཚོས་མེ་ཤིང་སོགས་འཐུ་སྒྲུབ་བྱས་ཏེ་མཚན་གང་པོར་མེ་བཏང་ནས་བསྡད་པ་ཡིན།

            གང་ཡིན་ཟེར་ན། ཤིང་ནགས་མཐུག་པོ་དེའི་ནང་དུ་སྟག་དང་གཟིག་ལ་སོགས་པའི་གཅན་གཟན་གཏུམ་དྲག་ཅན་མང་པོ་ཡོད་སྟབས་ཉེན་ཁའང་ཆེན་པོ་རེད། དེའི་སང་ཉིན་ཞོགས་པ་སྔ་པོར་ངའི་རྨི་ལམ་ནང་དུ་ཨ་མ་ལགས་སྐུ་གཤེགས་དམ་པ་དེས་ད་ཁྱེད་རང་ཡར་ལངས་ནས་འགྲོ་དགོས་ཟེར་བ་ཞིག་རྨིས་བྱུང་། དེ་ནས་གཉིད་སད་པ་དང་ཡར་ལངས་ནས་ང་ཚོས་ཞོགས་ཟས་ཕྲན་བུ་རེ་བཟས་ཏེ་ཡང་འགྲོ་བ་ཡིན། དེ་དུས་ཡང་ངའི་རྗེས་སུ་ཁམས་པའི་མི་མང་པོ་ཡོང་བཞིན་འདུག་པར་བརྟེན་ཁོང་ཚོ་ས་དེར་རྒྱུས་མངའ་ཅི་ཡང་མེད་སྟབས་ངས་ཁོང་ཚོར་འགྲོ་ལམ་གསལ་པོ་བསྟན་པ་ཡིན། རྗེས་སུ་ཁམས་པའི་མི་དེ་ཚོས་སྐུ་ཞབས་དེ་ནི་ཁོང་ཚོར་ལམ་བསྟན་པའི་ཡིད་དམ་གྱི་སྤྲུལ་པ་ཞིག་ཡིན་པ་འདྲ་ཟེར་བའི་སྐད་ཆ་བྱུང་འདུག

            དེ་ནས་ངས་དམར་རི་མཐོན་པོ་རྩེ་བརྒྱུད་དེ་གངས་ལ་བརྒྱབ་ནས་ཡོང་བ་ཡིན། དེའི་སྐབས་སུ་ང་དང་མཉམ་དུ་ཁམས་པ་དང་རྒྱལ་ཐང་བ་འགའ་མཉམ་དུ་ཡོད། དེ་ནས་ཆོས་སྡེ་ལ་ཟེར་བ་ཞིག་ཡོད་པ་དེ་བརྒལ་ནས་འབྲུག་སི་ཏི་བ་ཟེར་བའི་ས་མཚམས་སུ་བསླེབས་པ་རེད། ང་ཚོ་དེར་འབྱོར་དུས་འབྲུག་སི་ཏིའི་ཟམ་པ་དེ་གཏོར་བཤིག་བཏང་ཚར་འདུག རྒྱ་མི་ཡོང་གི་འདུག་ཟེར་ནས་ཟམ་པ་དེ་གཏོར་བ་རེད་ཟེར་གྱི་འདུག ཡིན་ནའང་ཀོང་རྩེ་རལ་བ་ཟེར་བ་ལ་སོགས་པས་ཤིང་གི་སྦ་དེ་འདྲ་བཟོས་ཏེ་སྣེ་གཉིས་སུ་ཐག་པ་བཏང་ནས་འགྲོ་ལམ་བཟོས་ཚར་འདུག དེ་དུས་རྩ་རི་བ་མི་རྒན་དྲུང་པ་ཟེར་བ་དེ་ཚོ་ཡང་བསླེབས་ཟིན་འདུག དེ་ནི་བོད་ཟླ་བཞི་པའི་ནང་དུ་རེད་ལ་ཁོང་ཚོ་རྩད་མ་བརྔས་པའི་དུས་རེད། འབྲུག་ཐིམ་བུའི་ (Thimbu, Bhutan) ཁུལ་དུ་འབྱོར་དུས་རྟ་ཟག་པ་ཞིག་ལ་བཞོན་པའི་བོད་ཀྱི་གྲྭ་པའི་གོས་གྱོན་པའི་མདོག་ལྟ་བུ་ཞིག་བསླེབས་ཏེ་ད་ཁྱེད་རང་ཚོ་གང་དྲག་ཨཱ། ལམ་བར་ལ་དཀའ་ངལ་མ་བྱུང་ངམ། ངའི་ནང་ལ་ཕེབས་ཤོག་ལབ་ནས་ང་ཚོ་ནང་དུ་ཁྲིད་ནས་ཇ་དང་། མར་དང་། བཟའ་མ་ལ་སོགས་པ་སྟེར་བྱུང་།

            དེ་དུས་ངས་སྣ་ཐ་ཏོག་ཙམ་འཐེན་གྱི་ཡོད་པར་བརྟེན་སྣ་ཐ་འཐེན་ནས་བསྡད་པའི་སྐབས་སུ་མི་དེས་ཁྱེད་རང་ག་ནས་ཡིན་ནམ་ཞེས་དྲིས་བྱུང་བས་ང་དབུས་ནས་ཡིན་ཞེས་ལན་བཏབ་པ་ཡིན།  དེ་ནས་ཡང་འགྲོ་འགྲོ་ནས་ཉིན་ཤས་སོང་བའི་རྗེས་སུ་ཁམས་པའི་མི་དེ་ཚོས་ཁྱེད་རང་སྨན་པ་རེད་ཟེར་གྱི་འདུག  ཁྱེད་རང་ཡང་སྙིང་ག་ནས་ཡིན་ནམ། དྲང་པོ་བྱས་ཏེ་ཤོད་རོགས་ཟེར་བྱུང་། དེ་ནས་ངས་ང་ལྷོ་བྲག་གི་སྨན་པ་ཞིག་ཡིན་བརྗོད་དུས་ཁྱེད་རང་གི་ངོ་གདོང་ལ་བལྟས་ན་དབུས་སྲས་ཐོག་བླ་བྲང་གི་བུ་བཀྲ་ཤིས་ཚེ་རིང་ལགས་ཀྱི་བུ་གཅིག་སྨན་རྩིས་ཁང་དུ་ཡོད་རེད་ཅེས་གོ་ཐོས་བྱུང་། ཕལ་ཆེར་ཁྱེད་རང་མིན་འགྲོ་བསམས་བྱུང་ཞེས་ཟེར་བྱུང་། དེར་ངས་ཁྱེད་རང་ལ་དབུས་གནའ་རབ་ཁུལ་ནས་སྤུན་མཆེད་ཡོད་དམ་ཞེས་དྲིས་པ་ཡིན། དེ་ནས་གཞི་ནས་ང་ཚོ་ཡང་སྤུན་གཉེན་ཡིན་པ་ཤེས་རྟོགས་བྱུང་བ་རེད། 

            དེ་ནས་ང་ཚོ་ཚང་མ་འབྲུག་བྱ་དཀར་རྫོང་ནང་དུ་འབྱོར་བ་རེད། ཨ་ཅེ་ཆོས་སྐྱིད་ཟེར་བ་དེས་ད་ཁྱེད་རང་འདི་གར་སྡོད་རོགས་གསུང་གི་འདུག ངའི་སྤུན་གཉེན་སྐུ་གཤེགས་དམ་པ་གཟིམ་ཁང་ཕྱག་མཛོད་ལགས་དང་ལྷོ་ཁ་བདེ་ཆེན་ཆོས་འཁོར་དགོན་གྱི་རིན་པོ་ཆེ་སྐུ་གོང་མ་ལྷན་རྒྱས་འབྲུག་ཤར་ཕྱོགས་བརྒྱུད་དེ་ལྷུན་རྩེ་རྫོང་ནང་དུ་ང་ཚོ་མཉམ་འཛོམས་བྱུང་སོང་། ལྷུན་རྩེའི་མཁན་པོ་དེ་ང་ཚོ་ཡར་འབྲོག་ཚོ་དང་ལྷག་དོན་ངའི་ནང་དུ་ཡང་འབྲེལ་བ་ཆེན་པོ་ཡོད་སྟབས་དཔེ་མི་སྲིད་པའི་ཐུགས་འཁུར་ཆེན་པོ་མཛད་བྱུང་། གང་ཡིན་ཟེར་ན། ཁྱེད་རང་ཁང་གསར་གོང་མའི་མི་བརྒྱུད་རེད་དཱ། ཁྱེད་རང་འདིར་ང་ཚོ་དང་མཉམ་དུ་གཏན་སྡོད་བྱས་ཏེ་བཞུགས་ན་ཡག་པོ་ཡོད་རེད་གསུངས་བྱུང་། དེ་ནས་ངས་ཁོང་ལ་ང་ཡིན་ཅིག་མིན་ཅིག་རྒྱ་གར་འཕགས་པའི་ཡུལ་དུ་ཐེངས་གཅིག་མ་ཕྱིན་པར་ཐབས་མེད། ད་རེས་ང་ངེས་པར་དུ་འགྲོ་ཐུབ་པ་བྱེད་ཀྱི་ཡིན། རླུང་འཕྲིན་ཁག་བརྒྱུད་ནས་གོ་ཐོས་བྱུང་གསལ་ལྟར་བོད་མི་མང་པོ་ཞིག་སྦག་ས་ལ་ (Buxa, West Bengal) ཆོས་བྱེད་མཁན་ཚོར་ཆོས་བྱ་རྒྱུ་ཡོད་པ་སོགས་ཀྱི་གནས་ཚུལ་ཐོས་བྱུང་། བྱས་ཙང་ང་ཡང་ད་རེས་ངེས་པར་དུ་འགྲོ་འདོད་འདུག་ཅེས་ལབ་པ་ཡིན།

            དེ་ནས་ངའི་སྤུན་མཆེད་ཨ་ནེ་ལ་སོགས་པས་རྟ་ཐོག་ནས་འབྲུག་ས་མཚམས་བརྒལ་ཏེ་རྒྱ་གར་བྱང་ཤར་ས་ཁུལ་དུ་སྐྱེལ་མ་བྱས་བྱུང་། སྦག་སར་འབྱོར་ནས་ངས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཁོངས་སུ་ཐོ་བརྒྱབ་པ་ཡིན།  དེ་དུས་སྐུ་ངོ་ཐུབ་བསྟན་ཉིན་བྱེད་ཞུ་བ་ཞིག་ཡོད་པ་ཁོང་གིས་ང་ལ། ཁྱེད་རང་མིས་གཞན་པ་ཚོས་སྨན་པ་རེད་ཅེས་བཤད་ཀྱི་འདུག  བོད་ཀྱི་ལྷ་ལྡན་སྨན་རྩིས་ཁང་དུ་བསྡད་མྱོང་ངམ་ཞེས་བཀའ་འདྲི་གནང་བྱུང་། ངས་བསྡད་མྱོང་ཡོད་ཅེས་ཞུས་པ་ཡིན། དེ་ནས་གང་མཚམས་ནས་སྣང་རྩེ་གཞིས་ཀའི་ཇོ་ལགས་ཤིག་ཡོད་པ་དེ་ཕེབས་ནས་ད་དཔེ་ཡག་པོ་བྱུང་། ད་ལྟའི་ཆར་སྨན་པ་གཅིག་ཀྱང་འབྱོར་མ་སོང་། ཁྱེད་རང་ Dalhousie ལ་ཐོ་བརྒྱབ་ནས་འགྲོ་དགོས་རེད་ཅེས་གསུངས་པ་སོང་ཙང་ངས་དེར་ཐོ་བརྒྱབ་ནས་ཕྱིན་པ་ཡིན།

            དེར་བསྡད་པའི་སྐབས་ལ་ྋརྒྱལ་བ་ཐམས་ཅད་མཁྱེན་པའི་ཡོངས་འཛིན་སྐུ་བགྲེས་པ་གླིང་རིན་པོ་ཆེ་མཆོག་སྙིང་གི་སྙུང་གཞི་ཡིས་རྐྱེན་བྱས་ཏེ་ཕར་ཚུར་ཆིབས་བསྒྱུར་བསྐྱངས་དུས་མོ་ཊའི་ནང་དུ་ཕེབས་ཐུབ་ཀྱི་མེད་པའི་ཡིད་སྐྱོ་བའི་གནས་ཚུལ་བྱུང་བ་རེད། དེ་ནས་ངས་སྐུའི་གམ་དུ་བཅར་ནས་སྨན་བཅོས་སྲི་ཞུ་རྣམ་དག་ཞུས་པ་ཡིན། སྐུའི་སྙུང་གཞི་ཡང་རིམ་བཞིན་དྭངས་ཐུབ་སོང་བ་འདི་ང་རང་ལའང་ཚོགས་དང་བསོད་ནམས་མང་པོ་བསགས་ཐུབ་པ་བྱུང་སོང་།  ཕྱི་ལོ་ ༡༩༧༤ རབ་རྒྱལ་ཤིང་སྟག་གི་ཕྱི་ཟླ་བཅུ་གཉིས་པའི་ནང་། ྋགོང་ས་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་རྒྱ་གར་དུ་ཐེངས་གསུམ་པ་སྩལ་བའི་ལོ་དེར། ང་ཡང་་རྡོ་རྗེ་གདན་དུ་ཕྱིན་ཏེ་དབང་ཆེན་ཞུ་ཐུབ་པའི་སྐལ་བ་བཟང་པོ་བྱུང་སོང་།

ས་བཅད་དགུ་པ། ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལར་འབོད་བཀུག་གནང་བ།

            བོད་རྒྱལ་ལོ་ ༢༠༨༨ རབ་རྒྱལ་ལྕགས་གླང་དང་། ཕྱི་ལོ་ ༡༩༦༡ ལོ་ལ་རེད། དེ་དུས་ངས་ཌ་ལ་ཧོ་སེར་ (Dalhousie) བསྡད་པའི་རིང་བོད་མི་ལམ་བཟོ་བ་ཚོ་དང་རྒྱ་གར་བའི་ཡུལ་མི་ཚོར་སྨན་བཅོས་གང་ཐུབ་བྱས་པ་ཡིན། དེའི་མཇུག་ཏུ་མི་མང་པོར་ཕན་བསྐྱེད་ཆེན་པོ་འདྲ་ཞིག་བྱུང་སྟེ་ང་ལ་ཨེམ་ཆི་ཞྭ་མོ་དཀར་མོ་ཞེས་མིང་འདོགས་ཤིག་བཏགས་པ་རེད། དེ་དུས་ངས་ཞྭ་མོ་དཀར་པོ་ཞིག་གྱོན་ནས་བསྡད་ཀྱི་ཡོད་པས་དེ་ལྟར་བཏགས་པ་རེད། ྋགོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་སྐུ་ངོ་མས་ལོ་དེར་ང་བཞུགས་སྒར་རྡ་རམ་སཱ་ལར་ཡོང་དགོས་པའི་བཀའ་ཕེབས་བྱུང་། ངས་ཀྱང་ཚེ་འདི་དང་ཕྱི་མའི་སྐྱབས་གནས་ཉག་ཅིག་ཏུ་གྱུར་པའི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་འཁྲིད་ྋགོང་ས་ལྷ་མིིའི་རྣམ་འདྲེན་སྐྱབས་མགོན་རྒྱལ་དབང་ཡིད་བཞིན་ནོར་བུའི་བཀའ་དགོངས་དང་དུ་བླངས་ཏེ་ཅི་གསུངས་བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པའི་སླད་དུ་དགའ་སྤྲོའི་ངང་ནས་རྡ་རམ་ས་ལར་ཆེད་དུ་བསླེབས་ནས་ཁོང་གི་སྐུ་གམ་དུ་ངོ་བཅར་ཞུས་པ་ཡིན།

            དེའི་རྗེས་སུ་ཉིན་གཅིག་ྋསྐུ་མདུན་ཡིད་བཞིན་ནོར་བུ་མཆོག་མཁྲིས་པའི་རྒྱུ་རྐྱེན་ཞིག་གིས། ང་ཚོའི་བོད་སྨན་ནང་དུ་བཤད་པ་ལྟར་མཁྲིས་པ་ཤ་སེར་མིག་སེར་ཟེར་བའི་ནད་གཞི་ཅུང་ལྕི་མོ་ཞིག་བཞེས་པའི་ཚུལ་བསྟན་པ་རེད། དེ་དུས་ཕྱི་ལུགས་ཀྱི་སྨན་དང་བོད་པའི་སྨན་པ་སོགས་སུ་ཞིག་ཡོད་པ་མ་རེད། ཁོང་གི་སྐུ་ཤ་དང་། བཞིན་རས། སྤྱན་ཟུང་སོགས་ཚང་མ་སེར་པོ་སེར་རྐྱང་ཞིག་ཆགས་པ་རེད། དེ་དུས་ངས་རྩ་ཆུ་སོགས་ཀྱིས་བརྟག་དཔྱད་དང་མཁྲིས་པའི་སྨན་སྦྱོར་བའི་ཆེད་དུ་གཞུང་གདམས་ལག་ལེན་དང་བཅས་པའི་སྒོ་གང་ས་ནས་རང་ནུས་ཅི་ལྕོག་གིས་ཐབས་ཤེས་ཞུས་པས་སྐུའི་སྙུང་གཞི་དྭངས་པའི་ཐབས་སུ་སྨན་བཅོས་གང་ལེགས་ཞུ་ཐུབ་པ་བྱུང་སོང་། བརྟག་དཔྱད་ཞུས་པ་དང་གསོལ་སྨན་དུ། སྐྲན་བཤིག་དང་། གསེར་མདོག་ལྔ་པ་དང་། གར་ནག་བཅུ་པ་ཕུལ་བ་རེད། དེ་རྗེས་ཉིན་རེ་ལས་མ་བཞུགས་པར་རིམ་བཞིན་སྐུ་ཁམས་སྔར་རྒྱུན་ལྟར་གྱུར་པའི་ཚུལ་བསྟན་གནང་སོང་།  ད་དུང་ངས་ཕྱིས་སུ་ནད་སླར་མི་ལྡང་བའི་ཐབས་དང་། སྐུ་ལ་སྙུང་གཞི་མི་མངའ་བ། སྐུ་ཁམས་བཟང་བ། སྐུ་ཚེ་ཡུན་དུ་བརྟན་པ། མཛད་འཕྲིན་མཁའ་ལྟར་མཉམ་སྟེ་བསྟན་འགྲོའི་དོན་ཆེན་འབད་མེད་ལྷུན་གྱིས་འགྲུབ་པའི་སྨོན་ལམ་དང་མཆོག་གསུམ་སྤྱི་དང་སྒོས་སུ་སྨན་བླའི་གསོལ་འདེབས་སོགས་གང་མང་བཏོན་ཏེ། ྋརྒྱལ་བའི་སྐུ་ཕྱྭའི་སླད་དུ་སྲི་ཞུ་ལྷག་བསམ་རྣམ་དག་གིས་བསྒྲུབས་ཐུབ་པ་བྱུང་།

            དེ་ནི་ཚེ་རབས་སྔ་མའི་ལས་དང་སྨོན་ལམ་བཟང་པོའི་མཐུ་ལས་གྲུབ་པ་ཞིག་རེད་བསམས་བྱུང་། ང་ལ་མཚོན་ན་ཚེ་འདིར་འཕགས་མཆོག་སྤྱན་རས་གཟིགས་དབང་མི་ཡི་རྣམ་པར་རོལ་པ། ྋགོང་ས་རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་ལ་ ༡༩༦༡ ནས་ ༡༩༨༡ བར་དུ་ལོ་ངོ་ཉི་ཤུའི་རིང་སྐུ་བཅར་བླ་སྨན་པའི་ཞབས་ཞུ་བསྒྲུབས་རྒྱུ་བྱུང་བ་དེ་ནི་ཧ་ཅང་གི་སྐལ་བ་བཟང་པོ་ཡིན་པ་མ་ཟད། ཚེ་རབས་གཏན་དུ་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་རྗེས་སུ་བཟུང་བའི་ལས་སྨོན་ཁྱད་དུ་འཕགས་པ་ཞིག་ཡིན་པའི་དགའ་ཚོར་ཆེན་པོ་ཐོབ་བྱུང་། དེ་ནི་ངས་ཚེ་འདིར་བྱས་པའི་ལེགས་བྱས་རྣམ་དཀར་གྱི་དགེ་བའི་བྱ་བ་བཟང་ཤོས་སུ་གྱུར་པའི་གྲས་ཤིག་ཡིན། ང་རང་གི་མིག་གིས་མཐོང་བ་ཚེ་འདིར་ཡང་བསོད་ནམས་བཟང་པོའི་མཐུས་ང་རང་མི་ཚེ་རིང་པོ་དང་། ལུས་ལ་ན་ཚ་ཉུང་བ། སེམས་ལ་དཀའ་ངལ་མེད་པ། ཅི་བྱས་ཚང་མ་འབད་མེད་དུ་གྲུབ་པ། བྱ་བ་ལམ་འགྲོ་ཆེ་བ། བསམ་དོན་ཡོད་བཞིན་གྲུབ་པ་སོགས་འདི་དག་ཚང་མ་ཁོང་ལ་གང་ཐུབ་ཐུབ་ཀྱིས་ཞབས་ཞུ་ལྷག་བསམ་རྣམ་དག་ཞུས་པའི་སྐུ་དྲིན་ཁོ་ན་ཡིན་པའི་ངེས་ཤེས་རྙེད་བྱུང་།  སེམས་བཟང་པོ་དང་ལྷག་བསམ་རྣམ་དག་བྱེད་དགོས་པ་དེ་ནི་མི་ཚེའི་ནང་རྩ་ཆེ་ཤོས་ཤིག་རེད་དྲན་གྱིན་འདུག ྋསྐུ་མདུན་སྐུ་ངོ་མས་ཀྱང་བཀའ་ཆོས་གནང་བའི་སྐབས་ཤིག་ལ། ང་ལ་མཁྲིས་པའི་ནད་ཀྱིས་སེར་པོ་སེར་རྐྱང་ཆགས་ནས་ན་བའི་སྐབས་སུ་ཐབས་ཤེས་མང་པོ་བཏང་བ་ཡིན་ཀྱང་། དེ་དུས་ཡེ་ཤེས་དོན་ལྡན་ཁོ་རང་གིས་སྨན་བཅོས་བྱས་ཏེ་ངའི་མཁྲིས་ནད་དེ་དྲག་བསྐྱེད་བྱུང་སོང་། དེ་རིང་གསུང་ཆོས་བྱས་ཐུབ་པ་དེ་ཡང་ཁོང་རང་གི་སྐུ་དྲིན་ཡིན་ཞེས་ཞལ་ནས་གསུངས་པ་རེད། 

            དེ་ནས་ཕྱི་ལོ་ ༡༩༦༡ ལོ་དེ་རང་ལ། ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་བསྐྱེད་ཀྱི་སྨོན་ལམ་བཟང་པོའི་གཟིགས་སྐྱོང་འོག་ཏུ་བཞུགས་སྒར་རྡ་རམ་ས་ལར་སྨན་སྦྱིན་ཁང་གསར་འཛུགས་བསྐྱངས་པ་རེད།  དེ་དུས་རྡ་རམ་ས་ལའི་ Kishore Nivas ཟེར་བའི་ས་གནས་སུ་ཐོག་མར་རྩ་རས་ཀྱིས་བཟོས་པའི་ཤིང་ཁང་ཆུང་ཆུང་ཞིག་བརྒྱབ་ནས་གཞི་ནས་འགོ་འཛུགས་བྱས་པ་ཡིན།  དེ་རྗེས་སུ་སྔོན་མ་དབྱིན་ཇིས་བཙན་བཟུང་སྐབས་ཀྱི་སྡོད་གནས་ Chopra House ཟེར་བར་གནས་སྤོས་བྱས་པ་རེད།  དེ་དུས་ྋགོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་སློབ་དང་། ལམ་སྟོན་དང་གཟིགས་སྐྱོང་འོག་ཏུ་དཔལ་ལྡན་སྐུ་སྒེར་ལས་ཁུངས་དང་བོད་གཞུང་ཆོས་དོན་ལས་ཁུངས་ཀྱིས་མཐུན་འགྱུར་རམ་འདེགས་གནང་གི་ཡོད་པ་རེད།  ྋགོང་ས་མཆོག་གིས་ཆོས་དོན་ལྷན་ཁང་བརྒྱུད་དེ་བཀའ་ཡིག་ཕེབས་པ་ལྟར་ང་སྨན་རྩིས་ཁང་གི་འཛིན་སྐྱོང་དང་། སྨན་སྦྱིན། སྨན་དགེ་སོགས་གཅིག་ལྕོགས་སུ་བསྐོ་བཞག་བཀའ་དྲིན་སྩལ་གནང་བྱུང་། དེ་དུས་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་གསུང་ཞབས་དམ་པ་ལྷ་དབང་ལགས་དང་བཀྲ་ཤིས་རྒྱལ་མཚན་ལགས་རྣམ་གཉིས་ངའི་དགེ་ཕྲུག་ཏུ་ཐོག་མར་ཕེབས་པ་རེད། དེ་ནས་ཡང་བསྐྱར་རྣམ་རྒྱལ་གྲྭ་ཚང་ནས་ཡེ་ཤེས་བསོད་ནམས་དང་། བྱམས་པ་བསྟན་འཛིན། བྱམས་པ་དབང་འདུས། ལྷག་ཆུང་། ངག་དབང་འཇིགས་མེད། སེར་སྨད་གྲྭ་བློ་བཟང་ཆོས་འཕེལ་ལགས་བཅས་སྨན་སློབ་གསར་བསྡུ་བྱས་པ་རེད།  

            ཕྱི་ལོ་ ༡༩༦༢ རབ་རྒྱལ་ཆུ་སྟག་ལོར། བོད་གཞུང་ཆོས་དོན་ལྷན་ཁང་གི་བཀའ་འབྲེལ་ལྟར་སྨན་པ་ངག་དབང་ཡེ་ཤེས་ལགས་སྨན་སྦྱིན་ཁང་དུ་སྨན་དགེ་གཞོན་པར་བསྐོ་གཞག་གནང་བ་རེད།  དེ་ནས་ཡང་ ༡༩༦༣ རབ་རྒྱལ་ཆུ་ཡོས་ལོར། ཆོས་དོན་ལས་ཁུངས་ཀྱི་བཀའ་འབྲེལ་ལྟར་ཁྲོ་དགའ་བ་རིན་པོ་ཆེ་དང་། གྲོ་མོ་དུང་དཀར་དགོན་གྱི་སྨན་པ་བློ་བཟང་བཀྲ་ཤིས། ས་སྐྱ་དཔལ་རྩེའི་སྨན་པ་ཕུན་ཚོགས་ནོར་བུ་ལགས་བཅས་གདན་ཞུས་མཛད་པ་རེད། ལོ་དེར་ཁྲོ་དགའ་བ་བསམ་འཕེལ་ནོར་བུ་རིན་པོ་ཆེ་སྨན་དགེ་དང་།  གཞན་རྣམས་སྨན་སྦྱིན་པ་དང་སྨན་རྩ་མཁོ་སྒྲུབ་པ་སོགས་ཀྱི་ལས་འགན་བཀོད་སྒྲིག་གནང་བ་རེད། ལོ་དེར་ངས་སྨན་རྩིས་ཁང་འཛིན་སྐྱོང་གི་འགན་འཁུར་བྱས་པ་མ་ཟད་སློབ་འཁྲིད་ཀྱི་ལས་འགན་ཡང་འཁུར་མུས་ཡིན་སྟབས།

ས་བཅད་བཅུ་པ། ྋརྒྱལ་བའི་བླ་སྨན་པར་བསྐོ་གཞག་སྩལ་པ།

            ལོ་དེར་བོད་རྒྱལ་ལོ་ ༢༠༩༠ རབ་རྒྱལ་ཆུ་ཡོས་དང་། ཕྱི་ལོ་ ༡༩༦༣ ལོར། ྋགོང་ས་མཆོག་གིས་ལས་དང་སྨོན་ལམ་བཟང་པོའི་མཐུས་ང་ལ་དམིགས་བསལ་གྱི་གཟིགས་པ་ཆེན་པོས། ྋརྒྱལ་བའི་སྐུ་བཅར་བླ་སྨན་པ་ལ་དངོས་སུ་བསྐོ་གཞག་བསྩལ་གནང་བ་རེད། དེའི་སྐབས་སུ་སློབ་ཕྲུག་རྣམས་ལ་དཔལྡན་རྒྱུད་བཞི་དང་། འགྲེལ་པ་བཻ་སྔོན། སྨན་སྦྱོར་གྱི་ནུས་པ་ཕན་བདེ་ལེགས་བཤད། སྨན་གྱི་ལོ་རྒྱུས་སོགས་སློབ་འཁྲིད་བྱས་ཀྱི་ཡོད།  དེ་དུས་བོད་ཀྱི་རིག་གཞུང་སྨན་སྦྱིན་སློབ་ཁང་ཞེས་མིང་བཏགས་པ་རེད།  དེའི་དུས་སྐབས་སུ་སྨན་གྱི་སློབ་དེབ་བློ་འཛིན་དང་། ངག་རྒྱུགས། སློབ་སྦྱོང་བྱས་པ་ཙམ་མ་ཡིན་པར་ལག་ལེན་གྱི་ཐོག་ནས་སྨན་རྩ་མཁོ་སྒྲུབ་བྱས་དགོས་པ་དང་། སྨན་ཞིབ་བརྡུང་བྱས་དགོས་པ། སྨན་གྱི་སྦྱོར་བ་བྱས་པ། རྩ་ཆུ་བརྟག་ཐབས། ནད་པར་སྨན་སྤྲོད་པ་སོགས་ཚང་མ་བྱས་དགོས་པ་རེད།  དེ་དུས་སློབ་སྦྱོང་དང་། མཐུན་རྐྱེན། འཚོ་བ་སོགས་ཕྱོགས་གང་ཅིའི་ཐད་ནས་ཧ་ཅང་གི་དཀའ་ཚེགས་ཆེན་པོ་རེད། སྔ་དྲོ་སློབ་སྦྱོང་དང་ཉིན་རྒྱབ་ལས་ཀ་བྱས་དགོས་པ་རེད། ཡིན་ནའང་དེ་ཚོ་ནི་གཞན་ཕན་གྱི་བྱ་བ་ཡིན་ལ་སྨན་གྱི་ལག་ལེན་ངོ་མའང་དེ་ཚོ་ཡིན་པ་རེད། རིག་པའི་གཞུང་ལུགས་དང་ལག་ལེན་གཉིས་ཟུང་དུ་སྤྲེལ་དགོས་པ་ལས་སོ་སོར་ཁ་བྲལ་ཐབས་མེད་པ་ཞིག་རེད།

ས་བཅད་བཅུ་གཅིག་པ། བོད་ཀྱི་གསོ་བ་རིག་པ་ངོ་སྤྲོད།

            དེ་ནས་བོད་ཀྱི་གསོ་བ་རིག་པའི་སྐོར་ལ་ཅུང་ཟད་ཅིག་བཤད་ན། བོད་གནའ་རབས་ཀྱི་དུས་སྐབས་སུ་གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་ནས་བརྒྱུད་པའི་དཔྱད་བུ་ཁྲི་ཤེས་སོགས་དང་། དེ་ལས་བརྒྱུད་པའི་གནའ་བོའི་བོད་ཀྱི་གསོ་རིག་སྟེ་སྐབས་དེའི་བོད་རང་གི་རང་བྱུང་ཁམས་ཀྱི་ནད་རིགས་སྣ་ཚོགས་ལ་བོད་མི་རིགས་རང་གིས་ཐབས་ཤེས་ཡུན་རིང་བསྟུད་མར་བྱས་ཡོད། དེ་ལས་གྲུབ་པའི་བོད་སྨན་གསོ་བཅོས་རིག་པ་དཔེར་ན། གནའ་སྔ་མོར་མ་ཞུ་བའི་ནད་ལ་ཆུ་སྐོལ་བཏུང་ན་སྨན་དང་། རྨ་ཡི་རིགས་ལ་མར་ཁུ་དང་། རླུང་གི་ནད་ལ་ཆང་གིས་ཕན་པའི་བཅོས་ཐབས་ཀྱི་རིགས་པ་དུ་མ་ཞིག་རྙེད་ཡོད་པ་རེད།  ཡིན་ནའང་ང་ཚོས་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཞེས་ལབ་དུས་ཙ་ན་གཞུང་ལུགས་ཀྱི་འབྱུང་ཁུངས་གཙོ་བོ་དེ་གནའ་རབས་རྒྱ་གར་ནས་རིམ་པས་བོད་གངས་ཅན་ལྗོངས་སུ་དར་ཁྱབ་བྱུང་བ་ཞིག་རེད། ང་རང་ཚོའི་བོད་ཀྱི་ནང་བསྟན་ཆོས་ལུགས་ཀྱི་མདོ་སྔགས་གསུང་རབ་ཀུན་དང་། བོད་ཀྱི་ཡི་གེ་དང་། དཔལ་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་ཕྱི་ནང་གཞན་གསུམ་ལས་སྐར་དཔྱད་རྩིས་རིག་པ་དང་གསོ་བ་རིག་པ་སོགས་ནི། གཙོ་བོ་ནང་པ་སངས་རྒྱས་པའི་ཆོས་དང་འབྲེལ་ཞིང་འཚེ་བ་མེད་པའི་ལྟ་གྲུབ་ལ་གཞི་བཅོལ་ནས་བྱུང་བའི་རིག་པའི་གཞུང་ལུགས་ཤ་སྟག་རེད། རིག་གཞུང་བཟང་པོ་དེའི་ལྟ་གྲུབ་ལ་གཞི་བཅོལ་བའི་སྟེང་དུ་མཐའ་བཞི་མཚམས་བརྒྱད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་དཀར་ནག་དང་། ཁ་ཆེ། བལ་པོ། སོག་ཡུལ། གྷི་རིག་ (Greek) སོགས་ནས་གསོ་རིག་གི་ཉིང་བཅུད་རྣམས་བཀའ་དྲིན་ཅན་གྱི་བོད་རྒྱལ་བཙན་པོ་སོ་སོའི་སྐུ་རིང་ལ་ཁ་སྣོན་གྱི་ཚུལ་དུ་ལེགས་ཆ་གང་ཡོད་པ་རྣམས་བཏུས་པ་ཞིག་རེད།

            འདིར་བོད་ཀྱི་གསོ་བ་རིག་པའི་དཔལྡན་རྒྱུད་བཞིའི་བླ་བརྒྱུད་སྐབས་སུ་དཔེར་ན། སྟོན་པ་ཤཱཀྱ་ཐུབ་པ་དང་།  སངས་རྒྱས་སྨན་བླ། སྨན་བླ་བདེ་གཤེགས་མཆེད་བརྒྱད། རྒྱུན་ཤེས་བུ། འཚོ་བྱེད་གཞོན་ནུ། མགོན་པོ་ཀླུ་སྒྲུབ། མ་ཁོལ། ཟླ་བ་མངོན་དགའ་ལ་སོགས་པ་ནས་མཆེད་དེ། བོད་རྒྱལ་གདུང་རབས་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་དུས་སུ་རྒྱ་གར་གྱི་སྨན་པ་མཁས་པ་བི་བྱེད་དགའ་བྱེད་དང་བི་དགའ་གཉིས་རྗེ་བཙུན་སྒྲོལ་མས་བོད་དུ་འགྲོ་དགོས་པའི་ལུང་བསྟན་བྱུང་བ་ལྟར་ཁོང་གཉིས་བོད་ཀྱི་སྟོད་ཕྱོགས་བརྒྱུད་དེ་ཕེབས་པ་རེད། དེ་དུས་བོད་ཀྱི་ཡུལ་མི་རྣམས་ལ་སྨན་བཅོས་བསྐྱངས་ནས་སྨན་གྱི་འགྲོ་དོན་དང་སྙན་གྲགས་རྒྱ་ཆེར་ཁྱབ་པར་བརྟེན་ནས་བོད་ཀྱི་རྒྱལ་པོས་ཀྱང་ཆེ་མཐོང་མཛད་དེ་ཕོ་བྲང་དུ་གདན་དྲངས་པ་རེད། དེ་དུས་རྒྱལ་པོའི་སྲས་མོ་ལྷ་ལྕམ་ཡིད་ཀྱི་རོལ་ཆ་དྲང་སྲོང་བི་བྱེད་དགའ་བྱེད་ཀྱི་བཙུན་མོར་ཕུལ་བ་ལས་སྲས་དུང་གི་ཐོར་ལྕོག་ཅེས་བྱ་བ་བོད་རྒྱལ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་བླ་སྨན་མཛད་པ་དེ་ཡིན། དེ་ནས་ཉེ་བར་བརྒྱུད་པའི་རིགས་བརྒྱུད་ཀྱི་སྨན་པ་བློ་གྲོས་ཆེན་མོ་དང་བློ་གྲོས་མཚུངས་མེད་ལ་སོགས་པ་བོད་ཀྱི་སྨན་པ་རྣམས་གསོ་རིག་སྙན་བརྒྱུད་ཀྱི་སྨན་པ་དང་རིགས་བརྒྱུད་གནང་རིགས་ཀྱི་སྨན་པ་ཤ་སྟག་རེད།

            དེའི་གདུང་བརྒྱུད་དྲི་མ་མེད་པ་ལས་འཁྲུངས་པའི་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་མཆོག་ནི། ཕྱི་ལོ ༧༠༨ ལོར་སྤྲེལ་ཟླའི་ཚེས་བཅོ་ལྔ་སྐར་མ་རྒྱལ་དང་རེས་གཟའ་ཕུར་བུ་གཉིས་འཛོམས་པའི་ཉིན་མོར། སྐྱེ་བོ་ཀུན་དང་མི་འདྲ་བར་ངོ་མཚར་ཆེ་བའི་ལྟས་དུ་མ་དང་བཅས་བོད་སྟོད་ལུང་སྐྱིད་སྣ་ཞེས་པར་ཡབ་གཡུ་ཐོག་ཁྱུང་པོ་རྡོ་རྗེ་དང་ཡུམ་རྒྱ་ས་ཆོས་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་པ་རེད། དེ་ནི་སངས་རྒྱས་སྨན་བླ་བསམ་བཞིན་དུ་སྨན་པའི་ཚུལ་དུ་བྱོན་པ་ཞིག་ཡིན། དེའི་དུས་སུ་རྒྱ་གར་དུ་བྱོན་ནས་གཞུང་གདམས་ངག་དུ་མ་བླངས་ནས་ཉམས་བཞེས་མཛད་པ་མ་ཟད་དཔལ་ལྡན་རྒྱུད་བཞི་ཟེར་བ་དེ་ལ་ཡང་བཀའ་གཏེར་གཉིས་སུ་བྱུང་བ་རེད།  དེ་དུས་རྗེ་བཙུན་ཆེན་པོ་གཡུ་ཐོག་དེ་རྒྱ་གར་དུ་བྱོན་ནས་སློབ་དཔོན་ཆེན་པོ་ཙན་ཌ་དེ་ཝའི་ཞབས་ལ་གཏུགས་པ་རེད། ལམ་བར་དུ་སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་བེ་རོ་ཙཱ་ན་དང་མཇལ་བའི་ལོ་རྒྱུས་ཡོད་རེད། དེ་དུས་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་རྒྱུད་བཞི་གཏེར་ལ་སྦས་པ་རེད། རྒྱུད་བཞི་དེ་ལ་ཡང་དོན་དག་གཅིག་པ་ཡིན་པ་ལ་རྒྱུད་ཀྱི་ནང་དུ་རྒྱུད་ཚིག་མི་འདྲ་བ་བྱས་པའི་རྒྱུད་བཞི་ཁག་གཉིས་བྱུང་ཡོད་པ་རེད། དེང་སང་རྒྱུད་བཞི་ཁག་ཁག་བྱས་པ་དེ་གཉིས་ཡོད་མེད་མི་ཤེས་ཀྱང་སྔོན་མ་རྒྱུད་བཞི་ཚིག་མི་འདྲ་བ་བྱས་པ་ཁག་གཉིས་མཇལ་རྒྱུ་ཡོད།  དེ་ནས་བཟུང་ལས་དང་སྨོན་ལམ་བཟང་པོ་ཞིག་གིས་སྨན་པ་དུང་གི་ཐོར་ལྕོག་ནས་བཟུང་སྟེ་བོད་ཀྱི་རྒྱལ་རབས་མི་འདྲ་བའི་དུས་སྐབས་སུ་རྒྱལ་པོའི་བླ་སྨན་ཡང་མི་འདྲ་བ་རིམ་པ་བཞིན་དུ་བྱོན་པ་རེད།  

            དེ་ནས་དུས་རབས་བཅུ་གཉིས་པའི་ནང་དུ། རྗེ་བཙུན་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོའི་གདུང་བརྒྱུད་ལས་སྐུ་འཁྲུངས་པའི་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ་བྱོན་པ་རེད། ཁོང་ནི་སངས་རྒྱས་སྨན་བླའི་སྤྲུལ་པ་ཞིག་དང་སྨན་རྩིས་ཙམ་མ་ཟད་མདོ་སྔགས་རིག་གནས་དང་བཅས་པར་མཁས་ཤིང་གྲུབ་པའི་སྐྱེས་ཆེན་དམ་པ་ངོ་མཚར་ཁྱད་དུ་འཕགས་པ་ཞིག་རེད། སྐུ་ཚེ་ཧྲིལ་པོར་གཞན་དོན་གཙོ་བོ་གསོ་དཔྱད་ཀྱི་བསྟན་པ་བསྐྱངས་ནས་མི་ལོ་ ༡༢༥ བཞུགས་པའི་མཐར་སྐུ་གཟུགས་དེ་ཉིད་མ་སྤངས་པར་འཇའ་ལུས་ཆོས་ཀྱི་དབྱིངས་སུ་ཕེབས་པའི་ཚུལ་བསྟན་པ་རེད། རྗེ་བཙུན་ཆེན་པོ་གཡུ་ཐོག་གསར་རྙིང་གཉིས་ཀྱིས་གཙོ་བོ་བཀའ་རྫོགས་པ་ཆེན་པོ་ཉམས་བཞེས་མཛད་དེ་རྒྱལ་བའི་དགོངས་བརྒྱུད་དང་། དོན་བརྒྱུད། རིག་འཛིན་བརྡ་བརྒྱུད་བཅས་ཀྱི་མདོ་སྔགས་ཉམས་བཞེས་མཛད་མཁན་ཞིག་རེད།

            དེ་ནས་དུས་རབས་བཅུ་བཞི་པའི་ནང་ལ། བྱང་པ་རྣམ་རྒྱལ་གྲགས་བཟང་མཆོག་སྟོད་ངམ་རིངས་སུ་སྐུ་འཁྲུངས་པ་རེད། རྒྱ་གར་རྡོ་རྗེ་གདན་གྱི་མཁན་པོ་ཤཱ་རི་པུ་ཊ་དང་། པཎ་ཆེན་ནགས་ཀྱི་རིན་ཆེན། བོ་དོང་ཕྱོགས་ལས་རྣམ་རྒྱལ་སོགས་མཁས་གྲུབ་གཉིས་ལྡན་གྱི་བསྟན་འཛིན་གྱི་སྐྱེས་ཆེན་དུ་མའི་ཞབས་ལ་གཏུགས་ནས་མདོ་སྔགས་རིག་གནས་དང་བཅས་པར་མཁས་པའི་པཎ་ཆེན་ཞིག་ཏུ་གྱུར་ཏེ་དཔལ་ལྡན་རྒྱུད་བཞིའི་བསྟན་པའི་བདག་པོར་གྱུར། ཁོང་གིས་བོད་ཀྱི་གསོ་རིག་ལོ་རྒྱུས་ཁྲོད་དུ་བྱང་ཟུར་གཉིས་ཞེས་པ་ལས་བྱང་པའི་ལུགས་གཙོ་བོར་སྲོལ་འབྱེད་མཛད་པ་རེད། ལྷག་པར་དུ་མཁས་པ་མང་པོ་བསྐྱེད་བསྲིང་བྱས་པའི་བརྒྱུད་འཛིན་གྱི་སྨན་པ་དེ་དག་ལ་བྱང་ལུགས་སྨན་པ་ཞེས་གྲགས་པ་རེད།

            དེའི་རྗེས་སུ་དུས་རབས་བཅོ་ལྔ་པའི་ནང་དུ། དྭགས་པོ་ལ་ཐོག་ཟུར་མཁར་དུ་སྐུ་འཁྲུངས་པའི་ཟུར་མཁར་མཉམ་ཉིད་རྡོ་རྗེའམ་མཚན་གཞན་རྗེ་དྷརྨ་སྭ་མི་ཞེས་མཚན་སྙན་པར་གྲགས་པའི་སྐྱེས་བུ་དམ་པ་དེ་བྱོན་པ་རེད། ཁོང་གིས་སྐྱེས་ཆེན་མང་པོའི་ཞབས་ལ་གཏུགས་པ་ཙམ་མ་ཟད་རྗེ་གཡུ་ཐོག་གིས་དངོས་དང་རྨི་ལམ་ཚུན་ཆད་དུའང་རྗེས་སུ་བཟུང་བའི་དཔལྡན་རྒྱུད་བཞིའི་བསྟན་པའི་བདག་པོ་ཞིག་ཏུ་གྱུར་པ་རེད། ཁོང་གིས་བོད་ཀྱི་གསོ་རིག་ལོ་རྒྱུས་ཁྲོད་དུ་བྱང་ཟུར་གཉིས་ཞེས་པ་ལས་གཙོ་བོར་ཟུར་ལུགས་ཀྱི་སྲོལ་འབྱེད་མཛད་ནས་དེའི་བརྒྱུད་འཛིན་མཁན་གྲངས་ལས་འདས་པ་དག་ལ་ཕྱིས་སུ་ཟུར་ལུགས་སྨན་པ་ཞེས་གྲགས་པ་རེད།

            དེའི་རྗེས་སུ་དུས་རབས་བཅུ་བདུན་པའི་ནང་ལ། ྋརྒྱལ་མཆོག་ལྔ་པ་ཆེན་པོའི་སྐུ་དུས་སུ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་སྐུ་འཁྲུངས་པ་རེད། ཁོང་གིས་སླར་ཡང་བོད་ཀྱི་གསོ་རིག་གི་བསྟན་པར་དག་ཐེར་རྣམ་དག་མཛད་དེ་བོད་ལུགས་གསོ་རིག་བསྟན་པའི་བདག་པོར་གྱུར་པ་རེད། ྋརྒྱལ་མཆོག་ལྔ་པ་ཆེན་པོའི་སྐུའི་བླ་སྨན་པ་དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་མཆོག་ཀྱང་དུས་མཉམ་དུ་བྱོན་པ་རེད།  སྡེ་སྲིད་ཀྱིས་འགྲེལ་པ་བཻ་སྔོན་མཛད་པ་ནས་བཟུང་ད་བར་དུ་འགྲེལ་ཆེན་གྱི་ཁུངས་བཙན་པོ་དང་རྩ་འཛིན་བྱེད་ས་གཙོ་བོ་ཞིག་ཏུ་གྱུར་པ་རེད།

            དེ་ནས་དུས་རབས་བཅུ་བདུན་པ་དང་བཅོ་བརྒྱད་པའི་ནང་དུ། སི་ཏུ་པཎ་ཆེན་དང་ལྷག་པར་དུའང་དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་མཆོག་ཁམས་གོ་འཇོ་རུ་སྐུ་འཁྲུངས་པ་རེད། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་བོད་ཀྱི་གསོ་རིག་བསྟན་པ་སྤྱི་དང་ཡང་སྒོས་སྨན་རྫས་རིག་པའི་སྐོར་ལ་ཞིབ་འཇུག་དང་འབྲེལ་ནས་དྲི་མེད་ཤེལ་གོང་དང་ཤེལ་འཕྲེང་གཉིས་མཛད་པ་རེད། དེ་ནས་བཟུང་སྟེ་ད་བར་དུ་སྨན་རྫས་རིག་པའི་ཁུངས་དང་གཞི་འཛིན་ས་གཙོ་བོ་ཞིག་ཏུ་གྱུར་པ་རེད། དེའི་སྔོན་ལ་ཀརྨ་པ་སྐུ་འཕྲེང་གསུམ་པ་རྗེ་རང་བྱུང་རྡོ་རྗེའི་སྨན་མིང་བརྒྱ་རྩ་ལ་སོགས་པའི་སྨན་རྫས་རིག་པའི་གཞུང་ཁུངས་བཙན་ཞིག་དང་ད་དུང་སྔོ་འབུམ་དང་སྨན་གྱི་འཁྲུངས་དཔེ་སོགས་ཇི་སྙེད་ཅིག་བཞུགས་ཡོད། 

            སྤྱིར་བཏང་བོད་ཀྱི་གསོ་རིག་བསྟན་པ་ལ་དར་རྒུད་ཆེ་བའི་མཚམས་སུ་བྱོན་པའི་གསོ་རིག་མཁས་པའི་གཙུག་རྒྱན་རྣམ་པ་གཙོ་གྲས་སུ་བཏོན་པ་ཙམ་རེད། གསོ་རིག་རྒྱུད་འཛིན་གྱི་མཁས་པ་གྲངས་ལས་འདས་པ་བྱོན་ཡོད། ངས་གོང་དུ་མིང་སྨོས་བྱས་པ་རྣམས་གཙོ་གྲས་རྣམ་པ་རེད། དེ་མ་གཏོགས་ཆ་ཚང་བ་རེ་རེའི་མཚན་ལབ་དགོས་བྱུང་ན་ལབ་མི་ཚར་བ་ཞིག་ཡོད། སྔར་གྱི་མཁས་པ་རེ་རེ་ལའང་གཞུང་དང་། མན་ངག་དང་། ཉམས་མྱོང་དང་། ལག་རྩལ་དང་། ཁྱད་ཆོས་ལ་སོགས་པ་མི་འདྲ་བ་མང་དག་ཅིག་ཡོད་པ་རེད།

            སྤྱིར་བཏང་བོད་སྨན་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ནང་དུ་སངས་རྒྱས་ཀྱིས་གསུངས་པའི་རྒྱལ་བའི་བཀའ་འགྱུར་གྱི་རྒྱུད་ཏ་པའི་ནང་དུ་བསྟན་པའི་སངས་རྒྱས་སྨན་བླའི་ཞིང་བཀོད་ལྟར། སྔོན་དུས་སངས་རྒྱས་ཞལ་བཞུགས་པའི་སྐབས་སུ་རྒྱ་གར་གྱི་ཡུལ་མ་ག་དྷ་ཟེར་བ་ལ་བོད་སྐད་དུ་ཡུལ་རོལ་མོའི་སྒྲ་ཅན་ཟེར་བ་དེ་ལ་སྨན་བླ་བདེ་བར་གཤེགས་པའི་ལྷ་ཚོགས་མཆེད་བརྒྱད་གདན་འཛོམས་པ་མཛད་ཡོད། དེ་ནས་མི་མཇེད་འཇིག་རྟེན་ཁམས་ཀྱི་ཞིང་འདིའི་རྩོད་ལྡན་ཚེ་ལོ་བརྒྱ་པའི་སེམས་ཅན་སྤྱི་དང་ལྷག་པར་དུ་སྙིགས་མ་ལྔ་བདོའི་སྐབས་ཀྱི་སེམས་ཅན་ནད་ཀྱིས་གཙེས་པའི་ཉམ་ཐག་ནད་པའི་ཕྱིར་དུ། སངས་རྒྱས་སྨན་བླས་དམིགས་བསལ་གྱི་ཐུགས་རྗེའི་གཟིགས་པ་ཆེན་པོའི་ལས་དང་སྨོན་ལམ་མཐུ་བཙན་པའི་དབང་གིས། སྤྱིར་རྒྱལ་བ་ཤཱཀྱ་ཐུབ་པ་རང་ཉིད་ཀྱིས་སྨན་པའི་རྒྱལ་པོར་དབང་བསྐུར་བའི་འཚོ་བྱེད་གཞོན་ནུས་གསོས་ཞེས་བྱ་བའི་སྨན་པ་དང་དེ་ལས་ཉེ་བར་བརྒྱུད་པའི་སྨན་གྱི་བླ་བརྒྱུད་ཁག་ནས་མར་ཡོང་ནས། མཐའ་མ་དེ་ལ་བོད་ཆོས་ལྡན་གྱི་རྒྱལ་ཁབ་ཏུ་ལས་སྨོན་དབང་གིས་ཉེ་བར་འབྲེལ་བའི་སངས་རྒྱས་སྨན་པའི་སྤྲུལ་པ་རྗེ་བཙུན་གཡུ་ཐོག་ཡོན་ཏན་མགོན་པོ་ལ་སོགས་པ་མཁས་དང་སྒྲུབ་པ་བརྙེས་པའི་སྐྱེས་བུ་དམ་པ་མང་པོ་ཞིག་ཕེབས་པ་རེད། དེ་ནས་ཁོང་ཚོའི་གཞུང་གདམས་ངག་ཟབ་མོས་འཚེ་བ་མེད་པའི་བྱམས་བརྩེའི་ལྟ་གྲུབ་གཞི་རྩར་བྱས་པའི་སྨན་གྱི་གཞུང་ལུགས་ཐུན་མོང་མ་ཡིན་པ་ཞིག་རེད།

ས་བཅད་བཅུ་གཉིས་པ། གཡུ་ཐོག་རྙིང་ཐིག་དང་འབྲེལ་བའི་དབང་ལུང་ཁྲིད་གསུམ་གྱི་བརྒྱུད་པ།

            བོད་རྒྱལ་ལོ་ ༢༠༡༠ རབ་ཚེས་ཆུ་ལུག་དང་། ཕྱི་ལོ་ ༡༨༨༣ ལོར། སློབ་དཔོན་མཁྱེན་རབ་ནོར་བུ་མཆོག་སྐུ་འཁྲུངས་པ་རེད། ྋརྒྱལ་དབང་སྐུ་འཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོའི་སྐུ་དུས་སུ་ལྷོ་ཁ་རྩེད་ཐང་དུ་འཁྲུངས་པ་རེད། ྋརྒྱལ་དབང་ཁོང་གིས་བཀའ་དགོངས་ལྟར་སློབ་དཔོན་མཁྱེན་རབ་ནོར་བུ་མཆོག་གིས་སྨན་རྩིས་ཁང་གསར་འཛུགས་དང་འབྲེལ་ནས་བརྒྱུད་འཛིན་སློབ་མ་མང་པོ་བསྐྱེད་བསྲིང་བསྐྱངས་གནང་པ་རེད། དེ་འདྲ་སོང་ཙང་ང་ཡང་ཆུང་དུས་སྨན་རྩིས་ཁང་གི་སློབ་གྲྭར་ཡོད་པའི་སྐབས་སློབ་དཔོན་མཁྱེན་རབ་ནོར་བུ་མཆོག་གཙོས་པའི་སྨན་རྩིས་པ་རྣམས་ཀྱིས་གཡུ་ཐོག་རྙིང་ཐིག་གི་ཚེས་བཅུ་གཏོང་སྲོལ་ཡོད། སློབ་དཔོན་མཁྱེན་རབ་ནོར་བུས་ཀྱང་གཡུ་ཐོག་རྙིང་ཐིག་གི་ཟབ་ཆོས་ཁག་གི་དབང་ལུང་ཁྲིད་གསུམ་དག་གཙོ་བོ་ཁམས་ནས་བྱོན་པའི་རྗེ་ཀརྨ་འཇིགས་མེད་ཆོས་ཀྱི་སེང་གེའི་དྲུང་ནས་ཞུས་པའི་བརྒྱུད་པ་ཞིག་རེད།

            ངས་ཀྱང་སློབ་དཔོན་མཁྱེན་རབ་ནོར་བུའི་སྐུ་དྲུང་ནས་གཡུ་ཐོག་རྙིང་ཐིག་གི་དབང་ལུང་ཁྲིད་གསུམ་ཐོབ་པ་ཙམ་ལས་དེ་དུས་སྒོམ་སྒྲུབ་དང་ཉམས་ལེན་སོགས་དམིགས་སུ་བཀར་ནས་བྱས་ཀྱི་མེད། སྔོན་མ་ང་རང་བོད་ལ་ཡོད་དུས་སངས་རྒྱས་སྨན་བླའི་སྟོང་མཆོད་སོགས་ཀྱི་དབང་ལུང་རྣམས་ཁམས་ཕྱོགས་ནས་བོད་དབུས་ཕྱོགས་སུ་བྱོན་པའི་སྐྱེས་བུ་དམ་པ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད། ཁོང་ནི་ཆོས་ལུགས་རིས་མེད་གནང་མཁན་གྱི་བླ་མ་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཞུ་བའི་སྐུ་གོང་མ་དེ་རེད། ཁོང་གི་དྲུང་ནས་ངས་སྨན་བླའི་ཨ་རུའི་སྟོང་མཆོད་སོགས་ཞུས་པ་ཡིན། དེ་ནས་བཟུང་སྟེ་ད་ལྟ་བར་དུ་ངས་ཉིན་ལྟར་སངས་རྒྱས་སྨན་བླའི་སྟོང་མཆོད་མདོར་བསྡུས་ཤིག་ལག་ལེན་བྱེད་ཀྱི་ཡོད། ཨ་རུའི་སྟོང་མཆོད་དེ་ལའང་རྒྱས་བསྡུས་མི་འདྲ་བ་ཡོད་རེད།  དེ་མིན་ང་ལ་དམིགས་བསལ་གྱིས་ཁ་བཏོན་དགེ་སྦྱོར་སོགས་མང་པོ་ཞིག་བྱེད་ཡག་ཡོད་པ་མ་རེད།  དེ་ནས་ང་རྒྱ་གར་དུ་བསླེབས་པའི་རྗེས་སུ་ྋགོང་ས་མཆོག་གིས་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་བསྒྲུབས་གནང་མཛད་སྟབས་ངས་ཀྱང་སྐུ་མདུན་ནས་དགེ་སློང་གི་སྡོམ་པ་ཞུས་པ་ཡིན།  རྒྱུན་དུ་རྡ་རམ་ས་ལར་གནས་སྡོད་བྱེད་ཀྱི་ཡོད་སྟབས་ྋརྒྱལ་བ་རིན་པོའི་དྲུང་ནས་ལམ་རིམ་དང་། བློ་སྦྱོང་དང་། སྤྱོད་འཇུག་དང་། དབང་སོགས་བཀའ་ཆོས་མང་དག་ཅིག་ཞུས་པའི་བསྐལ་བ་བཟང་པོ་བྱུང་སོང་།  

            སྔོན་བལ་ཡུལ་དུ་སྐུ་བཞུགས་གནང་མཁན་དིལ་མགོ་མཁྱེན་རྩེ་རིན་པོ་ཆེ་མཆོག་རྡ་སའི་ཉེ་མཁྲིས་སུ་ཆགས་པའི་བཀྲ་ཤིས་ལྗོངས་དགོན་པར་རྙིང་མའི་རིན་ཆེན་གཏེར་མཛོད་ཀྱི་དབང་ཟབ་མོ་སྩལ་གནང་པ་རེད། དེའི་སྐབས་སུ་ངའི་སྤུན་མཆེད་ཡིན་པ་རྙིང་མའི་བླ་ཆེན་འཁྲུལ་ཞིག་རིན་པོ་ཆེ་མཆོག་དང་། ཡར་འབྲོག་སྟག་ལུང་སྐྱབས་རྗེ་རྩེ་སྤྲུལ་རིན་པོ་ཆེ་མཆོག་གིས་གཙོས་པའི་རྙིང་མའི་མཁན་སློབ་དང་བླ་སྤྲུལ་སོགས་མང་པོ་ཞིག་ལ་དབང་བསྐུར་ཟབ་མོ་ཐོབ་པ་རེད། ངས་ཀྱང་ཁོང་གི་དྲུང་ནས་གཡུ་ཐོག་ཆོས་སྐོར་གྱི་དབང་ལུང་ཆ་ཚང་བ་ཞིག་ཞུས་པ་ཡིན། ཡིན་ནའང་སྨན་ཁང་གི་ལས་བྲེལ་ཧ་ཅང་ཆེ་སྟབས་དུས་ཚོད་སོགས་ཀྱིས་མ་ལྕོགས་པར་བསྙེན་སྒྲུབ་བྱས་དགོས་དྲན་ཡང་ད་བར་དུས་འགྱངས་ཕྱིན་ཏེ་བྱེད་ཁོམ་རྩ་བ་ནས་མ་བྱུང་། ཡིན་ནའང་ངས་ཉིན་ལྟར་སངས་རྒྱས་སྨན་བླའི་སྟོང་མཆོད་དང་སྨོན་ལམ་དེ་འདྲ་ཁ་ཏོན་ཏོག་ཙམ་བྱེད་ཀྱི་ཡོད། སྨན་ཁང་དུའང་ནད་པ་མང་པོར་རྩ་ཆུའི་བརྟག་དཔྱད་དང་འབྲེལ་ནས་སྨན་བཅོས་ཀྱི་ལག་ལེན་གཙོ་བོ་བྱེད་ཀྱིན་ཡོད། དེ་མིན་དུས་ཚོད་ཁོམ་པ་ནམ་བྱུང་ལ་ངས་ཁམས་དང་ཨ་མདོའི་བུ་དང་བུ་མོ་ཚོས་བཏང་བའི་བོད་གཞས་ཀྱི་ལྟད་མོ་འདྲ་བལྟས་ནས་སྡོད་ཀྱི་ཡོད། བོད་དབུས་ཕྱོགས་དང་ལྷ་ས་ནས་བཏང་བའི་བོད་གཞས་དེ་ཚོ་དེང་སང་རྒྱ་མིའི་ཤན་ཞུགས་པ་དང་ལྷག་པར་དུ་བོད་ཀྱི་ནང་ཆོས་དང་། རིག་གཞུང་། མི་རིགས་ཀྱི་ལ་རྒྱ་སོགས་ཀྱི་གཞས་ཚིག་ཧ་ཅང་ཉུང་ཉུང་ཡིན་སྟབས་ང་བོད་གཞས་དེ་ཚོར་ཁྱོན་ནས་དགའ་པོ་མེད་ལ་ལྟད་མོའང་བལྟ་འདོད་ཀྱི་མེད། 

            དེ་ནས་ཟླ་དུས་ཏག་ཏག་ཅིག་དྲན་གྱི་མི་འདུག་ཀྱང་། ྋརྒྱལ་བའི་བཞུགས་སྒར་རྡ་རམ་ས་ལར་ཐོག་མར་སྨན་སྦྱིན་ཁང་གསར་དུ་བཙུགས་པའི་སྐབས་སུ་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ནས་སྨན་གྱི་དགེ་ཕྲུག་ཐོག་མར་བཏང་བའི་སྐབས་ལ་རེད། དེ་དུས་ཀྱི་སློབ་སྤྱི་སྐུ་ཞབས་བར་ཞི་ཕུན་ཚོགས་དབང་རྒྱལ་ལགས་ཀྱིས་ང་ལ་རེ་སྐུལ་གནང་བ་རེད། རྒྱ་གར་དུ་བསླེབས་ནས་བོད་སྨན་སྦྱོང་མཁན་གྱི་དགེ་ཕྲུག་ཐོག་མར་གསར་བསྡུ་བྱས་པ་སོང་ཙང་རྟེན་འབྲེལ་གྱི་འགོ་འཛིན་པའི་ཆེད་དུ། བླ་སྨན་མཁྱེན་རབ་ནོར་བུ་མཆོག་ནས་ཉེ་བར་བརྒྱུད་པའི་བོད་ཀྱི་གསོ་བ་རིག་པ་དཔལྡན་རྒྱུད་བཞི་དང་། མན་ངག་རྒྱུད་དང་། མན་ངག་ལྷན་ཐབས་བཅས་ཀྱི་ལྗགས་ལུང་ཆ་ཚང་བ་ཞིག་གནང་རོགས། རྟགས་དང་རྟེན་འབྲེལ་བཟང་པོ་ཡོང་བ་འདུག་ཅེས་ཁོང་གིས་ང་ལ་རེ་སྐུུལ་གནང་བ་རེད། ང་བླ་སྨན་མཁྱེན་རབ་ནོར་བུ་མཆོག་གི་དངོས་སློབ་ཡིན་པ། ཁོང་གི་སྐུ་མདུན་ནས་ལྗགས་ལུང་སོགས་ཐོབ་ཡོད་པ་སོང་ཙང་ངའི་དགེ་ཕྲུག་ཚོ་ལ་ཆ་ཚང་ཕུལ་བ་ཡིན། དེ་དང་མཉམ་དུ་མན་ངག་རྒྱུད་ཀྱི་དཀའ་གནད་དང་རྟགས་བཅོས་ཀྱི་སྐོར་ལ་ཟུར་འཁྲིད་ཀྱི་བརྒྱུད་པ་མ་ཆད་པར་སྤེལ་ཐུབ་བྱུང་སོང་།

ས་བཅད་བཅུ་གསུམ་པ། སྨན་སྦྱོར་གྱི་ལས་གཞི་ཐོག་མ་དང་དེར་གདོང་ལེན་ཇི་ལྟར་གནང་བ།

            བོད་རྒྱལ་ལོ་ ༢༠༩༡ རབ་རྒྱལ་ཤིང་འབྲུག་དང་། ཕྱི་ལོ་ ༡༩༦༤ ལོར། མཚོ་སྣ་སྨན་པ་འཇམ་དབྱངས་བཀྲ་ཤིས་ལགས་གདན་ཞུས་ཀྱིས་སྨན་སྦྱོར་ཁང་གི་འགན་འཛིན་དུ་བསྐོ་གཞག་གནང་བ་རེད།  དེའི་སྐབས་སུ་རྡ་རམ་ས་ལ་ནས་མི་རྒྱུ་སོགས་ཕྱོགས་གང་ས་ནས་མཐུན་རྐྱེན་འཛོམས་པོ་མེད་སྟབས་སྨན་དགོས་མཁོ་ཆེ་བའི་རིགས་རྣམས་ཞིབ་བརྡུང་དང་། ལས་སྣོན། སྐམ་གསེད། རིལ་བུར་བསྒྲིལ་བ་སོགས་ཕོན་ཆེ་བ་ཌ་ལ་ཧོ་སེའི་ (Dalhousie) མི་དམངས་ཀྱི་རོགས་རམ་ལ་བརྟེན་ནས་སྨན་གྱི་རིལ་བུ་བཟོ་སྐྲུན་བྱས་པ་རེད།   རྒྱ་གར་དབུས་འཕྲོད་བསྟེན་ལས་ཁུངས་ཀྱིས་ཆོག་མཆན་མེད་པར་གང་བྱུང་དུ་བོད་སྨན་གྱི་ལག་ལེན་བྱེད་མི་ཆོག་པ་བཤད་པ་དང་། དེ་དུས་བོད་སྨན་འདི་རྒྱ་གར་བ་ཚོར་རྒྱུས་མངའ་གང་ཡང་མེད་སྟབས་ཕྱོགས་གཅིག་ནས་ཁོང་ཚོས་སྨན་གང་བྱུང་སྤྱི་ཚོགས་ནང་བེད་སྤྱོད་བྱས་ན་རྙོག་དྲ་དང་རྒྱ་གར་གཞུང་གི་རྩ་ཁྲིམས་དང་འགལ་བ་ཡིན་ཙང་སྐབས་དེར་ཆེད་དུ་བཀག་སྡོམ་གང་ཙམ་བྱས་པ་ཡིན་པ་རེད།

            དེའི་སྐབས་སུ་རྒྱ་གར་གྱི་སྨན་པ་ Dr. Baghwan Das ལགས་གིས་ང་ལ་དྲི་བ་མང་པོ་བཏང་བ་ཙམ་མ་ཟད། རྩ་ཆུའི་བརྟག་ཐབས། ནད་ཀྱི་རྒྱུ་རྐྱེན། དབྱེ་བ། གཞུང་ལུགས། ཟས་སྤྱོད་སོགས་ཕྱི་ནང་གསང་གསུམ་ནས་ང་ལ་ཉམས་སད་དང་ཉམས་ཚོད་མང་དག་ཅིག་བྱས་བྱུང་། བོད་ཀྱི་རིག་གཞུང་ནི་ཧ་ཅང་གྱི་ཕྱུག་པོ་ཞིག་ཡིན་ཙང་དེའི་སྐབས་སུ་ང་ལ་ཞེད་སྣང་དང་སེམས་ཕྲལ་གང་ཡང་མ་བྱུང་། རྒྱ་གར་གྱི་སྨན་པ་དེ་ཚོས་དང་པོ་ང་ལ་ཁོང་ཚོས་ཚོད་བལྟ་དང་། ཞིབ་འཇུག དྲི་རྩད་སོགས་བྱས་དུས་ཁོ་རང་ཚོ་མཁས་པ་ཞེ་པོ་ཞིག་ཡིན་པའི་ཁུལ་གྱིས་ང་ལ་མཐོང་ཆུང་འདྲ་པོ་མང་པོ་བཏང་བྱུང་། ངས་ཁོང་ཚོར་ཁྱེད་ཚོས་ཤེས་དགོས་པ་གཅིག་ལ་བོད་ཀྱི་སྨན་གྱི་རིག་པའི་གཞུང་ལུགས་དེ་ནི་རྩ་བ་རྒྱ་གར་གྱི་མཁས་པ་འཚོ་བྱེད་གཞོན་ནུ་དང་། མགོན་པོ་ཀླུ་སྒྲུབ། སློབ་དཔོན་ཙན་ཌ་དེ་ཝ་སོགས་ནས་བརྒྱུད་པ་ཡིན་པ། དེ་ནས་བོད་ཀྱི་མཁས་པ་རྗེ་བཙུན་གཡུ་ཐོག་ཡོན་ཏན་མགོན་པོ་སོགས་ནས་རིམ་བཞིན་བྱུང་བའི་ལོ་སྟོང་ཕྲག་དང་བརྒྱ་ཕྲག་མང་པོའི་རིང་ལ། སྤྱི་ཚོགས་ཀྱི་འཚོ་བ་དངོས་ཀྱི་ནང་དུ་རིག་པའི་གཞུང་ལུགས་དང་ལག་ལེན་ཟུང་དུ་སྤྲེལ་ནས་ནད་རིགས་སྣ་ཚོགས་ལ་ཕན་ནུས་བྱུང་བའི་ལོ་རྒྱུས་ཀྱི་རང་བཞིན་ངེས་ཤེས་འདྲོངས་པ་ཞིག་ཡོད་པའི་སྐོར་ཞིབ་ཕྲ་བཤད་པ་ཡིན།

            དེ་དུས་ཁོང་ཚོས་རྒྱ་གར་གྱི་སྨན་ཁང་ཆེ་གྲས་ཁག་ནས་བརྟག་དཔྱད་བྱས་པའི་རྒྱ་གར་བའི་ནད་པ་མི་འདྲ་བ་ཁ་ཤས་ངའི་སར་ཁྲིད་ཡོང་བ་དང་། དེ་དག་ལ་བརྟག་དཔྱད་བྱེད་དུ་བཅུག་པ། ཡང་མཚམས་ལ་ལར་ཁོ་རང་ཚོ་ལ་ན་ཚའི་དཀའ་ངལ་ཡོད་སྐོར་བཤད་པ་དང་། མཚམས་མཚམས་སུ་སྔོ་སྨན་དང་སྨན་གྱི་ནུས་པ་ལའང་དྲི་བ་མང་པོ་བཏང་ནས་ཚོད་བལྟ་བྱས་པ་རེད།  ངས་རྒྱ་གར་དང་དབྱིན་ཇིའི་སྐད་ཡིག་ཤེས་ཀྱི་མེད་ཙང་ཁོང་ཚོས་ང་ལ་ཞེ་དྲགས་ཤེས་ཀྱི་ཡོད་ས་མ་རེད་བསམས་ནས་ཐོག་མའི་སྐབས་སུ་མཐོང་ཆུང་བྱས་སོང་། དེ་ནས་ངས་རིམ་བཞིན་ནད་པ་མང་པོར་རྩ་བལྟ་བ་དང་། ལྷག་པར་དུ་ངས་དྲི་ཆུ་ལ་བརྟག་དཔྱད་བྱས་ཏེ་ཁོང་ཚོའི་ན་ཚ་ཏག་ཏག་ངོས་བཟུང་བ་དང་སྨན་སྤྲད་ནས་ཕན་བསྐྱེད་ཆེན་པོ་བྱུང་བ་མངོན་སུམ་དུ་ར་འཕྲོད་ཐུབ་པ་བྱུང་སོང་། དེ་ནས་མཇུག་ཏུ་ཁོང་ཚོ་འདིར་ཡོང་བའི་སྐབས་སུ་ང་ལ་སྔོན་མ་དང་མི་འདྲ་བར་རྒྱ་གར་གྱི་སྐད་ནས་བོས་ཏེ་ཌོག་ཊར་སབ་ཞེས་ཡ་མཚན་དོག་ཁ་པོ་བྱས་ཀྱི་འདུག

            དེ་ནས་རིམ་པས་རྒྱ་གར་གྱི་སྨན་པ་ Dr. Baghwan Das ཟེར་བ་དེས་ཡིད་ཆེས་ནས་མཇུག་ཏུ་ཁོ་རང་གི་ནད་པ་དང་། ཁོ་རང་གི་སྤུན་མཆེད་ནད་པ་དེ་འདྲ་མང་པོ་ཁྲིད་ཡོང་སྟེ་ང་ལ་བརྟག་དཔྱད་བྱོས་རོགས་ཟེར་གྱི་འདུག ངས་ཁོང་ཚོར་བརྟག་དཔྱད་བྱས་ཏེ་སྨན་སྤྲད་པ་ཡིན་ལ་རྒྱ་གར་གྱི་ནད་པ་དེ་ཚོར་ཞེ་དྲགས་ཕན་ནས་ཧང་སང་སང་བྱས་ཀྱི་འདུག  དེའི་རྗེས་སུ་ཁོང་རང་ཉིད་ལ་རྗེས་སུ་ང་ལ་བརྟག་དཔྱད་བྱོས་རོགས་གསུངས་བྱུང་། དེ་ནས་ངས་ཁོ་རང་ལ་བརྟག་དཔྱད་བྱས་ཏེ་སྨན་བཅོས་བྱས་པའི་རྗེས་སུ་ཁོ་རང་ང་ལ་ཡིད་ཆེས་ཆེན་པོ་བྱུང་ནས་ཁྱེད་རང་ཏཱ་ལའི་བླ་མའི་སྨན་པ་དང་བོད་སྨན་གྱི་སྨན་པ་མཁས་པ་ཞིག་རེད་ཟེར་གྱི་འདུག་ཅེས་གསུངས་བྱུང་།

            དེའི་མཇུག་ཏུ་ཁོ་རང་ཚོ་རྒྱ་གར་གྱི་སྨན་པ་སྐད་གྲགས་ཆེན་པོ་ཡིན་ཟེར་མཁན་དེ་ཚོས་མ་ཤེས་པའི་གནས་ཚུལ་མང་དག་ཅིག་ངས་འགྲེལ་བཤད་བརྒྱབ་པ་ལྟར་རྗེས་སུ་ཁོ་རང་ཚོའི་སྨན་ཁང་ནས་སྨན་བཅོས་བྱས་ཏེ་དྲག་བསྐྱེད་མ་བྱུང་བའི་ནད་པ་དང་ན་ཚ་དེ་འདྲ་སྐོར་མང་པོ་ང་ལ་སྐད་ཆ་དྲིས་བྱུང་། ངས་ཁོ་རང་ཚོས་དྲིས་པ་དག་ལ་ལན་ཡག་པོ་ཞིག་བརྒྱབ་ཐུབ་པར་བརྟེན་ནས་ཕྱིས་སུ་ང་ལ་དམིགས་བསལ་གྱིས་དགའ་ཚོར་ཆེན་པོ་བྱས་ཀྱི་འདུག  དེ་ནས་གཞི་ནས་ང་ཚོའི་བོད་སྨན་གྱི་སྐོར་དེ་གང་འདྲ་ཞིག་ཡིན་པ་དེ་དག་གནས་ཚུལ་ཞིབ་ཕྲ་ཐོ་འགོད་བྱས་ཏེ་རྒྱ་གར་དབུས་གཞུང་གི་འཕྲོད་བསྟེན་ལྷན་ཁང་དུ་བཏང་བ་རེད། དེའི་མཇུག་ཏུ་ཁོང་ཚོས་བོད་སྨན་ལ་ཡིད་ཆེས་རྙེད་དེ་འབྲེལ་ཡོད་ལ་སྙན་སེང་ཞུས་པ་ལྟར་རྒྱ་གར་གཞུང་གི་འཕྲོད་བསྟེན་ལས་ཁུངས་ནས་ཆོག་མཆན་སྤྲད་དེ་ང་ཚོར་ནད་པ་བཅུའི་ཉལ་ཁྲི་དང་། ཉལ་ཆས་དང་། གཤག་བཅོས་ཀྱི་ཡོ་བྱད་དང་། ལས་ལྔའི་ཆ་བྱད་དང་། ནད་གཡོག་གཅིག་དང་། མ་བྱན་གཅིག་བཅས་ཀྱི་གྲོན་དངུལ་དང་མཐུན་རྐྱེན་སོགས་སྦྱར་གནང་བ་རེད། 

            དེ་ནི་ང་ཚོའི་ངོས་ནས་བརྗོད་ན་རྐྱེན་ངན་གྲོགས་སུ་ཤར་བ་རང་ཡིན་པ་མ་གཏོགས། དང་ཐོག་ཁོང་རྣམ་པས་ང་ཚོར་ཡག་ཡག་བྱས་ཏེ་ཉམས་ཞིབ་བྱས་པ་དེ་འདྲ་ཞིག་མ་རེད། ཉམས་ཚོད་བྱས་ཏེ་བོད་སྨན་དེ་ཚད་ལྡན་དེ་འདྲ་ཞིག་མིན་ན་རྒྱ་གར་ནང་དུ་གང་བྱུང་བེད་སྤྱོད་བྱེད་མི་ཆོག་པར་རྒྱ་གར་གཞུང་གི་ཁྲིམས་དང་འགལ་བའི་ལས་ཀ་རེད་ཟེར་ནས་ཁྱེད་རང་ཚོས་ངེས་པར་སྒོ་རྒྱག་དགོས། གང་ཡིན་ཟེར་ན། ང་ཚོས་ཁྱེད་ཚོར་ཞིབ་འཇུག་ཚད་ལྡན་བྱས་ཡོད་ཅེས་བརྗོད་རྒྱུར་ཐེ་ཚོམ་ཡོད་མ་རེད། དེའི་སྐབས་སུ་ཁོ་རང་ཚོ་ཡང་ཚན་རིག་དང་མཐུན་པར་ཞིབ་འཇུག་བྱེད་མཁན་ཞིག་ཡིན་ཙང་དངོས་ཀྱི་གནས་ཚུལ་དྲང་པོ་དྲང་བཞག་བྱས་ཏེ་ཞིབ་འཇུག་གི་སྙན་ཐོ་དེ་རྒྱ་གར་དབུས་གཞུང་འཕྲོད་བསྟེན་ལས་ཁུངས་སུ་ཡང་ཕུལ་བ་རེད།

            ྋགོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་འོག་ནས་རིམ་བཞིན་ཡར་རྒྱས་ཕྱིན་པ་རེད། དེ་དུས་ Swiss ནས་རོགས་ཚོགས་ཤིག་ནས་རོགས་རམ་ཐོབ་པ་དང་ཡར་རྒྱས་ཀྱི་ཕྱོགས་སུ་གོམ་པ་སྤོ་ཐུབ་པ་བྱུང་བ་རེད། ཐོག་མའི་སྐབས་སུ་བྱས་ན་དངོས་འབྲེལ་ཧ་ལས་པའི་དཀའ་ངལ་ཆེན་པོ་རེད། དེའི་སྐབས་སུ་སློབ་དགེ་རྣམ་པར་ཡང་ཟླ་རེར་གླ་ཕོགས་ཧིན་སྒོར་ ༡༥ རེ་ལས་མེད།  ཕྱི་ལོ་ ༡༩༦༥ རབ་རྒྱལ་ཤིང་སྦྲུལ་ལོར། རྒྱ་གར་ནའོ་རོ་ཇི་ཨ་མ་ལགས་ (Nowrojee) ཞུ་བ་ཁོང་ནད་པ་ཆགས་ནས་ངས་སྨན་བཅོས་བྱས་ཏེ་དྲག་བསྐྱེད་བྱུང་བའི་དྲིན་ལན་ཆེད་དུ་སྨན་སྦྱིན་ཁང་ལ་ས་ཆ་གཞི་ཁྱོན་གང་ཙམ་ཞིག་ཡོད་པ་དེ་ཕུལ་ནས་དེར་བརྟག་དཔྱད་སྨན་ཁང་དང་སྨན་སྤྲོད་ཁང་སོགས་བརྒྱབ་པ་རེད།

            དེ་ནས་བོད་རྒྱལ་ལོ་ ༢༠༩༣ རབ་རྒྱལ་མེ་རྟ་དང་། ཕྱི་ལོ་ ༡༩༦༦ ལོར། གང་ལ་གང་འཚམ་ཞིག་ཡར་རྒྱས་ཀྱི་ཕྱོགས་སུ་གོམ་པ་སྤོ་ཐུབ་པ་བྱུང་བ་དང་སྦྲགས་སྐབས་དེར། ྋརྒྱལ་བའི་སྐུ་བཅར་བླ་སྨན་པའི་ཞབས་ཞུ་དང་།  འཛིན་སྐྱོང་དང་། ནད་པར་སྨན་བཅོས་བྱེད་པ་སོགས་ཀྱི་ལས་འགན་མང་དག་ཅིག་ཡོད་པར་བརྟེན་ནས་ངས་སྐུའི་བླ་སྨན་པའམ་ཡང་ན་འཛིན་སྐྱོང་སོགས་ཀྱི་ལས་འགན་གཅིག་གི་འགན་འཁུར་བླངས་ན་ཡག་རབ་སོགས། ྋརྒྱལ་བའི་སྐུ་ཡི་སྙན་དུ་གཞན་གྱིས་སྙན་སྒྲོན་ཞུས་པ་རེད། དེའི་སྐབས་སུ་ྋསྐུ་མདུན་སྐུ་ངོ་མས། དེ་འདྲ་ཡིན་ན་ཁྱེད་རང་ཚོ་འཛིན་སྐྱོང་བྱེད་མཁན་གཞན་ཞིག་ཡར་བསྐོ་བཞག་བྱས་ན་ཡག་པོ་འདུག་པཱ། གང་ལྟར་ཡང་ང་ལ་མཁྲིས་པའི་ན་ཚ་ཞིག་གིས་རྐྱེན་བྱས་ཏེ་ཐབས་ཤེས་གང་ཡོང་བྱས་པའི་སྐབས་སུ་ཡེ་ཤེས་དོན་ལྡན་ཁོ་རང་གིས་ཕན་ཐོགས་ཆེན་པོ་བྱུང་། དེ་འདྲ་སོང་ཙང་ངའི་བླ་སྨན་པ་དེ་མུ་མཐུད་ནས་ཁོ་རང་གིས་བྱས་ན་འགྲིག་ཅེས་བཀའ་ཕེབས་པ་ལྟར་ངས་མུ་མཐུད་དེ་སྐུ་བཅར་བླ་སྨན་པའི་ཞབས་ཞུ་དེ་གལ་ཆེ་ཤོས་ཤིག་ཏུ་བརྩིས་ཏེ་གང་ཐུབ་ཐུབ་ཅིག་བསྒྲུབས་ཡོད། 

            ཕྱི་ལོ་ ༡༩༦༡ རབ་རྒྱལ་ལྕགས་གླང་ལོ་ནས་བཟུང་སྟེ། ྋརྒྱལ་བའི་བཀའ་དགོངས་དང་མཐུན་པར་རང་ངོས་ནས་བྱེད་ཐུབ་པའི་སྨན་རྩིས་ཁང་གི་འཛིན་སྐྱོང་དང་། ནད་པར་སྨན་བཅོས། སྨན་གྱི་སློབ་འཁྲིད། སྨན་རྩ་མཁོ་སྒྲུབ།  སྨན་གྱི་སྦྱོར་བ་སོགས་བྱེད་སྒོ་མཐའ་དག་ལ་རང་ནུས་གང་ཡོད་ཀྱི་ལྷག་བསམ་རྣམ་དག་གིས་སྲི་ཞུ་བསྒྲུབས་པ་ཡིན། ལར་ནས་ལོ་ངོ་ཉི་ཤུ་ལྷག་གི་རིང་ྋརྒྱལ་བའི་སྐུ་བཅར་བླ་སྨན་པའི་ཞབས་ཞུའི་སྲི་ཞུ་བསྒྲུབས་པའི་ཐད་ལ་ད་བར་མ་འགྲིག་པ་དང་། མ་འཐུས་པ། སྐུའི་འཕྲོད་བཞེད་ཀྱི་བླ་སྨན་བའི་ལས་འགན་འཐུས་ཤོར་དུ་བཏང་བ་སོགས་གཏན་ནས་བྱས་མྱོང་མེད། ང་ལ་མཚོན་ན་དེ་ནི་བསྐལ་བ་བཟང་ཤོས་ཤིག་དང་སེམས་གཏིང་ནས་དགའ་འོས་པའི་བྱ་བ་རླབས་ཆེ་ཤོས་ཤིག་རེད་བསམ་པ་རྟག་ཏུ་དྲན་བསྡད་ཀྱི་ཡོད།

            ཐོག་མར་ཕྱི་ལོ་ ༡༩༦༡ རབ་རྒྱལ་ལྕགས་གླང་ལོར། ྋགོང་ས་སྐྱབས་མགོན་ཆེན་པོས་སྨན་སྦྱིན་ཁང་གསར་འཛུགས་གནང་བའི་སྐབས་སུ་ང་རང་བཀའ་འགུགས་གནང་བ་ལྟར་ཁོང་གི་བཀའ་དགོངས་ལམ་སྟོན་ཤར་བསྐྱོད་བྱས་ཏེ་སྲི་ཞུ་ཅུང་ཟད་ཅིག་བསྒྲུབས་པ་ཡིན། ལྷག་པར་དུ་ངས་སྨན་བཟོ་སྟངས་དང་སྨན་སྦྱོར་སོགས་ངས་གང་ཤེས་པ་དག་སྨན་རྩིས་སློབ་ཕྲུག་ཚོར་སློབ་འཁྲིད་དང་ལྷག་པར་སྨན་རྩིས་ཁང་དུ་ཆ་ཚང་བ་ཞིག་བཞག་ཡོད། ཟིན་ཏིག་མཛེས་རྒྱན་ནང་གི་གྲུབ་ཐོབ་རིལ་དཀར་ལྟ་བུར་ཆ་མཚོན་ན་གྲུབ་རིལ་གཅིག་བུ་ལའང་ཁག་མི་འདྲ་བ་བཅོ་ལྔ་ཙམ་ཡོད། ཡང་གུར་གུམ་ལ་མཚོན་ན་འདིའི་སྦྱོར་བ་མི་འདྲ་བ་ཁག་བཅུ་བཞི་དང་། ཙནྡན་གྱི་སྦྱོར་བ་མི་འདྲ་བ་ཁག་བརྒྱད་ཙམ་ཡོད་པ་བཅས་སོ་སོའི་ལུགས་དང་ཕྱག་རྒྱུན་མི་འདྲ་བ་དུ་མ་ཞིག་ཡོད་པ་རེད།

ས་བཅད་བཅུ་བཞི་པ། སྐར་དཔྱད་རྩིས་རིག་གི་སློབ་འཁྲིད་འགོ་འཛུགས།

            བོད་རྒྱལ་ལོ་ ༢༠༨༧ རབ་རྒྱལ་ལྕགས་བྱི་དང་། ཕྱི་ལོ ༡༩༦༠ ལོར། ྋགོང་ས་མཆོག་གིས་བཀའ་འབྲེལ་དང་རང་གཞུང་ཆོས་དོན་ལྷན་ཁང་གིས་རྩིས་དཀར་ནག་དབྱངས་གསུམ་ལ་མཁས་པའི་ཨ་མདོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་མཛོད་ཟུར་དུས་འཁོར་བ་བློ་གྲོས་རྒྱ་མཚོ་མཆོག་རྡ་རམ་ས་ལར་བོས་པ་ལྟར་ཕེབས་པ་རེད། དེ་སྔོན་དབྱིན་ཇིས་རྒྱ་གར་དབང་བསྒྱུར་བྱས་པའི་སྐབས་ཀྱི་གྷེ་ལེན་མོར་ (Gleen moor) ཟེར་བའི་ཁང་པ་ཆུང་ཆུང་ཞིག་གི་ནང་དུ་བོད་ཀྱི་སྐར་དཔྱད་རྩིས་རིག་གི་སློབ་འཁྲིད་འགོ་འཛུགས་མཛད་པ་རེད། དེའི་སྐབས་སུ་བྲག་གཡབ་ཆེ་ཚང་ཧོ་ཐོག་ཐུ་བློ་ལྡན་ཤེས་རབ་དང་། འབྲས་བློ་གླིང་མཁན་སྤྲུལ་ཡེ་ཤེས་དཔལྡན་རྣམ་གཉིས་སྐར་རྩིས་ཀྱི་དགེ་ཕྲུག་ཏུ་ཕེབས་པ་རེད། དུས་འཁོར་བ་བློ་གྲོས་རྒྱ་མཚོ་མཆོག་གིས་ྋགོང་ས་མཆོག་གི་སྐུའི་དགུང་ཀེག་རྩིས་འབྲས་འབུལ་ལམ་ཞུ་བ་སོགས་ཀྱི་མཛད་རིམ་མཐའ་དག་ལ་ཞབས་ཞུ་ལེགས་སྒྲུབ་གནང་བ་རེད།  

            ཕྱི་ལོ་ ༡༩༦༡ རབ་རྒྱལ་ལྕགས་གླང་ལོར། ཐོག་མར་བོད་ཀྱི་ལོ་ཐོ་འདོན་སྤེལ་མཛད་པ་རེད། དེའི་རྗེས་སུ་བྲག་གཡབ་རིན་པོ་ཆེ་མཆོག་བོད་ཀྱི་རྩིས་རིག་ལ་སྦྱངས་འབྲས་ལེགས་ཐོན་བྱུང་ནས་འཐོན་རྒྱུགས་ཆེད་ལོ་ཐོ་འདོན་སྤེལ་མཛད་པ་རེད། དེ་ནས་ ༡༩༦༣ རབ་རྒྱལ་ཆུ་ཡོས་ལོར། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་སྐུ་ཞབས་ཡེ་ཤེས་སྦྱིན་པ་ལགས་བཀའ་འབྲེལ་ལྟར་དཀར་ནག་རྩིས་སྐོར་ལ་སློབ་སྦྱོང་ཆེད་འཛུགས་བསྐྱངས་པ་རེད། དེའི་མཇུག་ཏུ་ཡང་བསྐྱར་རྣམ་རྒྱལ་གྲྭ་ཚང་ནས་སྐར་རྩིས་ཁོངས་སུ་གྲྭ་བསྟན་འཛིན་འཕྲིན་ལས་ལགས་གཏོང་གནང་མཛད་པ་རེད། དེའི་སྐབས་ཀྱི་རྩིས་སློབ་ཚོས་ཕྱི་ལོ་ ༡༩༦༥ དང་ ༡༩༦༧ ལོའི་སོ་སོའི་སྦྱངས་འབྲས་ཆེད་ལོ་ཐོ་འདོན་སྤེལ་ཞུས་པ་རེད། 

            ཕྱི་ལོ ༡༩༦༧ རབ་རྒྱལ་མེ་ལུག་ལོར། འབྲུག་རང་གཞུང་དོན་གཅོད་ཁང་དུ་ཕྱག་ལས་གནང་མཁན་བྲག་མཐོན་བྱམས་པ་རྒྱལ་མཚན་ལགས་སྐར་རྩིས་ཁང་དུ་འཛུལ་ཞུགས་གནང་བ་རེད། དེེའི་སྐབས་སུ་སྤྱིར་ྋགོང་ས་སྐྱབས་མགོན་ཆེན་པོ་གང་ཉིད་ཀྱི་ཐུགས་རྗེའི་གཟིགས་སྐྱོང་འོག་ཆོས་དོན་ལྷན་ཁང་ནས་རོགས་རམ་བཞེས་ནས་བོད་ཀྱི་སྐར་དཔྱད་རྩིས་རིག་པའི་རྨང་གཞི་གཏིང་ཐུབ་པ་བྱུང་བ་རེད། དེའི་སྐབས་སུ་རྩིས་སློབ་ཚོར་རྩིས་དཀར་ནག་དང་། དབྱངས་འཆར་དང་། འབྱུང་རྩིས་ཟླ་ཟེར་དང་། རིགས་ལྡན་སྙིང་ཐིག་དང་། རིག་གནས་དང་། ལོ་རྒྱུས་སོགས་སློབ་འཁྲིད་གནང་གི་ཡོད་རེད།

ས་བཅད་བཅོ་ལྔ་པ། སྨན་སྦྱིན་ཁང་ནས་འགྲོ་ཕན་སྨན་རྩིས་ཁང་ཞེས་མིང་བཏགས་པ།

            དེའི་མཇུག་ཏུ་བོད་རྒྱལ་ལོ་ ༢༠༩༤ རབ་རྒྱལ་མེ་ལུག་དང་། ཕྱི་ལོ ༡༩༦༧ ཟླ་བ་བརྒྱད་པའི་ཚེས་ ༡༧ ཉིན། སྔར་ཡོད་སྨན་སྦྱིན་ཁང་གི་སྟེང་དུ་གྷེ་ལེན་མོར་(Gleen moor) སྐར་རྩིས་ཁང་དེ་ཟླ་སྒྲིལ་བཏང་སྟེ་མིང་སྒྱུར་བྱས་པ་རེད། སྔར་བོད་རང་བཙན་ཡིན་པའི་སྐབས་སུ་ྋརྒྱལ་དབང་སྐུ་འཕྲེང་བཅུ་གསུམ་པ་ཆེན་པོས་ལྷ་ས་བསྟན་གླིང་ཉེ་འདབས་སུ་ཕྱག་བཏབ་པའི་ལྷ་ལྡན་སྨན་རྩིས་ཁང་ཞེས་འབོད་པ་དེའི་ཚབ་མཚོན་པའི་ཕྱིར་དུ་འགྲོ་ཕན་སྨན་རྩིས་ཁང་ཞེས་མིང་བཏགས་པ་རེད། བོད་གངས་ཅན་གྱི་གནའ་བོའི་ཆོས་དང་རིག་གཞུང་སྤྱི་དང་ལྷག་དོན་བོད་ཀྱི་སྨན་རྩིས་གཉིས་ཀྱི་རིག་གཞུང་ཟབས་མོ་དེ་དག་མི་ཉམས་གོང་འཕེལ་ཆེད་དུ་གཅིག་ཏུ་བསྒྲིལ་ནས་བོད་ཀྱི་སྨན་རྩིས་གཉིས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་རྨང་གཞིའི་རྐང་འཛུགས་ཐུབ་པ་བྱུང་བ་རེད།

ས་བཅད་བཅུ་དྲུག་པ། སྨན་རྩིས་ཁང་ནས་དགོངས་ཞུ་མཛད་པའི་རྗེས་སུ་བཞུགས་སྒར་རྡ་རམ་ས་ལར་སྒེར་གྱི་སྨན་ཁང་གསར་འཛུགས།

            བོད་རྒྱལ་ལོ་ ༢༠༩༤ རབ་རྒྱལ་མེ་ལུག་དང་། ཕྱི་ལོ ༡༩༦༧ ལོ་ནས་ཕྱི་ནང་གི་རྒྱུ་རྐྱེན་མང་པོ་ཞིག་ལ་བརྟེན་ནས་དགོངས་ཞུ་བྱས་དགོས་ཐུག་སོང་། ང་ཡོད་པའི་སྐབས་དེར་གཞུང་གི་དངུལ་རྩིས་སྐོར་དེ་གལ་ཆེན་པོར་བརྩིས་ཏེ་ཕྱི་གསལ་ནང་གསལ་དེ་འདྲ་ཞིག་བྱས་པ་ཡིན་སྟབས་སྐུ་ངོ་ཁ་ཤས་ཤིག་གིས་སྐབས་དེར་ང་ལ་དགའ་པོ་ཁྱོན་ནས་བྱས་ཀྱི་མེད། ཕྱི་ནང་གི་རྒྱུ་རྐྱེན་དེ་འདྲ་མང་དག་ཅིག་ལ་བརྟེན་ནས་སྨན་རྩིས་ཁང་དུ་གནས་བཟོད་མ་ཐུབ་པར་བརྟེན་དགོངས་པ་ཞུས་པ་རེད། ངས་འཛིན་སྐྱོང་བྱས་པའི་སྐབས་སུའང་སྨན་རྩིས་ཁང་ལ་སེམས་གཏིང་ནས་ཤ་ཚ་བའི་ལས་ཀ་མང་པོ་ཞིག་གང་ཐུབ་བྱས་པ་ཡིན།  དུ་ཡོད་པའི་ད་ལྟའི་སྨན་ཁང་གི་ས་ཆ་དང་། དེ་ནས་བོད་གཞུང་ཟློས་གར་ལམ་གྱི་ས་ཆ་གཞི་ཁྱོན་ཆེན་པོ་ཡོད་པ་དེ་དག་ངས་སྨན་རྩིས་ཁང་གི་ཆེད་དུ་ཉོས་པ་ཡིན། དེ་དུས་སྒོར་འབུམ་བཞི་ལྷག་ཙམ་ཞིག་སྤྲད་པ་རེད། དེ་ནས་ཡང་སྐབས་དེའི་སྐུ་ངོ་མང་པོས་དེ་མ་འགྲིག་པའི་གནས་ལུགས་མང་པོ་བཤད་དེ་རྗེས་སུ་ས་ཆ་དེ་དག་ཆ་ཚང་གཞན་དག་ལ་ཤོར་བ་རེད། དེ་ནས་ཡང་ངས་སྐབས་དེར་རྡ་སར་གཞི་ཁྱོན་ཆེན་པོ་ཡོད་པའི་ས་ཆ་དེ་འདྲ་སྨན་རྩིས་ཁང་རང་གི་ཆེད་དུ་ཉོས་པ་ཡིན་ན་ཡང་། ཡང་བསྐྱར་སྐུ་ངོ་ཚོས་ཕར་ཚུར་འགྲིག་མ་འགྲིག་གི་གནད་ལུགས་མང་དག་ཅིག་བཤད་དེ་རྗེས་སུ་ཡང་བསྐྱར་སྨན་རྩིས་ཁང་གི་ས་ཆ་མང་པོ་ཤོར་བ་རེད། དེ་ནས་ས་ཆ་དེ་སྐུ་ངོ་ཚོས་ཕར་བྱས་ཚུར་བྱས་མཐའ་མ་དེ་ལ་ས་ཆ་དེ་དག་གི་སྟེང་དུ་ད་ལྟའི་བཙུན་དགོན་དགའ་ལྡན་ཆོས་གླིང་དེ་ཆགས་པ་རེད།  དེའི་རྗེས་སུ་སྨན་རྩིས་ཁང་ལ་ས་ཆ་ཡག་པོ་རག་མ་ཐུབ་པར་མཐའ་མ་དེར་ད་ལྟའི་དབུས་སྨན་རྩིས་ཁང་ཆགས་པའི་ས་ཆ་དེ་ཉོས་པ་ཡིན། སྨན་རྩིས་ཁང་ལ་ས་ཆ་མང་པོ་ཞིག་ངས་རག་ཐབས་བྱས་པ་ཙམ་མ་ཟད་ས་ཆ་གཞི་ཁྱོན་ཆེན་པོ་དེ་འདྲ་ཉོས་པ་སོགས་གང་ཡོང་ཅི་ཡོང་བྱས་པ་ཡིན། ཡིན་ནའང་ས་ཆར་བདག་པོ་མ་བརྒྱབ་པར་ཕར་ལ་ཤོར་ཚུར་ལ་ཤོར་ནས་མཐའ་མ་དེར་བློ་ལ་འཐད་པའི་ས་ཆ་ཡག་པོ་སྐབས་དེའི་ཕྱི་ནང་གི་རྒྱུ་རྐྱེན་མང་དག་ཅིག་ལ་བརྟེན་ནས་བྱུང་མ་སོང་།

            ཡིན་ནའང་ང་རང་སྨན་རྩིས་ཁང་དུ་ལས་ཀ་བྱས་པའི་དུས་སྐབས་སུ་དྲང་པོ་དྲང་བཞག་དང་། ལས་རྒྱུ་འབྲས། བསམ་པ་རྣམ་དག་ཐོག་ནས་བྱས་པ་ཡིན། དེ་ཡང་གང་ཡིན་ཟེར་ན། གཙོ་བོ་ྋསྐུ་མདུན་ཡིད་བཞིན་ནོར་བུས་ཕྱག་བཏབ་པའི་སྨན་རྩིས་ཁང་ཞིག་ཡིན་པ་དང་། དེ་ཡང་མདོར་བསྡུས་ནས་བཤད་ན། ཆེ་ན་ཡང་ཆུང་ན་ཡང་བོད་མི་ས་ཡ་དྲུག་གི་སྤྱི་པའི་སྨན་རྩིས་ཁང་ཞིག་ཡིན་ཙང་སྐབས་དེར་རྒྱ་གར་གྱི་དངུལ་ཨ་ན་ཁ་ཤས་ཤིག་ཡིན་ཡང་ངའི་སེམས་ནང་དེ་དག་ལྐོག་ཟ་དང་ཆུད་ཟོས་སུ་བཏང་བ་ཡིན་ན། ྋསྐུ་མདུན་གྱི་བཞིན་རས་དང་། ཚེ་རབས་འདི་ཕྱི་གཉིས་ཀྱི་ལས་རྒྱུ་འབྲས་སོགས་ཕྱོགས་གང་ནས་བལྟས་ཀྱང་ཡག་པོ་ཞིག་རྩ་བ་ནས་ཡོང་གི་མ་རེད་སེམས་ཀྱིན་ཡོད།  ཚེ་འདིར་ཡང་ྋསྐུ་མདུན་ལ་དབུ་སྐོར་ཞུས་པ། སྤྱི་རྒྱུ་བར་ཟོས་བྱས་པ། ལས་རྒྱུ་འབྲས་མེད་པའི་ལས་ཀ་བྱས་ན་བཀྲ་ཤིས་པ་ཞིག་རྩ་བ་ཉིད་ནས་ཡོང་ཐབས་མེད་པ་དེ་ངའི་མི་ཚེའི་ནང་དུ་དངོས་སུ་མིག་གིས་མདུན་དུ་མཐོང་རྒྱུ་བྱུང་། དེ་འདྲ་སོང་ཙང་ངས་སྨན་རྩིས་ཁང་གི་འཛིན་སྐྱོང་བྱས་པའི་སྐབས་སུ་དྲང་པོ་དྲང་བཞག་བྱས། གཞུང་གི་རྩིས་ཁྲ་ཁག་མི་འདྲ་བ་གསུམ་བཟོས་ཏེ་ཡར་ཕུལ་གྱི་ཡོད། གཅིག་དཔལྡན་སྐུ་སྒེར་ཡིག་ཚང་དུ་ཕུལ་ཏེ་ྋརྒྱལ་བ་ཡིད་བཞིན་ནོར་བུའི་སྤྱན་ལམ་དུ་དབུལ་རྒྱུའི་ཆེད་དུ་ཉར་ཚགས་ཆེད་དུ་ཡིན། དེ་ནས་ངོ་ཤུ་གཅིག་སྐབས་དེར་ཆོས་དོན་ལྷན་ཁང་གི་འོག་ཏུ་ཡིན་ཙང་ཆོས་རིག་ལྷན་ཁང་ལ་ཕུལ་གྱི་ཡོད། དེ་ནས་ངོ་ཤུ་གཅིག་སྨན་རྩིས་ཁང་རང་གི་ཡིག་ཚང་དུ་ཕུལ་དེ་ཉར་འཇོག་བྱས་པ་ཡིན། 

            དེ་དུས་དཀའ་ངལ་ཆེ་བའི་སྐབས་ཡིན་ན་ཡང་ངས་བསམ་པ་དཀར་པོ་བྱས་ཏེ་གང་ཐུབ་ཅི་ཐུབ་ཀྱིས་ཞབས་ཞུ་བསྒྲུབས་པར་བརྟེན། ྋསྐུ་མདུན་གྱིས་ག་དུས་ཡིན་ནའང་ང་ལ་དམིགས་བསལ་གྱིས་ཐུགས་རྗེའི་གཟིགས་པ་ཆེན་པོ་གནང་གི་ཡོད་ལ་ཐུགས་ཧ་ཅང་མཉེས་པོ་གནང་གི་རེད། ངས་གནས་ཚུལ་གང་ཡིན་ཡང་ྋསྐུ་མདུན་ལ་སེམས་གཏིང་ནས་དྲང་པོ་དྲང་བཞག་དང་ལས་རྒྱུ་འབྲས་དཔང་པོར་བཞག་སྟེ་སྙན་སྒྲོན་ཞུས་པ་དང་ལས་ཀ་བྱས་པ་རེད། ྋསྐུ་མདུན་ཐམས་ཅད་མཁྱེན་པ་ཡིན་ཙང་སྔ་ཕྱིའི་གནས་ལུགས་གང་འདྲ་ཞིག་ཡིན་ཡང་ཐུགས་ཀྱིས་མཁྱེན་གྱི་ཡོད་སྟབས་ང་ལ་ཐུགས་དགྱེས་པོ་གནང་གི་འདུག ངས་མཁས་པོ་སྙན་པོ་དེ་འདྲ་རྩ་བ་ནས་བྱེད་ཤེས་ཀྱི་མེད་ནའང་སྐུ་མདུན་གྱི་ཐུགས་འདུན་ལྟར་རྒྱབ་མདུན་ངོ་ལྐོག་དེ་འདྲ་རྩ་བ་ནས་བྱས་ཀྱི་མེད་ཙང་། ང་གསུང་ཆོས་སོགས་སུ་ག་དུས་བཅར་ནའང་དམིགས་བསལ་གྱིས་གཟིགས་པ་གནང་ཏེ་ཐུགས་མཉེས་པོ་མཛད་གནང་གི་ཡོད།

            དེའི་སྐབས་དེའི་སྔོན་ནས་སྨན་རྩིས་ཁང་དུ་ངའི་དགེ་ཕྲུག་ཡིན་པ་བློ་བཟང་ལགས་ང་དང་མཉམ་དུ་ཕེབས་པ་རེད། དེ་ནས་སྒེར་གྱི་སྨན་ཁང་ཆུང་ཆུང་ཞིག་རྡ་རམ་ས་ལར་སྒོ་འབྱེད་བྱས་ཏེ་ངས་ནད་པར་སྨན་བཅོས་བྱས་ཏེ་བསྡད་པ་ཡིན། དེ་དུས་ཐོག་མའི་སྐབས་སུ་དཀའ་ངལ་ཆེན་པོ་ཡོད་ཀྱང་རང་གི་མི་ཚེའི་ནང་དུ་སྔ་ཕྱིར་ལྷག་བསམ་རྣམ་དག་གིས་ྋསྐུ་མདུན་ལ་ཞབས་ཞུ་དང་སྤྱི་པའི་ལས་ཀར་ཧུར་ཐག་འབད་ཐག་ཞུས་པ་དེའི་ཐུགས་རྗེའི་སྐུ་དྲིན་དང་། རང་གིས་བསོད་ནམས་བསགས་པའི་འབྲས་བུར་བརྟེན་ནས་ང་ལ་བྱ་བ་ལམ་འགྲོ་ཞེ་དྲགས་བྱུང་སོང་། ལས་རྒྱུ་འབྲས་ཡོད་པ་ཞིག་བྱེད་དགོས་པ་དེ་མི་ཞིག་གི་མི་ཚེའི་ནང་དུ་ཧ་ཅང་གི་གལ་ཆེན་པོ་རེད་སེམས་ཀྱིན་འདུག ང་སྨན་རྩིས་ཁང་ནས་དགོངས་ཞུ་བྱས་ཚར་བ་ཡིན་ན་ཡང་ྋསྐུ་མདུན་གྱི་སྐུ་བཅར་བླ་སྨན་པའི་ཞབས་ཞུ་མུ་མཐུད་དེ་སྒྲུབ་བཞིན་ཡོད། དེའི་སྐབས་སུ་ང་དང་བློ་བཟང་ལགས་ཀྱིས་ས་ཕྱོགས་མང་པོ་ནས་སྨན་རྒྱུ་མཁོ་སྒྲུབ་བྱས་ཀྱི་ཡོད་ལ། སྔོ་སྨན་ཡང་རྡ་རམ་ས་ལའི་རི་བོ་རྣམས་ཀྱི་ཁྲོད་དུ་འཐུ་སྒྲུབ་བྱས་ཏེ་ྋསྐུ་མདུན་གྱི་གསོལ་སྨན་ཡང་ང་རང་སྒེར་གྱིས་སྨན་སྦྱོར་བྱས་པའི་གསོ་སྨན་འབུལ་ལམ་ཞུས་པ་ཡིན།

ས་བཅད་བཅུ་བདུན་པ། ྋགོང་ས་མཆོག་གིས་རྒྱལ་སྤྱིའི་སྨན་གྱི་ཚོགས་འདུར་བོད་སྨན་གྱི་སྐུ་ཚབ་སྨན་པར་བརྫངས་པ།

            དེ་ནས་བོད་རྒྱལ་ལོ་ ༢༠༩༧  རབ་རྒྱལ་ལྕགས་ཁྱི་དང་། ཕྱི་ལོ ༡༩༧༠ ལོར། བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་ལགས། བཀའ་ཟུར་བཀྲས་མཐོང་བསྟན་འཛིན་དགེ་བྱེད་ལགས། བཀའ་ཟུར་རྒྱ་རི་རིན་པོ་ཆེ། བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་བཅས་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་འཛུགས་བྱས་པའི་ལོ་དེ་ལ། ང་སི་པན་ (Spain) རྒྱལ་ཁབ་ཏུ་རྒྱལ་སྤྱིའི་སྨན་གྱི་འཚོགས་འདུའི་སླད་དུ་བསྐྱོད་པ་ཡིན། དེའི་སྐབས་སུ་བོད་སྨན་གྱི་སྨན་པའི་སྐུ་ཚབ་ཞིག་ཕེབས་པའི་མགྲོན་བརྡ་བྱུང་བ་ལྟར་ྋསྐྱབས་རྗེ་ཡོངས་འཛིན་གླིང་རིན་པོ་ཆེས་ང་གཏོང་ཐུབ་ན་ཡག་པོ་ཡོད་པ་རེད་ཅེས་ྋསྐུ་མདུན་ལ་སྙན་སྒྲོན་ཞུས་འདུག ྋགོང་ས་མཆོག་གི་སྐུ་མདུན་དུ་ང་སྐུ་བཅར་ཞུས་པའི་སྐབས་ཤིག་ལ་ཁྱེད་རང་འགྲོ་ཐུབ་ན་ཡག་པོ་འདུག སྔོན་མ་ཇོ་བོ་བཀའ་གདམས་པ་ལའང་བཀའ་གདམས་གཞུང་པ་ཞེས་གཞུང་བཤད་ཐོག་ལ་དམིགས་བསལ་གྱི་ཁྱད་ཆོས་ཡོད་པ་དང་། བཀའ་གདམས་མན་ངག་པ་ཟེར་བ་དེ་མན་ངག་གང་ཡོད་པ་དེ་ལག་ལེན་ངོ་མའི་ཐོག་ནས་ཕྱག་བཞེས་གནང་མཁན་ཞིག་ཡིན། དེ་ཡིན་དུས་ཁྱེད་རང་མན་ངག་པ་ཞིག་ཆགས་བསྡད་དུས་ད་རེས་ཁྱེད་རང་ངེས་པར་དུ་འགྲོ་ཐུབ་པ་བྱོས་དགོས་ཞེས་བཀའ་སྩལ་བྱུང་།

            སྐབས་དེར་སྐུ་ཞབས་བར་ཞི་ཕུན་ཚོགས་དབང་རྒྱལ་ལགས་ཀྱིས་གནའ་བོའི་བོད་སྨན་གྱི་ལོ་རྒྱུས་དང་འབྲེལ་རྒྱ་ནག་གིས་ལག་རྩ་སྐུད་པ་བརྒྱུད་ནས་བལྟ་ཚུལ་དང་། ངོ་མཚར་རྩ་བདུན་སོགས་སྨན་གཞུང་ཐོག་ནས་གཏམ་བཤད་མང་དག་ཅིག་བྱས་ཐུབ་པ་དགོས་ཞེས་གསུངས་བྱུང་། ངས་དེ་འདྲ་ཡིན་ན་ང་འགྲོ་ཐུབ་པ་མི་འདུག འགྲོ་གི་མིན་ཞེས་ཡར་ཞུས་པ་ཡིན། འོན་ཀྱང་སྐྱབས་རྗེ་ཡོངས་འཛིན་ལྷན་རྒྱས་གཉིས་ཀྱིས། ད་བར་ཁྱེད་རང་ྋསྐུ་མདུན་གྱི་སྐུ་བཅར་བླ་སྨན་པ་གནང་བ་རེད། ད་རེས་འཚོགས་ཆེན་དེ་རྒྱལ་སྤྱིའི་རང་བཞིན་ཅན་ཞིག་ཡིན་སྟབས་གལ་ཆེན་པོ་རེད་ཅེས་བཀའ་གནང་བྱུང་བ་མ་ཟད། ད་རེས་ཁྱེད་རང་འགྲོ་དགོས་ཞེས་བཀའ་ནན་གནང་བྱུང་བས་བཀའ་བརྩི་དང་ལེན་ཞུས་ཏེ་ཁས་ལེན་ཞུས་པ་ཡིན། 

            དེ་དུས་ད་ཁྱེད་རང་གིས་གཏམ་བཤད་ཇི་ལྟར་བྱེད་ཀྱི་ཡིན་ནམ། གྲ་སྒྲིག་བྱ་དགོས་པ་རེད་གསུངས་བྱུང་ཡང་། ད་ཉིན་ཤས་ལས་མེད་སྟབས་གྲ་སྒྲིག་དམིགས་བསལ་བྱ་རྒྱུའི་དུས་ཚོད་མི་འདུག ཡིན་ནའང་ངས་ཚོགས་ཐོག་ཏུ་གང་དྲན་པ་དག་ཞུ་ཐུབ་པ་བྱས་ཀྱི་ཡིན་ཞེས་ཡར་ཞུས་པ་ཡིན།  དེ་དུས་ངའི་སྐད་སྒྱུར་ལ་བོད་ཀྱི་དཔེ་མཛོད་ཁང་གི་རྒྱ་མཚོ་ལགས་ཆེད་གཏོང་གནང་བ་རེད། Spain རྒྱལ་ཁབ་ཏུ་འགྲོ་དུས་ནི་ཕྱི་ཟླ་དགུ་པའི་ནང་དུ་རེད། འཚོགས་ཆེན་དེར་རྒྱལ་ཁབ་ ༧༥ ཡི་སྨན་པའི་སྐུ་ཚབ་འབྱོར་འདུག  ཕྱི་ཟླ་བཅུ་པའི་ཚེས་ ༡ ནས ༥ བར་དུ་ཉིན་གྲངས་ལྔ་རིང་ཚོགས་པ་རེད། དེའི་སྐབས་སུ་ང་ལ་གསེར་གྱི་རྟགས་མ་ཞིག་སྩལ་གནང་སོང་། ཐོག་མར་རྒྱ་གར་ནས་ཐོན་དུས་རྒྱ་གར་གྱི་སྨན་པ་འབའ་རན་དྷ་ཟེར་བ་ཞིག་ཡོད། ཁོང་གིས་ཁྱེད་རང་ཚོ་ག་རེ་བྱེད་དུ་ཡོང་བ་ཡིན་ནམ། དངུལ་འཕྲོ་བརླག་རེད་ཅེས་ང་ལ་བོད་སྨན་གྱི་སྨན་པ་ཞིག་ལ་ག་རེ་བྱ་རྒྱུ་ཡོད་དམ་སྙམ་པའི་མཐོང་ཆུང་གི་སྐད་ཆ་བཤད་བྱུང་། དེ་དུས་ང་ཡང་ཁ་བདེ་པོ་འདྲ་ཞིག་ཡོད་སྟབས་ངས་ཁོང་ལ་ང་ཚོས་ཞེ་དྲགས་ཤེས་ཀྱི་མེད་ནའང་སྨན་གྱི་ཚོགས་འདུ་དེར་བལྟ་ཙམ་བྱེད་པར་ཡོང་བ་ཡིན། ཡིན་ནའང་ཁྱེད་རང་ཐུགས་ཁྲལ་གནང་དགོས་དོན་མེད། ངའི་འགྲོ་གྲོན་ཁྱེད་རང་གིས་གཏོང་དགོས་ཀྱི་མེད་ལ་ང་ཡང་ཁོང་ཚོས་ཆེད་དུ་སྐད་བཏང་བ་ཡིན་ཙང་ལྟད་མོ་བལྟ་ཙམ་ཞིག་བྱེད་པར་ཡོང་བ་ཡིན་ཞེས་ལན་བཏབ་པ་ཡིན། དེ་དུས་རྒྱ་གར་གྱི་སྨན་པ་དེ་ཚོས་ང་ཚོར་ཧ་ཅང་གིས་མཐོང་ཆུང་བྱས་སོང་།

            སྐབས་དེར་རྒྱ་ནག་ (China) དང་། རྒྱ་གར་ (India) དང་། འབྲུག་ (Bhutan)  དང་།  སིང་ག་པུར་ (Singapore) དང་། མ་ལེ་ཤི་ཡ་(Malaysia) དང་། འབར་མ་ (Burma) ལ་སོགས་པའི་རྒྱལ་ཁབ་མང་པོའི་སྨན་པ་འཛོམས་ནས་སོ་སོའི་གནའ་རབས་ཀྱི་སྲོལ་རྒྱུན་སྨན་གྱི་སྐོར་ལ་གཏམ་བཤད་བྱས་སོང་། དེའི་སྐབས་སུ་ངས་བོད་སྨན་གྱི་ལོ་རྒྱུས་དང་སྦྲགས་ནས་བྱེ་བྲག་བཤད་མཛོད་ཆེན་མོའི་ལུང་དྲངས་ནས་གཏམ་བཤད་བྱས་པ་ཡིན། རྒྱ་ནག་གིས་དེ་ལ་ངོ་རྒོལ་བྱས་པ་མ་ཟད་རྒྱ་གར་གྱིས་ཀྱང་ང་ཚོར་རྒྱབ་སྐྱོར་རྩ་བ་ནས་བྱས་ཀྱི་མི་འདུག  ཡིན་ནའང་། སིང་ག་པུར་དང་མ་ལེ་ཤེ་ཡ་གཉིས་ཀྱིས་བོད་པ་ལ་རྒྱབ་སྐྱོར་ཚད་ལྡན་བྱས་སོང་། གང་ཡིན་ཟེར་ན། བྱེ་བྲག་བཤད་མཛོད་ཆེན་མོའི་གཞུང་དེ་རྒྱ་ནག་གི་སྐད་དུ་སྔོན་མ་ནས་བསྒྱུར་ཟིན་ཡོད་ཀྱང་རྒྱ་ནག་གིས་ང་ཚོར་ག་དུས་ཡིན་ན་ཡང་ཁས་ལེན་བྱས་ཀྱི་མེད། གཞུང་དེ་རྒྱ་ནག་ཙམ་མ་ཟད་མ་ལེ་ཤི་ཡའི་སྐད་ཀྱི་ནང་དུའང་བསྒྱུར་ཡོད་པ་སོང་ཙང་། ཁོང་ཚོས་སྔ་ཕྱིའི་ལོ་རྒྱུས་ཆ་ཚང་ཤེས་ཀྱི་ཡོད་སྟབས་ཚོགས་ཐོག་དེར་བོད་པར་རྒྱབ་སྐྱོར་ཞུས་སོང་། དེ་ནས་ཉིན་ཤས་རྗེས་ཡང་བསྐྱར་ང་ཚོས་སྔོ་སྨན་དང་སྔོ་ཚལ་རིགས་ཀྱི་སྐོར་ལ་གཏམ་བཤད་ཅིག་བྱས་པ་རེད།  དེའི་སྐབས་སུ་ཁོས་སྔོ་ཚལ་ཟེར་བ་ཕན་ཡོན་ཆེན་པོ་རེད་ཅེས་ཞེ་དྲགས་བཤད་སོང་། དེ་ནས་ཚོགས་འདུ་གྲོལ་ནས་ང་ཚོ་ཕྱིར་ཡོང་དུས་ཁོ་འདྲེད་བརྡར་ཤོར་ནས་མར་རིལ་བ་རེད། དེའི་སྐབས་སུ་རྒྱ་མཚོ་ལགས་སོགས་ཀྱིས་ང་ལ་ཕྱག་རྩ་ལྟོས་དང་ཟེར་གྱི་འདུག

            ང་ཚོས་རྩ་དང་ཆུ་སོགས་ལ་བརྟག་དཔྱད་བྱེད་ཐུབ་ཀྱི་ཡོད་པ་རེད། ཕྱི་ལུགས་སྨན་པ་དེ་ཚོ་ལ་གློག་གིས་དཔར་བརྒྱབ་ནས་འཕྲུལ་ཆས་སོགས་ལ་མ་བརྟེན་པར་བརྟག་དཔྱད་བྱེད་ཐུབ་ཀྱི་མེད་པ་རེད། དེ་དུས་ངས་རྒྱ་གར་གྱི་སྨན་པ་དེའི་ལག་རྩ་ལ་བརྟག་དཔྱད་བྱས་པ་ཡིན། དེ་ནས་ངས་ཤ་ལ་སྨུག་ཐིག་ཅིག་བྱུང་བ་ཙམ་མ་གཏོགས་ལག་རྩ་ལ་གཞིགས་ན་རྩིབ་མ་ཆག་པ་དང་རུས་པར་སྐྱོན་བྱུང་བ་མི་འདུག་ལ་ཤ་སྒྲིམ་ལའང་སྐྱོན་མི་འདུག་ཅེས་བཤད་པ་ཡིན། སྨན་ཁང་དུ་འགྲོ་དགོས་ཀྱི་མི་འདུག མཁྲིག་མའི་རྩ་ལ་བལྟས་ན་སྐྱོན་ཆེན་པོ་དེ་འདྲ་མི་འདུག་ཅེས་བཤད་པ་ཡིན། ཡིན་ནའང་སྐབས་དེར་ཁོས་ང་ལ་ཡིད་ཆེས་བྱས་ཀྱི་མི་འདུག  ད་དུང་རུས་པ་ཆག་ནས་ཉེན་ཁ་ཡོད་རེད་ཅེས་བཤད་སོང་།  དེ་ནས་ཨུ་ཚུགས་བྱས་ཏེ་སྨན་ཁང་ཆེན་པོ་ཞིག་ཏུ་ཕྱིན་ནས་གློག་དཔར་བརྒྱབ་པ་དང་བརྟག་དཔྱད་བྱས་འདུག  གློག་དཔར་ནང་དུ་ཤ་གནད་དང་རུས་པར་སྐྱོན་གང་ཡང་མེད་པ་ཐོན་འདུག་པ་སོང་ཙང་།  དེ་ནས་གཞི་ནས་ང་ལ་ཡིད་ཆེས་བྱས་ཀྱི་འདུག

            སྐབས་དེར་རྒྱལ་ཁབ་སོ་སོའི་རྒྱལ་དར་བཙུགས་ཀྱི་འདུག་པས་ངས་ཀྱང་བོད་ཀྱི་རྒྱལ་དར་དེ་རུ་སྒྲེང་འཛུགས་བྱས་པ་ཡིན། ཕྱི་རྒྱལ་དུ་བོད་ཀྱི་རྒྱལ་དར་ཐོག་མར་འཛུགས་མཁན་དེ་ང་ཆགས་པ་རེད། དེ་དུས་ Greece རྒྱལ་པོ་དང་རྒྱལ་མོ་སོགས་ཀྱང་ཕེབས་ཡོད་པ་རེད། དེར་ངས་རྒྱལ་པོའི་སྐུ་འཁོར་དང་ཕྱི་རྒྱལ་གྱི་མི་མང་པོར་བརྟག་དཔྱད་ཞུས་པ་ཡིན། ཁོང་ཚོས་ང་ལ་བོད་ཀྱི་གྲྭ་ཆས་གྱོན་པ་དེར་དམིགས་བསལ་གྱི་དོ་སྣང་བྱས་ཀྱི་འདུག  ངས་མནའ་བོའི་བོད་ཀྱི་ལོ་རྒྱུས་སོགས་མང་པོ་བཤད་པ་ཡིན། དུས་དེའི་ཚེ་ན་ྋགོང་ས་མཆོག་ཕོ་བྲང་རྙིང་པར་བཞུགས་གནང་གི་ཡོད་པ་རེད། ཕྱིར་འཁོར་ནས་རྡ་སར་བསླེབས་པའི་སང་ཉིན་ཞོགས་པ་དེར་ཁོང་གི་གམ་དུ་སྐུ་བཅར་ཞུས་པ་ཡིན། ང་ཕོ་བྲང་ནང་དུ་ཞུགས་ནས་ཡར་འགྲོ་དུས་ྋགོང་ས་མཆོག་རྡོ་སྐས་ནས་མར་ཆིབས་བསྒྱུར་མཛད་བཞིན་འདུག དེ་མ་ཐག་ཏུ་ཁོང་གིས་ད་རེས་ཁྱེད་རང་ཕྱིན་པ་དེ་དཔེ་ཡག་པོ་བྱུང་ཤག་ཅེས་ཐུགས་དགྱེས་ཚོར་ཆེན་པོ་མཛད་སོང་། དེ་དུས་ངས་བོད་ཀྱི་རྒྱལ་དར་བཙུགས་པ་དང་། བོད་ཀྱི་ལོ་རྒྱུས་བཤད་པ། བོད་སྨན་གྱི་གཏམ་བཤད། རྩ་ཆུར་བརྟག་དཔྱད། སྨན་བཅོས་ཞུས་པ་སོགས་ཀྱི་གནས་ཚུལ་རྣམས་གསར་འགྱུར་ཁག་ནང་སྤེལ་ཐུབ་པ། གསར་ཤོག་ཏུ་ཐོན་པ། ད་དུང་པར་མང་པོ་བརྒྱབ་པ་སོགས་ཀྱི་གནས་ཚུལ་ཆ་ཚང་ཁོང་གིས་མཁྱེན་རྟོགས་བྱུང་འདུག  དེ་སྔོན་ནས་ང་སི་པན་ (Spain) གྱི་རྒྱལ་པོ་རྒྱལ་མོ་དང་སྐུ་འཁོར་ལྷན་རྒྱས་དང་འབྲེལ་བ་ཡོད་ཙང་དེའི་མཇུག་ཏུ་སི་པན་ལ་ཐེངས་གཉིས་གསུམ་སྨན་བཅོས་དང་བརྟག་དཔྱད་ཆེད་དུ་ཕྱིན་པ་ཡིན།

            དེའི་མཇུག་ཏུ་བོད་རྒྱལ་ལོ་ ༢༡༠༧ རབ་རྒྱལ་ལྕགས་སྤྲེལ་དང་། ཕྱི་ལོ་ ༡༩༨༠ ནང་དུ་ཡོ་རོབ་ཀྱི་རྒྱལ་ཁབ་ནོར་ཝེ་ Norway, Switzerland, France, Denmark, England and Austria ལ་སོགས་པའི་རྒྱལ་ཁབ་མང་པོར་བོད་སྨན་གྱི་བཅོས་ཀ་དང་བརྟག་དཔྱད་ཆེད་དུ་ཐེངས་མང་བསྐྱོད་པ་ཡིན།
 

ས་བཅད་བཅོ་བརྒྱད་པ། སྲོལ་རྒྱུན་སྨན་པ་གྲྭ་ཚང་ཞིག་གསར་འཛུགས་བྱ་རྒྱུའི་ཐུགས་དགོངས།

            ཕལ་ཆེར་ལོ་རབས་བདུན་ཅུ་དང་བརྒྱད་ཅུའི་ནང་ལ་ཡིན་པ་ཡོད། སྐབས་ཤིག་ངས་བོད་ཀྱི་གསོ་བ་རིག་པའི་བསྟན་པ་དེ་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཆེད་དུ་དམིགས་ནས། ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གམ་དུ་བཅར་ནས་སྔར་གྱི་བོད་རྙིངས་པའི་སྲོལ་རྒྱུན་ལྟར་གྱི་སྨན་པ་གྲྭ་ཚང་ཞིག་གསར་དུ་འཛུགས་རྒྱུའི་སྐོར་ལ་སྙན་སྒྲོན་ཞུས་པ་ཡིན། དེའི་སྐབས་སུ་ཁོང་གིས་དེ་འདྲ་ཞིག་བྱུང་ན་ཧ་ཅང་ཡག་པོ་ཡོང་བ་འདུག  ངས་ཀྱང་དེའི་ཐོག་ལ་མཐུན་རྐྱེན་གང་དགོས་པའི་རྒྱུ་སྦྱོར་རམ་འདེགས་གནང་གི་ཡིན་ཞེས་ཐུགས་མཉེས་པོ་མཛད་བྱུང་། དེ་ནས་ངས་རྒྱ་བལ་འབྲུག་གསུམ་ཁུལ་དུ་ཡོད་པའི་དགོན་པ་ཆེ་ཁག་དཔེར་ན་གདན་ས་སེ་འབྲས་དགེ་གསུམ་དང་། ྋརྒྱལ་བ་ཀརྨ་པ་སྐུ་ཐོག་གོང་མའི་རུམ་གཏེག་དགོན་པ་སོགས་མང་པོ་ཞིག་ལ་ཡིག་འབྲེལ་བྱས་ཏེ་སྨན་པ་གྲྭ་ཚང་ཞིག་གསར་འཛུགས་བྱ་འཆར་སྐོར་དང་། དེའི་ཆེད་དུ་དགོན་སྡེ་ཁག་སོ་སོ་ནས་གྲྭ་རྒྱུན་གཏོང་གནང་ཡོང་ཐབས་སྐོར་ཕྱག་བྲིས་ཁག་སོ་སོར་ཕུལ་བ་ཡིན། དེ་ནས་བཙན་བྱོལ་བོད་གཞུང་ལའང་དེའི་སྐོར་སྙན་སྒྲོན་ཞིག་ཞུས་པ་ཡིན། ཡིན་ནའང་དེ་དུས་སྐུ་ངོ་ཞིག་གིས་ལ་ཐེལ་སྒང་ལ་པག་ཐེལ་ཞིག་དགོས་གལ་མེད་གསུངས་བྱུང་བས་དེ་དུས་བློ་ཕམ་ཆེན་པོ་བྱུང་།

            ྋགོང་ས་མཆོག་དང་བོད་སྤྱིའི་གཞུང་ཞིག་ཡིན་པའི་གུས་བརྩིའི་རྣམ་པའི་ཐོག་ནས་སྙན་སྒྲོན་ཞུས་པ་མ་གཏོགས། ངས་སྨན་པ་གྲྭ་ཚང་ཞིག་གསར་འཛུགས་བྱ་རྒྱུའི་རྒྱུ་གྲོན་སྐོར་ལ་རེ་སྐུལ་གང་ཡང་ཞུས་མེད་ལ། སློབ་གྲྭ་དེའི་རྒྱུ་གྲོན་ཡོངས་རྫོགས་ངའི་སྨན་ཁང་རང་ནས་གཏོང་འཆར་ཡོད། དེ་དུས་ཕྱོགས་གཅིག་ནས་དགོན་སྡེ་ཁག་གིས་དུས་ཐོག་ཡིག་ལན་མ་འབྱོར་བ་དང་། ཕྱོགས་གཉིས་ནས་སྨན་སློབ་ཀྱི་གྲྭ་རྒྱུན་སྐབས་ཐོག་མི་རག་པའི་དཀའ་ངལ། ཕྱོགས་གསུམ་ནས་གཞུང་གི་སྐུ་ངོ་ཞིག་གི་ངོས་ནས་ལ་ཐེལ་སྒང་ལ་པག་ཐེལ་ཞིག་དགོས་གལ་མེད་པའི་སྐོར་གསུངས་པ་བཅས་ཀྱིས། གང་ལྟར་བོད་ཀྱི་གསོ་རིག་བསྟན་པ་སྤྱིའི་བགེགས་བར་ཞིག་གིས་སེམས་ནང་བསམ་པའི་བྱ་བ་དེ་དོན་ཐོག་ཏུ་འགྲུབ་ཐུབ་མ་སོང་། དེའི་མཇུག་ཏུ་ངས་ྋསྐུ་མདུན་ལ་དེའི་སྐོར་སྙན་གསན་ཞུས་པ་ཡིན། དེ་དུས་ཁོང་གིས་ཨ་ཁ། དེ་བློ་ཕམ་ཞིག་རེད་ཅེས་བཀའ་གནང་བྱུང་། སྐབས་དེར་སྨན་པ་གྲྭ་ཚང་གི་ཆེད་དུ་ངས་གྲ་སྒྲིག་བྱས་པའི་མཆོད་རྫས་དུང་དང་རྒྱ་གླིང་སོགས་རྗེས་སུ་གནས་ཆུང་གྲྭ་ཚང་ལ་ཕུལ་བ་ཡིན།

ས་བཅད་བཅུ་དགུ་པ། ཁོང་གི་གསུང་ཚིག་དེབ་ཏུ་པར་སྐྲུན།

            ཕྱི་ལོ་ ༡༩༨༠ ནང་ནས་བཟུང་ང་མང་ཆེ་བ་ཨ་རིར་སྨན་བཅོས་ཆེད་དུ་འགྲོ་བསྐྱོད་འགོ་འཛུགས་བྱས་པ་རེད། དེ་ནས་ Jeffrey Hopkins ལགས་ཀྱིས་ང་ཨ་མི་རི་ཀའི་ཝི་ཇི་ནི་ཡ་གཙུག་ལག་སློབ་གྲྭར་ (University of Viginia) སྐད་བཏང་བ་རེད། དེར་ངས་ཨ་རིའི་སློབ་ཕྲུག་གྲངས་ལྔ་བཅུ་ཙམ་ལ་བོད་སྨན་གྱི་སྤྱི་ཁོག་ཙམ་ངོ་སྤྲོད་དང་སྦྲགས་སློབ་འཁྲིད་བྱས་པ་རེད།  ངས་གང་བཤད་པའི་སྨན་གྱི་སྐོར་དེ་དག་སྐབས་དེར་ངའི་སྐད་སྒྱུར་ལ་  ལགས་དང་  Jeffrey Hopkins ལགས་གཉིས་ཀྱིས་བྱས་པ་རེད།  ལགས་ཀྱིས་ཟིན་བྲིས་སུ་བཏབ་ནས་རྗེས་སུ་དེབ་ཏུ་པར་སྐྲུན་གནང་བ་རེད། དེབ་དེའི་མིང་ལ་དབྱིན་སྐད་དུ་ Health through Balance ཞེས་པ་དེ་རེད། ཁོང་གིས་མིའི་གཟུགས་པོའི་ལུས་ཟུངས་བདུན་དང་དྲི་མ་གསུམ་ཆ་སྙོམས་ཤིང་འཕེལ་ཟད་འཁྲུག་གསུམ་མེད་པའི་སྐབས་སུ་མིའི་ལུས་ཁམས་བདེ་ཐང་ཐོག་གནས་ཐུབ་པའི་སྐོར་སོགས་ལ་བོད་ཀྱི་གསོ་རིག་རྒྱུད་བཞིའི་དགོངས་པ་དང་མཐུན་པ་ཞིག་བྲིས་གནང་བ་རེད།  དེབ་དེས་ནུབ་ཕྱོགས་ཨ་རིས་གཙོས་པའི་ཕྱི་རྒྱལ་ཁག་ཏུ་བོད་སྨན་གྱི་སྐོར་ལ་ཤེས་འདོད་ཡོད་པའི་མི་རྣམས་ལ་ཕན་ཐོགས་ཆེན་པོ་བྱུང་བ་རེད། དེབ་དེ་པར་སྐྲུན་ཡང་ཐེངས་མང་པོ་བྱས་ཟིན་པ་རེད།

            སྔོན་སྐབས་ཤིག་ནས་ངས་རྩ་རྒྱུད་གཞི་ལ་བཞག་ནས་ཕྱི་རྒྱལ་མི་རིགས་བོད་སྨན་ལ་དོ་སྣང་ཡོད་མཁན་ཚོར་སློབ་འཁྲིད་དང་དྲི་བ་དྲིས་ལན་ཞིག་བྱས་པ་ཡིན། དེ་དུས་དབྱིན་སྐད་དུ་ཏན་ཏཱ་ར་ཟེར་བའི་དེབ་ཅིག་ཀྱང་བཏོན་པ་རེད། ཕྱིས་སུ་དེབ་དེའི་པར་སྐྲུན་དང་པར་རྩ་བདག་ཉར་སོགས་གང་འདྲ་བྱུང་ཡོད་མེད་ངས་ཤེས་མ་སོང་། དེ་ནས་ཡང་ཕྱི་རྒྱལ་བ་མིང་ལ་ Alan Wallance ཞུ་བ་ཁོང་གིས་ངའི་མདུན་ནས་བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་སྐོར་དང་། ཉེས་པ་གསུམ་གྱི་རྣམ་གཞག་དང་། ལྷག་པར་དུ་བྱ་བྱེད་སྨན་པའི་ལེའིུ་སྐོར་སོགས་ནས་བོད་སྨན་གྱི་སྨན་པ་ཚད་དང་ལྡན་པ་ཞིག་གང་འདྲ་བྱས་ནས་ཡོང་ཐབས་དང་། འཚོ་བྱེད་སྨན་པའི་རྒྱུ་དྲུག་དང་བློ་གཞག་དམ་ཚིག་ལ་སོགས་པའི་སྐོར།  ད་དུང་ཆེད་དུ་ཁོང་ཚོའི་བསམ་ཚུལ་ལ་གོ་བསྡུར་སྦྱངས་བཤད་དང་། དཀའ་གནད་ཁག་གི་དོགས་དྲི་བཅས་ལ་ལན་འདེབས་བྱས་པ་བཅས་ཀྱི་ཐད་ལ་ཁོང་གིས་དབྱིན་སྐད་དུ་དེབ་ལ་བཏོན་པ་རེད། དེབ་དེའི་མིང་ལ་དབྱིན་སྐད་དུ་ Healing From Source  ཞེས་བཏགས་པ་རེད། དེའི་ནང་དོན་ལ་བྱ་བྱེད་སྨན་པ་ཚོས་ནད་ཇི་ལྟར་བཅོས་པའི་སྐོར་སོགས་གཙོ་ཆེར་བསྟན་ཡོད་རེད།

            སྤྱིར་བཏང་བྱས་ན་དེབ་དེ་ཧ་ཅང་ཡག་པོ་བྲིས་ཡོད་ནའང་ཕྱིས་འབྱུང་བོད་ཀྱི་གསོ་བ་རིག་པའི་བསྟན་པ་དང་། བོད་ཀྱི་སྨན་པ་སོགས་ཀྱི་སྐོར་དེ་ཕྱི་རྒྱལ་བའི་མཁས་པ་ཁག་དང་། ཚན་རིག་མཁས་དབང་། སློབ་ཕྲུག དེ་བཞིན་བོད་སྨན་ལ་དོ་སྣང་བྱེད་མཁན་དང་། ཉམས་ཞིབ་བྱེད་མཁན་བཅས་ཚང་མར་མ་འོངས་པ་ན་གལ་ཆེན་པོ་ཆགས་ཀྱི་ཡོད་སྟབས། དེབ་དེར་བོད་སྨན་ཚད་ལྡན་ཤེས་མཁན་ཞིག་དང་དབྱིན་བོད་སྐད་གཉིས་ཀ་ཚད་ལྡན་ཤེས་མཁན་ཞིག་གིས་ཞུས་དག་ཡག་པོ་བྱ་རྒྱུ་གལ་ཆེན་པོ་ཡིན་ཙང་སྨན་པ་བསྟན་འཛིན་གྲགས་པས་ཞུ་དག་བྱས་པ་རེད། ཁོང་ནི་བོད་གཞུང་སྨན་རྩིས་ཁང་དུ་སྔོན་མ་བླ་སྨན་བསྟན་འཛིན་ཆོས་གྲགས་ལགས། བླ་སྨན་བློ་བཟང་དབང་རྒྱལ་ལགས། བླ་སྨན་ཉག་རོང་ཤར་ཀུན་དགའ་འགྱུར་མེད་ལགས་རྣམ་པའི་ཆེད་དུ་ཨ་རིས་གཙོས་པའི་ནུབ་ཕྱོགས་ཀྱི་ཡུལ་གྲུ་དུ་མར་དབྱིན་སྐད་གསུང་སྒྱུར་ཡུན་རིང་གནང་མྱོང་པའི་ལོ་ཙཱ་བ་ཞིག་རེད། ངས་ཁོང་ལ་རེ་སྐུལ་ཞུས་པ་ལྟར་དེབ་དེར་ཞུས་དག་བྱས་པ་རེད། ཕྱི་རྒྱལ་བ་གཞན་དག་གིས་ཀྱང་ཞུས་དག་བྱས་པ་རེད།  བྱས་ཙང་ཕྱིས་འབྱུང་བོད་ཀྱི་གསོ་བ་རིག་པར་དོ་སྣང་གནང་མཁན་ཡོད་དོ་ཅོག་ལ་ཐུགས་ཕན་གསོས་པའི་རེ་བ་ཡོད།

ས་བཅད་ཉི་ཤུ་པ། ནུ་འབྲས་ཞིབ་འཇུག་ཆེད་ཨ་རིར་གདན་དྲངས་པ།

            དེའི་རྗེས་སུ་ཡང་ཨ་རིའི་སན་ཕྷོ་རཎ་ཀོ་ (San Francisco) ཞེས་པའི་ས་གནས་སུ་བུད་མེད་ཀྱི་ནུ་མའི་སྐོར་ལ་ཞིབ་འཇུག་ཆེད་ང་སྐད་བཏང་བ་རེད། ངའི་སྐད་སྒྱུར་ལ་སྐུ་གཟུགས་རིང་བའི་ཕྱི་རྒྱལ་བ་ཨ་ལེན་ཝ་ལས་སེ་ཞུ་བ་ཞིག་ཡོད།  བུད་མེད་ཀྱི་ནུ་མའི་ནད་དེ་ལ་བོད་སྨན་ཐོག་ནས་ནུ་འབྲས་ཟེར་བ་དང་དེང་སང་ཕྱི་ལུགས་སྨན་པས་ Breast Cancer ཟེར་བ་རེད། ཁོང་ཚོས་ནུ་མ་འབྲས་ནད་ལ་གློག་དཔར་བརྒྱབ་པ་དེ་ང་ལ་བསྟན་པ་དང་། དེ་ནས་ནད་པ་ཚོ་ལ་ངས་བོད་སྨན་གྱི་ཐོག་ནས་རྩ་ལ་བལྟས། ཆུ་ལ་བལྟས་ཏེ་བརྟག་དཔྱད་བྱས། ཟས་སྤྱོད་སྤང་བླང་གི་བསླབ་བྱ་བརྒྱབ། བོད་སྨན་གྱི་སྨན་བཅོས་བྱས་པའི་ཐོག་ནས་ཞིབ་འཇུག་བྱས་པ་རེད། བུད་མེད་ཀྱི་ནུ་འབྲས་དེ་ཨ་རི་དང་ཕྱི་རྒྱལ་ཁག་ཏུ་ཧ་ཅང་མང་པོ་འབྱུང་བཞིན་ཡོད་ལ་སྲོག་ལ་ཉེན་ཁའང་ཆེན་པོ་ཡིན། ད་བར་སྨན་བཅོས་ཚད་ལྡན་ཞིག་རྙེད་མེད་སྟབས་ཨ་རིའི་ཚན་རིག་མཁས་དབང་དང་སྨན་པ་མཁས་པ་ཚོས་དེའི་ཐོག་ལ་ཉམས་ཞིབ་བྱས་དང་བྱེད་ཀྱིན་པ་རེད། ང་ཚོས་ནུ་འབྲས་ཞིབ་འཇུག་དེ་ནད་པ་རང་གི་ཐོག་ཏུ་ཐེངས་མང་བྱས་པ་རེད། དེའི་ཁྲོད་ཀྱི་ནད་པ་ཨ་རི་བ་ཨ་ཅག་ལགས་ཤིག་ཡོད་པ་དེ་ད་དུང་ངས་དྲན་གསོས་པ་ཞིག་ལ། དང་ཐོག་བོད་སྨན་གྱིས་ཕན་བསྐྱེད་ཞེ་དྲགས་བྱུང་ནའང་། མཇུག་ཏུ་མོ་རང་གིས་ངས་བཤད་པའི་ཁ་ལ་མ་མཉན་པར་ཐ་མག་མང་པོ་འཐེན། ཨ་རག་འཐུངས། ད་དུང་ཟས་སྤྱོད་ཀྱི་སྤང་བླང་གང་བཤད་པ་ལྟར་སྨན་པའི་ངག་ལ་མ་མཉན་པར་ཏོག་ཙམ་དྲག་བསྐྱེད་ཕྱིན་དུས་གང་བྱུང་བཟས། གང་བྱུང་འཐུངས་པ་སོགས་ཀྱིས་མཐར་དཀའ་ངལ་ཕྲད་དེ་ནུ་འབྲས་ནད་ཀྱི་རྒྱུ་དེ་ལ་ཕྱི་རྒྱལ་ཚོས་ cell ཟེར་བ་དེ་མཁལ་མར་འགོས་ཁྱབ་ཏུ་སོང་ནས་གྲོངས་པ་རེད།

            དེ་དུས་ནུ་འབྲས་ཀྱི་ཐོག་ལ་ཞིབ་འཇུག་བྱེད་མཁན་གཙོ་བོ་ནི་རྒྱ་གར་གྱི་མི་རིགས་ཡིན་པ་ཁོང་གི་མིང་ལ་ཙོ་པ་ཏི་ཟེར་བ་རེད། ལོ་ན་གཞོན་ལ་མགོ་སྤྱི་ཐེར་ཅན་ཡིན་པའི་མཁས་པ་ཞིག་ཡོད།  རྒྱ་གར་བ་ཤེས་ཡོན་ཅན་དང་། མཁས་དབང་། ཚན་རིག་པ། སྨན་པ་སྐད་གྲགས་ཅན་སོགས་མང་ཆེ་བ་ཨ་རིར་བསླེབས་ནས་ཕྱག་ལས་གནང་གི་ཡོད་པ་རེད། དེའི་སྐབས་ཀྱི་ཞིབ་འཇུག་བྱས་པའི་ཟིན་ཐོ་འམ་དབྱིན་སྐད་དུ་ Report ཟེར་བ་དེ་ཕྱིས་སུ་བཟོས་པ་རེད། དེའི་ཐོག་ལ་འོད་སྡེར་ (CD) ཞེས་འབོད་པ་ང་ཚོས་བོད་སྨན་ཐོག་ནས་ཞིབ་འཇུག་གང་བྱས་པ་དེ་དག་བརྙན་འཁོར་ནང་དུ་པར་གཞི་སྒྲིག་སྦྱོར་བྱས་ཏེ་ལྟ་རྒྱུ་ཡོད་པ་ཞིག་ཕྱི་རྒྱལ་བ་ཚོས་བཟོས་པ་རེད། བོད་སྨན་གྱིས་ཉམས་ཞིབ་རིམ་པ་མང་པོ་བྱས་པ་བརྒྱུད་དེ་དངོས་འབྲེལ་དེང་རབས་ཚན་རིག་གི་མཁས་དབང་། སྨན་པ་མཁས་དབང་། ཚད་མཐོ་བའི་ཚན་རིག་གི་འཕྲུལ་ཆས་དེང་རབས་ཅན་གྱི་སྐབས་འདིར་ཡང་། གནའ་རབས་བོད་གངས་ཅན་པའི་བོད་སྨན་ལབ་ནའང་རེད། བོད་ཀྱི་གསོ་བ་རིག་པ་ལབ་ནའང་རེད། ང་ཚོའི་བོད་ཀྱི་གཞུང་ལུགས་ནས་བཤད་པའི་སྨན་གྱི་རིག་གཞུང་དེས་མིག་མཐོང་ལག་ཟིན་ལ་དེང་སང་བཅོས་ཐབས་མེད་པའི་ན་ཚ་མང་པོ་ཞིག་དང་། ལྷག་པར་ངས་ཡུན་རིང་ཞིབ་འཇུག་བྱས་པའི་ནུ་འབྲས་ཀྱི་སྐོར་ལ་བོད་སྨན་དེས་ཕན་བསྐྱེད་ཆེན་པོའི་གྲུབ་འབྲས་ཐོན་ཐུབ་པ་བྱུང་བ་རེད།

            ཉམས་ཞིབ་དེ་ལྟ་བུ་ཞིག་བྱས་པ་ལའང་ལས་སླ་པོ་ཞིག་གཏན་ནས་མི་འདུག ང་ཚོས་ལོ་གཅིག་ནང་དུ་ཟླ་བ་གསུམ་རེ་བྱས་ཏེ་ཞིབ་འཇུག་བྱས་པ་རེད། ཟླ་བ་གསུམ་རེའི་མཚམས་སུ་ང་དང་ངའི་ཤག་ཚང་གི་སྨན་པ་བློ་བཟང་ལགས་ཨ་རིར་ཡང་སེ་འགྲོ་དགོས་ཀྱི་ཡོད། ཟླ་བ་གསུམ་མཚམས་སུ་བོད་སྨན་གྱིས་ཞིབ་འཇུག་བྱས་པའི་ནད་པ་ཇི་ཙམ་དྲག་བསྐྱེད་བྱུང་བ། ཇི་ཙམ་དྲག་བསྐྱེད་འགྲོ་མ་ཐུབ་པ། ཇི་ཙམ་ཕན་བསྐྱེད་བྱུང་མིན་ཐད་ལ་བསྡོམས་རེ་བརྒྱབ་ནས་ཡང་བསྐྱར་ཞིབ་འཇུག་བྱས་ཀྱི་ཡོད་རེད། དེའི་སྐབས་སུ་ངས་བོད་སྨན་གྱིས་ཞིབ་འཇུག་དེའི་ཐོག་ལ་བོད་སྨན་སྣེ་གྲངས་བཅོ་ལྔ་སྦྱོར་བཟོ་ཞུས་ཏེ་བརྟག་དཔྱད་བྱས་པ་རེད།  དེ་ཡང་ཨ་རིའི་སྨན་ཁང་རང་ནས་འཕྲུལ་ཆས་ཀྱི་ནང་དུ་བོད་སྨན་རྣམས་ལ་བརྟག་དཔྱད་བྱས། སྨན་དེ་ཚོའི་ནང་ལ་དངུལ་ཆུ་དང་ཞ་ཉེ་སོགས་ཡོད་མེད་སྔོན་ལ་བརྟག་དཔྱད་ཞིབ་ཚགས་བྱས་དགོས་ཀྱི་ཡོད། དེ་ནས་བོད་སྨན་རིགས་སོ་སོ་ལ་ཨང་གྲངས་གཅིག་ནས་བཅོ་ལྔ་བར་སྤྲད་ནས་སྨན་དེ་དག་སྨན་གཉེར་བ་ཨ་ཅག་ལགས་ཤིག་གིས་བདག་གཉེར་བྱས་དགོས་པ་རེད།

            དེ་ནས་སྨན་གྱི་ཨང་གྲངས་བཀོད་པ་རྣམས་མི་གཅིག་གིས་ནད་པའི་སྨན་དང་སྨན་དེབ་རྣམས་བདག་ཉར་བྱས། དེའི་སྐབས་སུ་ནད་པ་སོ་སོའི་ནད་རྟགས་སོགས་ལ་བརྟགས་ཏེ་བོད་སྨན་དེ་དག་ཀྱང་ཕྱི་རྒྱལ་གྱི་སྨན་པ་ཚོས་ཚན་རིག་གི་ཞིབ་འཇུག་དང་མཐུན་པར་ཁོ་རང་ཚོའི་ངོས་ནས་སྨན་པར་སྤྲད་ཀྱི་རེད། བོད་སྨན་ཐོག་ནས་ཞིབ་འཇུག་བྱས་པའི་ནད་པ་མང་ཆེ་བ་ཞིག་དྲག་བསྐྱེད་བྱུང་ནས་ཕྱིས་སུ་ལོ་གཉིས་གསུམ་ཙམ་གྱི་རྗེས་སུ་ཡང་རྡ་རམ་ས་ལར་ཡང་བསླེབས་སོང་། ཡིན་ནའང་ཨ་རིའི་བུད་མེད་ཅིག་གིས་ཐ་མག་འཐེན་པ་དང་ཨ་རག་འཐུངས་དྲགས་པའི་རྐྱེན་གྱིས་ལོ་གཅིག་ཙམ་གྱི་རྗེས་སུ་མ་གཏོགས་དྲག་བསྐྱེད་མ་བྱུང་བ་རེད། དེ་མིན་གྱི་ནད་པ་མང་ཆེ་བ་དྲག་བསྐྱེད་བྱུང་ནས་ནད་པ་ཁ་ཤས་ལོ་གཉིས་གསུམ་ཙམ་དང་། ཡང་ཁ་ཤས་ཤིག་ལོ་ཤས་རིང་མ་ཤི་བར་བསྡད་ཐུབ་པ་སོགས་བྱུང་བ་རེད།

ས་བཅད་ཉེར་གཅིག་པ། ལོ་ལྟར་ཟླ་ཤས་རིང་ཨ་རིར་ཕེབས་ཏེ་ནད་བཅོས་མཛད་པ།

            སྤྱིར་བཏང་ངས་ལོ་རེའི་ནང་དུ་ཟླ་བ་ཁ་ཤས་ཤིག་ཨ་མི་རི་ཀར་ཕྱིན་ཏེ་ནད་པར་སྨན་བཅོས་བྱས་ཀྱི་ཡོད། དེ་ཡང་གཙོ་བོ་ཨ་རིའི་ས་ཁུལ་མི་འདྲ་བ་ཁག་དཔེར་ན། New York, Boston, San Francisco, Chigago, California and LosAngeles སོགས་ས་ཁུལ་མང་པོར་ནད་པར་སྨན་བཅོས་ཆེད་དུ་བསྐྱོད་ཀྱི་ཡོད། San Francisco ལ་གསེར་ཁབ་ལག་ལེན་བྱེད་མཁན་གྱི་སྨན་པ་ཨ་ཅག་འབར་ལིག་ཟེར་བ་ཞིག་ཡོད་པ་དེས་ང་ཡོང་དུས་ནད་པའི་ཨང་རིམ་ལྟར་དུས་ཚོད་སོགས་གོ་སྒྲིག་བྱས་ཀྱི་རེད། དེང་སང་ཁོང་རང་གིས་སྨན་པ་བྱས་ཏེ་བོད་སྨན་གྱིས་བཅོས་སོགས་བྱེད་ཀྱི་ཡོད། 

            དེ་མིན་ Los Angeles ཁུལ་དུ་ཡང་ཨ་རི་བ་ཨ་ཅག་ལགས་ཤིག་ཡོད་པ་དེས་ཀྱང་གོ་སྒྲིག་ཆ་ཚང་ཞུས་ཏེ་ཕྱག་ལས་ཡག་པོ་གནང་གི་རེད།  ངས་ཉིན་རེར་ནད་པ་བཅུ། བཅོ་ལྔ། ཉི་ཤུ་སོགས་མང་ཉུང་ལ་ཅི་རིགས་ལ་བརྟག་དཔྱད་དང་སྨན་བཅོས་བྱས་ཀྱི་ཡོད། སྤྱིར་བཏང་ནད་འདྲ་མི་འདྲ་ཞིག་ཡོད་པ་རེད། དེའི་ཁྲོད་དུ་ཁྲག་འབྲས་ནད་དམ་ཁྲག་ཀན་སར་ Blood Cancer གྱི་ནད་པ་ཁ་ཤས་ཡོད་པ་རྣམས་ལ་བོད་སྨན་གྱིས་སྨན་བཅོས་ཡག་པོ་བྱས་ཐུབ་ན་དྲག་བསྐྱེད་མངོན་གསལ་དོད་པོ་ཡོང་གི་འདུག དེ་མིན་མཆིན་འབྲས་ནད། མཚེར་པའི་འབྲས་ནད། ཕོ་འབྲས་ནད། ནུ་འབྲས་ནད། རུས་འབྲས་ནད། གློ་འབྲས་ནད། གྲུམ་བུ་ནད། རྩ་དཀར་ནད། སེམས་ནད་སོགས་ནད་སྣ་ཚོགས་ཡོད་པ་རེད།

ས་བཅད་ཉེར་གཉིས་པ། མཆིན་པ་དང་འབྲེལ་བའི་ཁྲག་འབུ་ལ་བཅོས་མཛད་པ།

            ད་དུང་མཆིན་པ་དང་འབྲེལ་བའི་ཁྲག་གི་ནད་འབུ་ལྡན་པ་དབྱིན་སྐད་དུ་ Hepatitis ཞེས་པའི་ནད་པ་དང་། དེའི་ཁྲོད་ནས་Hepatitis A དང་། Hepatitis B དང་། Hepatitis C ཟེར་བ་དེ་འདྲ་འདུག་པཱ། དེའི་ནང་ནས་ Hepatitis C ཟེར་བ་དེ་དཀའ་ལས་ཁག་པོ་འདུག་མ་གཏོགས་བྷི་ཟེར་བ་དེ་བོད་སྨན་གྱིས་ཕན་ནུས་ཆེན་པོ་འཐོན་བཞིན་ཡོད། གང་ཡིན་ཟེར་ན། སྔོན་མ་ནས་ང་ལ་ཨུ་རུ་སུ་དང་སོག་པོའི་ཁུལ་དུ་བརྟག་དཔྱད་སྨན་བཅོས་སླད་དུ་ཡོང་རོགས་ཞེས་རེ་འདུན་གནང་མཁན་མང་པོ་བྱུང་ཡང་། ད་ལྟ་བར་དུས་ཚོད་ཀྱིས་སྟབས་མ་འགྲིག་པར་ཁྱོན་ནས་འགྲོ་ཐུབ་མ་སོང་། ཡིན་ནའང་ཨུ་རུ་སུའི་ནད་པ་ཕོན་ཆེན་ཞིག་རྡ་རམ་ས་ལར་ཆེད་མངགས་ངའི་མདུན་དུ་བརྟག་དཔྱད་སྨན་བཅོས་ཆེད་དུ་ཡོང་གི་ཡོད།  ཁོང་ཚོའི་ཁྲོད་དུ་ Hepatitis B དང་ C ཡོད་པའི་ནད་པ་མང་པོ་ཡོད། དེའི་ཚོའི་ཁྲོད་ནས་བྷི་ཟེར་བ་དེར་ངའི་སྨན་གྱིས་དམིགས་བསལ་ཕན་བསྐྱེད་ཆེན་པོ་འབྱུང་བཞིན་ཡོད་སྟབས་ཁོང་ཚོ་མི་མང་པོ་འདིར་ཡོང་གི་རེད། ཡང་ནད་པ་ཕེབས་མ་ཐུབ་མཁན་ཚོར་ཕྱི་ལུགས་ཀྱིས་སྒོ་ནས་བརྟག་དཔྱད་བྱས་པའི་ཟིན་ཐོའམ་དབྱིན་སྐད་དུ་ Report ཟེར་བ་དེ་ཁྱེར་ཡོང་ནས་ངས་ཆུ་ལ་བརྟག་དཔྱད་བྱས་ཏེ་སྨན་བཅོས་བྱས་དང་བྱེད་བཞིན་ཡོད།

ས་བཅད་ཉེར་གསུམ་པ། རྡ་རམ་ས་ལར་ཉིན་རེའི་ནད་བཅོས་མཛད་པའི་རིམ་པ།

            ང་རང་རྒྱུན་དུ་རྒྱ་གར་དུ་སྡོད་པའི་སྐབས་ངས་རྒྱ་གར་གྱི་ནད་པར་སྨན་བཅོས་བྱེད་ཀྱིན་ཡོད། ནད་པ་ཡོང་མཁན་གྱི་ས་ཁུལ་མི་འདྲ་བ་ཁག་མང་པོ་ཡོད་རེད། དཔེར་ན། Delhi, Mumbai, Kolkata,Gujarat, Maharastra, Bangalore, Kashmir, Punjab and Himachal སོགས་ས་ཕྱོགས་གང་ས་ནས་ཡོང་གི་ཡོད།  ཉིན་རེར་ངའི་སྨན་ཁང་ནས་ཨང་གྲངས་དྲུག་བཅུ་རེ་སྤྲད་དེ་ནད་པ་གྲངས་ ༦༠ ལ་བརྟག་དཔྱད་སྨན་བཅོས་བྱེད་ཀྱི་ཡོད། ཡིན་ནའང་དེང་སང་ནད་པ་མང་དུ་ཕྱིན་ཏེ་ཚང་ག་བརྒྱབ་ནས་ཨུ་ཚུགས་ཀྱིས་བལྟ་རོགས་ཟེར་ཏེ་ཁྱོན་ནས་ཁ་ལ་ཉན་གྱི་མི་འདུག  བྱས་ཙང་དེང་སང་ཕལ་ཆེར་ཉིན་གཅིག་ལ་ནད་པ་ ༨༠ ནས་ ༩༠ བར་དང་། མཚམས་རེར་ ༡༠༠ ལྷག་ཙམ་ལ་བརྟག་དཔྱད་སྨན་བཅོས་བྱེད་དགོས་ཀྱི་ཡོད།  སྔོན་མ་ཡིན་ན་ངས་ཞོགས་པ་ཆུ་ཚོད་བརྒྱད་པ་ཙམ་ནས་ཉིན་གུང་བཞེས་ལག་བར་དུ་ནད་པར་བརྟག་དཔྱད་བྱས་ཏེ་ཉིན་རྒྱབ་ལ་གུང་གསེང་གཏོང་གི་ཡོད།

            སྤྱིར་བཏང་ས་ཕྱོགས་མི་འདྲ་བ་མང་པོ་ནས་ནད་པ་ཡོང་གི་ཡོད་ཀྱང་ཁོང་ཚོའི་ཁྲོད་ནས་ཁྲག་འབྲས་ནད། ནུ་འབྲས་ནད། གློ་འབྲས་ནད། མཆིན་འབྲས་ནད། རྩ་དཀར་ནད། པགས་ནད། དྲེག་ནད། གྲུམ་བུ་ནད། སེམས་ནད་རིགས་སོགས་མང་དག་ཅིག་ཡོད་པའི་ཁོངས་ནས་ཟླ་རེར་འབྲས་ནད་རིགས་ཀྱི་ནད་པ་ ༣༠ ནས་ ༤༠ བར་ཙམ་ཞིག་ Gujarat ནས་འོང་གི་ཡོད། ད་ལྟའང་མུ་མཐུད་དེ་ནད་པ་དེའི་རིགས་མང་དུ་ཕྱིན་ཏེ་ཁོང་ཚོ་བསླེབས་དུས་རྒྱུན་ལྡན་གྱི་ནད་པར་བརྟག་དཔྱད་མ་ཚར་བར་དུས་ཚོད་མ་ལྡང་བའི་དཀའ་ངལ་ཞེ་དྲགས་འདུག ལོ་ཁ་ཤས་སྔོན་ནས་ཁོང་ཚོས་རྒྱ་གར་གྱི་སྨན་ཁང་ཆེ་གྲས་ནས་བརྟག་དཔྱད་བྱས་པའི་སྙན་ཐོ་ཆ་ཚང་དང་ནད་པ་སོ་སོའི་དྲི་ཆུའང་བསགས་ཏེ་མི་ཞིག་གིས་ཁྱེར་ནས་ཟླ་རེའི་ནང་རྟག་ཏུ་ཡོང་གི་ཡོད། ངས་འདི་ནས་ནད་པའི་དྲི་ཆུ་ལ་བརྟག་དཔྱད་ནན་པོ་བྱས་ཏེ་སྨན་བཅོས་བྱས་དང་བྱེད་བཞིན་པ་རེད། དེ་ཡང་ནད་པ་རེ་ཟུང་ཞིག་ཐོག་མར་ཕྱི་ལུགས་སྨན་བཅོས་གང་བྱས་ཀྱང་མ་ཕན་པས་མཐར་འུ་ཐུག་ཐབས་ཟད་དེ་ངའི་སར་བསླེབས་པའི་རིགས་རེད། དེ་ནས་རིམ་པས་བོད་སྨན་བཏང་ནས་དྲག་བསྐྱེད་བྱུང་བའི་གནས་ཚུལ་རྒྱ་ཁྱབ་ཏུ་ཕྱིན་པ་དེ་ནས་བཟུང་ཁོང་ཚོའི་ནད་པ་མང་པོ་འདིར་རྒྱུན་དུ་ཡོང་གི་ཡོད།  

            དེ་ནས་ལོ་བཅུ་གྲངས་ཤིག་གི་སྔོན་ལ་རྒྱ་གར་གྱི་གྲོང་ཁྱེར་ Mumbai ནས་བསླེབས་པའི་ནད་པ་ཞིག་ལ་ངས་སྨན་བཅོས་བྱས་ཏེ་དྲག་བསྐྱེད་བྱུང་བར་བརྟེན་དེ་ནས་ནད་པ་མང་པོ་ཞིག་དེའི་རྗེས་སུ་བསླེབས་བྱུང་། དེ་ཙམ་མ་ཟད་གྲོང་ཁྱེར་དེའི་གཞུང་གི་སྨན་ཁང་ཆེན་པོ་ཞིག་གི་སྨན་པ་མཁས་པ་གཅིག་དང་མི་ཁ་ཤས་ངའི་སར་བསླེབས་ནས་གཞུང་གི་སྨན་ཁང་ནང་དུ་བོད་སྨན་གྱི་བརྟག་དཔྱད་སྨན་ཁང་ཆུང་ཆུང་ཞིག་ཟུར་དུ་ཚུགས་རོགས་ཞེས་བཤད་བྱུང་། ཡིན་ན་ཡང་ང་རང་སྨན་ཁང་འདིར་ལས་བྲེལ་ཧ་ཅང་གི་ཆེན་པོ་ཡིན་ཙང་དུས་ཚོད་ཀྱི་ཁོམ་པ་མེད་སྟབས་ཁས་ལེན་ཞུས་མེད། དེ་ཚོ་ནི་བོད་སྨན་བཏང་སྟེ་བཅོས་ཐབས་མེད་པའི་ནད་པ་དངོས་སུ་དྲག་བསྐྱེད་བྱུང་བར་བརྟེན་རྒྱ་གར་གྱི་ཚན་རིག་སྨན་པ་མཁས་པ་དེ་ཚོས་ཀྱང་བོད་སྨན་གྱིས་ཕན་གྱི་ཡོད་པའི་དངོས་ཡོད་གནས་སྟངས་མིག་མཐོང་ལག་ཟིན་བྱུང་བ་སོང་ཙང་། ཁོང་ཚོས་ང་ལ་རེ་འདུན་ཞུས་ཏེ་འགྲོ་གྲོན་ཡང་ཁོང་རང་ཚོའི་གཞུང་གི་སྨན་ཁང་ངོས་ནས་གཏོང་གི་ཡིན་ཞེས་གསུངས་བྱུང་། སྤྱིར་བཏང་ནད་གང་ཡིན་མིན་རྩ་ལ་བལྟས། ཆུ་ལ་བལྟས། གཞུང་ཀློག་པ་སོགས་བྱས་ན་ཧ་གོ་ཡི་རེད། དེང་སང་ལས་སླ་པོ་ཞེ་དྲགས་རེད། དེང་སང་ནད་པས་གློག་དཔར་དང་ཁྲག་བརྟག་དཔྱད་བྱས་པའི་ Report ཁྱེར་ཡོང་གི་རེད། ལས་སླ་པོ་ཞེ་དྲགས་རེད། སྐབས་རེ་ལ་རིགས་པས་བརྟག་དཔྱད་བྱེད་མཁན་དེ་འདྲ་འོང་གི་རེད། དེ་དུས་གཟབ་གཟབ་བྱེད་དགོས་རེད། མཁལ་མ་དང་གཅིན་པ་གཉིས་ལ་མ་མཐུན་པ་ཡོང་གི་རེད། གཟབ་གཟབ་བྱེད་དགོས་རེད།

            སྔོན་མ་ཕྱི་ལོ་ ༢༠༠༡ ལོར། ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་རྡོ་རྗེ་གདན་དུ་སྐུ་ལ་སྙུང་གཞི་ལྕི་མོ་ཞིག་བཞེས་པ་རེད། དེ་དུས་ངས་བདུད་རྩི་རིལ་དཀར་ཐུན་གང་ཙམ་ཞིག་ཕུལ་བ་ཡིན། སྨན་དེས་ཕན་ནུས་ཆེན་པོ་ཐོན་ཐུབ་པ་རེད། སྨན་འདིས་མ་ཞུ་བའི་ནད་དང་། ཕོ་བའི་མེ་དྲོད་སྐྱེད་པ། བད་ཀན་ལྷེན་དང་། སྐྲན་བཤིག་པ། བད་ཀན་ལྕགས་དྲེག སྐྱ་རྦབ་ནད། འོར་ནད། དམུ་ཆུ་སྐེམ་པ། གྲང་སྲིན་ནད། གླང་ཐབས་དྲག་པོའི་ནད་སོགས་ལ་སྨན་འདི་བདུད་རྩི་ལྟ་བུར་གྱུར་བ་ཞིག་ཡོད་རེད། བདུད་རྩི་རིལ་དཀར་ཞེས་པའི་སྨན་སྦྱོར་འདི་ནི་མཚན་མོར་ཅོང་གཞི་མེ་ལ་ཧར་བསྲེག་བྱས་དགོས། གལ་ཏེ་ཚ་བཏུལ་བྱ་དགོས་ན་ཆང་དང་གྲང་བཏུལ་བྱ་དགོས་ན་སྐྱུ་རུའི་ཁུ་བའི་ནང་དུ་བླུགས་ནས་བཏུལ་དགོས། སང་ཉིན་དེ་རས་འཚག་བརྒྱབ་ནས་འོ་མ་ལྟར་འདྲ་བའི་ཅོང་ཞི་དེ་འཚག་བརྒྱབ་དགོས། དེ་ནས་སྐྱོ་མ་དེ་སྐྱུ་རུའི་ཁུ་བས་གཙང་བཟོ་བྱས་ཏེ་གཞོང་པ་ཆེན་པོ་ཞིག་གི་ནང་དུ་བླུགས་དགོས། དེ་ནས་སྲིན་བལ་གྱི་སྐུད་པ་ལ་བཏགས་ནས་ཆུ་རྣམས་མར་བཙགས་དགོས། དེ་ནས་ཅོང་ཞིའི་སྐྱོ་མ་དེ་བག་ལེབ་ནང་བཞིན་སྒོར་ཙམ་བཟོས་ནས་ཉི་མ་ལ་བསྐམས། དེ་ནས་མཚན་མོ་སོལ་བའི་མེའི་ནང་དུ་བསྲེགས་ནས་དམར་རྐྱང་བཟོས། དེ་ནས་ལྕགས་ལེབ་ཀྱི་སྟེང་དུ་བཞག་ནས་གྲང་སང་གཏོང་དགོས། དེ་ནི་བདུད་རྩི་རིལ་དཀར་ཟེར་བ་དེའི་སྨན་སྦྱོར་བྱེད་སྟངས་ཤིག་རེད།

            མན་ངག་བསིལ་སྦྱོར་ཞེས་པའི་སྨན་འདིས་དུག་དང་སྨུག་པོ་འཐབ་པའི་ནད། མཁྲིས་པ་རྒྱས་ནད། མཆིན་པ་རྒྱས་ནད། ཁྲག་རྙིང་ནད་ཀྱིས་སྟོད་བརྒྱང་བ། མཆིན་པ་དང་མཚེར་པ་དབར་གྱི་བར་ཁྲག་རྒྱས་ཟེར་བ་དེ་ནི་ཕོ་བའི་གཤམ་གྱི་ཟས་འཇུ་བར་བྱེད་པའི་གཤེར་མ་དབྱིན་སྐད་དུ་ (Pancreas) ཟེར་བ་དེར་ཁྲག་རྒྱས། གཤེར་མ་དང་མཚེར་པའི་བྱེད་ལས་ཞན་པའི་རྐྱེན་གྱིས་དེང་སང་རྒྱ་གར་གྱི་ནང་དུ་ཁྲག་འབྲས་ (Blood Cancer) ཆགས་པའི་ནད་པ་མང་པོ་ཞིག་ངའི་སར་བསྟེན་གཏུགས་བྱས་དང་བྱེད་བཞིན་ཡོད། ད་བར་དུ་ཁྲག་འབྲས་ཆགས་པའི་ནད་པ་གཅིག་ཀྱང་ཤི་མ་སོང་ལ་བོད་སྨན་གྱིས་ཁྲག་འབྲས་གཙང་སེལ་ཐུབ་ཀྱི་འདུག

            སྟོད་ལུགས་སྤང་རྩི་བཅུ་གཉིས་དེ་ངོ་བོ་རྩུབ་ཅིང་སྨན་བཟི་ཆེ་བས་གཉན་ཚད་ཀྱི་རིགས་མ་ལུས་པར་གསོད་པར་བྱེད་པའི་མཆོག་ཡིན། དེ་ཡང་ལུས་པོའི་སྟོད་ཀྱི་གཉན་ཚད་དང་། ལུས་པོའི་སྨད་ཀྱི་གཉན་ཚད། རྨ་རིགས་ཀྱི་གཉན་ཚད། གཉན་འབུར། གློ་བའི་གཉན་ཚད་སོགས་གཉན་ཚད་ཀྱི་རིགས་སུ་གྱུར་པ་མཐའ་དག་དང་། ཡུལ་དུས་ཀྱི་རང་བཞིན་ལས་རིམས་ནད་སྟོབས་ཆེན་རྣམས་འཇོམས་ཐུབ་པའི་སྨན་གྱི་གཉེན་པོ་ཞིག་ཡིག་ཡིན། དེང་སང་ཕྱི་རྒྱལ་བ་ཚོས་དབྱིན་སྐད་ནང་དུ་ Cancer ཞེས་པ་འབྲས་ནད་ཀྱི་རིགས་དཔེར་ན་གློ་འབྲས། ནུ་འབྲས། མཆིན་འབྲས། རུས་འབྲས་སོགས་ཀྱི་ན་ཚ་ལའང་སྨན་འདི་ཕན་སྐྱེད་ཆེན་པོ་ཡོད།

            གུར་གུམ་བཅུ་གསུམ་ཞེས་པའི་སྨན་འདིས་མཆིན་རྒུད་ཅེས་མཆིན་པ་སྐྲངས་ནས་ཆེན་པོ་ཆགས་པའི་ནད་ཅིག་དང་། ཡང་མཆིན་པ་ཆུང་ཆུང་ཆགས་པའི་ནད་ཅིག་ཡོད། འདིས་མཆིན་པ་ཆུང་ཆུང་ཆགས་པའི་ནད་དེ་ལ་ཕན་པ་ཡིན།

            གསང་སྨན་ཞེས་པའི་དོན་ནི་མཐོང་བ་བརྒྱུད་པའི་ཕྱག་ལེན་ལ་གོ་དགོས་སྟབས་མཐོང་བརྒྱུད་ཕྱག་ལེན་ལྟར་སྨན་བཅོས་བྱེད་དགོས། དེ་སྔ་ཡིན་ན་བོད་ཀྱི་ལ་ཕུག་གི་ཁུ་བ་དེ་འབམ་གྱི་གསང་སྨན་དུ་བཞེད་ཀྱི་རེད། སྔོན་མ་བོད་དུ་གསང་སྨན་གཏོང་སྟངས་ནི། དང་པོ་བོད་ལབ་རིལ་རིལ་དེའི་ཁུ་བ་བཙིར་དགོས། དེ་ནས་ལབ་ཁུ་དེའི་ཁུ་བ་དཀྲུགས་དཀྲུགས་མང་པོ་བྱས་ནས་ལ་ཕུག་གི་ཁུ་བའི་ནང་གི་ལྦུ་བ་ཁྱོན་ནས་མེད་པ་བཟོས་དགོས། དེ་ནས་དེའི་ནང་དུ་སྨན་བླུགས། དེ་ནས་འབྲུའི་སྟེང་དུ་དཀར་ཡོལ་དེ་མར་བཞག་སྟེ་ཁེབ་གཅོད་བརྒྱབ། ཕྱི་ཉིན་ཐོ་རེངས་དུས་སུ་ནད་པས་སྨན་དེ་གཏོང་དགོས། དེ་ནི་དེ་སྔ་བོད་ཀྱི་སྲོལ་རྒྱུན་གསང་སྨན་གྱི་བཅོས་ཐབས་ཤིག་རེད། ཡིན་ནའང་དེང་སང་ངས་འབམ་གྱི་གསང་སྨན་ལ་མཆིན་པ་བེད་སྤྱོད་བྱེད་ཀྱིན་ཡོད། དེ་སྔ་ངས་སྨན་རྩིས་ཁང་གི་སྨན་པ་ཞིག་གི་ཨ་མ་རྒས་མོ་ཞིག་ལ་དཀར་ཡོལ་ཞིག་གི་མཐིལ་དུ་མར་ཕྲན་བུ་བླུགས། དེ་ནས་ར་དང་ལུགས་སོགས་ཀྱི་མཆིན་པ་བླུགས། མཆིན་པ་དེ་ཡང་སྨན་དུ་མཉམ་བསྲེས་བྱས། ཁེབ་གཅོད་བརྒྱབ་ཏེ་མཚན་གཅིག་བཞག  དེ་ནས་འབམ་གྱི་གསང་སྨན་དེ་བཏང་བས་ཕན་སྐྱེད་ཡག་པོ་ཞེ་དྲགས་བྱུང་སོང་། གསང་སྨན་དེ་རིགས་ནི་འབམ་རིགས་ཀུན་ལ་བདུད་རྩི་ལྟ་བུར་བསྔགས་པ་ཡིན་པས་སྐབས་འགར་སེ་འབྲུ་ལྔ་པ་དང་སེ་འབྲུ་ཀུན་བདེ་སོགས་ཀྱིས་ཕོ་བའི་མེ་དྲོད་གསོ་བར་བྱེད་པ་དེ་ཡང་མན་ངག་ཞིག་ཡིན།

            ཏིག་ཏ་ཉེར་ལྔའི་སྦྱོར་བ་འདི་ཡིས་ནད་གཞི་མཁྲིས་པ་དང་སྣོད་ཀྱི་མཁྲིས་པ་སོགས་ལས་སྐྱེས་པའི་མཁྲིས་ནད་ཉི་ཤུ་རྩ་དྲུག་གི་རིགས་རྣམས་འཇོམས་པར་བྱེད་ནུས་ལ། མདོར་ན་མཁྲིས་ནད་ཚ་གྲང་མ་ལུས་པར་སེལ་བར་བྱེད་པའི་སྨན་གཅིག་ཡིན། འོན་ཀྱང་མཁྲིས་ནད་ཀྱིས་རྐྱེན་པས་མཁྲིས་སྐྲན་ལྟ་བུ་ཞིག་འགྲིལ་ཕྱིན་ཆད་གར་ནག་གི་སྦྱོར་བའི་སྨན་སྦྱོར་ཞིག་མེད་ན་དྲག་སྐྱེད་འབྱུང་རྒྱུ་དཀའ་མོ་ཡིན།

            གཡུ་རིལ་བཅུ་གསུམ་ཞེས་པའི་སྨན་སྦྱོར་དེའི་ནང་དུ་རྒོད་ཀླད་དཀར་ཞེས་པ་ཤ་མི་ཟ་བར་ལུག་དང་གཡག་གི་རྐང་གདུང་གི་རུས་པ་ཤ་སྟག་ཟ་མཁན་རྒོད་དེའི་བྲུན་དགོས། དེང་སང་དེའི་ཚབ་ཏུ་བུལ་ཏོག་གཏོང་བཞིན་ཡོད་ཀྱང་དེ་ཙམ་གྱིས་ཚབ་ཏུ་མི་རུང་། ཡིན་ནའང་བུལ་ཏོག་ལ་ཆུ་ཡག་པོ་བཅད་དགོས། རྒོད་དེའི་ཕོ་དྲོད་ཆེ་བའི་དབང་གིས་བྱ་ཕྲུག་ཡང་དགུན་དུས་དགུ་འདྲེན་པའི་དུས་གྲང་ངར་ཆེ་ཤོས་སྐབས་སུ་རྒོད་དེས་བྱ་ཕྲུག་བསྙལ་གྱི་ཡོད། སྨན་འདིས་ཁྲག་མཁྲིས་དང་བད་ཀན། ཕོ་བའི་ནད་སོགས་ལ་བསྔགས་པ་ཡིན། ཁྱད་པར་དུ་གྲང་རླུང་ལ་ཡང་མི་གནོད་ཅིང་ཕོ་ནད་སྨུག་པོའི་སྤྱི་སྨན་ཡག་པོ་ཞིག་ཡིན།

            རྨེན་བུའི་སྦྱོར་བ་ལྦ་བ་རྒྱུན་གཅོད་ཅེས་པ་འདི། ཟླ་སྨད་ཚེས་བཅུ་དྲུག་ནས་གནམ་གང་བར་དུ་བསྟེན་ན་ལྦ་བ་རྩད་ནས་གཅོད་པར་བྱེད་པ་ཡིན། མི་ཁ་ཤས་ལ་ལུས་ལ་ན་ཚ་མེད་པར་ལུས་འཚོ་ཆེས་ནས་ལྦ་བ་སྐྱེས་པ་ཡང་ཡོད། གཙོ་བོ་རྒྱ་མཚོའི་ནང་དུ་རྩ་རིགས་ཟས་སུ་བྱས་པ་དེས་ཕན་པ་ཡིན། བོད་དུ་ང་ཚོ་ཡར་འབྲོག་གཡུ་མཚོའི་ཆུ་དང་མཚོའི་མཐའ་ལ་ཆགས་པའི་ལྦ་ཚྭས་ལུས་ཀྱི་ལྦ་བ་རབ་ཏུ་འཇོམས་པར་བྱེད་པ་རེད། དེ་ང་ལའང་སྔོན་མ་ཉམས་མྱོང་དེ་འདྲ་ཡོད་སྟབས་མཚོའི་ཆུ་རེད། མཚོའི་ནང་གི་རྩ་རིགས་རྫི་མ་རེད། མཚོའི་ལྦ་ཚྭ་བཅས་ཀྱིས་ཕན་པོ་ཡོད།

            ཆིག་ཐུབ་རིལ་བུ་ཞེས་པའི་སྨན་འདི་ནི་གླང་ཆེན་སྨྱོན་པ་ཟེར་བ་དེ་ཡིན། སྨན་དེ་བོད་དུ་གངས་རིའི་མཚམས་ནས་མར་བབས་པའི་འབྲོག་པའི་གཡག་དང་ལུག་གི་ལྷས་རྭའི་ཉེ་འགྲམ་དུ་སྐྱེས་པའི་སྨན་ལོ་མ་ཐེར་ཐེར་ཅན་ལ་ཐང་འཕྲོམ་གྱི་འབྲུ་འདྲ་པོ་ཡོད། འོན་ཀྱང་འབྲུ་དེའི་ཁ་དོག་དཀར་པོ་ཡིན། དེས་གླང་ཆེན་གཅིག་གསོད་ཐུབ་པ་ཡིན་ཞེས་བཤད་སྲོལ་ཡོད་རེད། སྔོན་མ་བོད་དུ་གཤག་བཅོས་བྱས་དུས་གླང་ཆེན་ཆིག་ཐུབ་བསྟེར་ནས་གཤག་བཅོས་བྱས་ཀྱི་ཡོད། སྨན་འདིས་གླང་འཐབ་དྲག་པོའི་ནད། ཕོ་སྲིན་དྲུ་བུར་འགྲིལ་ནས་ན་ཟུག་དྲག་པོ་ལངས་པ་དེ་འཇོམས་པར་བྱེད་པའི་སྨན་མཆོག་འདི་ནི་རྗེ་རྡརྨ་སེང་གེའི་ཁྱད་ཆོས་རེད།

            སུག་སྨེལ་བཅུ་པ་དེ་བུ་རམ་དཀར་པོའི་རྟ་དང་སྦྱར་གསུངས་པ་རེད། གཅིན་པ་གཏོང་དུས་ཉུང་ཉུང་ཉུང་ཉུང་འབབ། ན་ཟུག་བཏང་། གཏོང་ཡག་མེད་པར་འགག་བསྡད་པ་དེ་འདྲ་ཡོད་རེད། བུ་རམ་ལ་དཀར་པོ་དང་ནག་པོ་གཉིས་ཡོད་རེད། ཨ་རུ་བཅུ་པ་འདིས་མཁྲིས་པའི་རྡོ་དང་མཆིན་པའི་རྡོ་དེ་ཚོ་ལ་ཕན་གྱི་མ་རེད། མཁལ་མའི་ནང་དང་ལྒང་ཕུག་ནང་དུ་རྡོ་ཡོད་པ་ལ་ཕན་གྱི་རེད། རྡ་ས་མེག་གྷན་དུ་གྷ་དྷིའི་ཕྲུག་གུ་ཞིག་ཡོད་པ་དེའི་ཨ་མས་ང་ཚོ་ལ་མཚམས་རེ་འོ་མ་བསྐྱལ་གྱི་རེད། ཕྲུག་གུའི་རྒྱུ་མའི་མདུན་ངོས་དེ་ལ་ན་ཚ་ཞེ་དྲགས་གཏོང་གི་འདུག  ག་རེ་བྱེད་དགོས་རེད་ཟེར་གྱི་འདུག  ངས་སྔོན་ལ་ཕྱི་ལུགས་བརྟག་དཔྱད་ཅིག་བྱོས་ལབ་པ་ཡིན། དེ་ནས་ཉིན་བདུན་རྗེས་སུ་ངའི་སར་བསླེབས་པ་རེད། དེ་ནས་ངས་སྨན་བཏང་ནས་རྡོ་དམར་པོ་དམར་རྐྱང་ཞིག་འདོན་སོང་། རྗེས་སུ་ག་དུས་ཐུག་པ་ཡིན་ནའི་བཀྲིས་བདེ་ལེགས་ལབ་ཀྱི་རེད། མཁལ་རྡོ་དཀར་པོ་འདོན་པ་ཙམ་གྱིས་ཕན་ཡོད་མ་རེད། རྡོ་དམར་པོ་མ་འདོན་བར་དུ་བལྟ་དགོས་རེད།

            གུར་ཁྱུང་ཕྱག་རྡོར་ནི་རེག་དུག་ལ་ཕན་གྱི་རེད་ཟེར་བ་རེད་པཱ། རེག་དུག་ཟེར་བ་དེ་བསེ་མོག་རེད། དེང་སང་ AIDS ཟེར་བ་དེ་རེད། དང་པོ་བྱུང་སྟངས་དེ་ཤིང་བསེ་ནས་མི་ལ་འགོས་པའི་ནད་ལ་བསེ་མོག་ཟེར་བ་རེད། སྔོན་མ་ང་ཨ་མི་རི་ཀ་ལ་འགྲོ་བའི་སྐབས་སུ་དེའི་སྐོར་ལ་སྐད་ཆ་མང་པོ་བྱུང་བ་རེད། ངས་ཤིང་བསེ་ནས་བྱུང་བར་བཤད་པ་དེ་ལ་ཁས་ལེན་བྱས་ཀྱི་ཡོད་མ་རེད། རྗེས་སུ་ཁོང་ཚོས་བརྟག་དཔྱད་བྱས་པའི་སྐབས་སུ་ཨ་ཕྷི་རི་ཀ་ནས་སྤྲེའུ་ལས་བྱུང་བ་རེད། སྤྲེའུ་དེས་ཤིང་འབྲུ་སོགས་ལ་རེག་པ་ལས་བྱུང་བ་རེད་ལབ་པ་རེད། རྗེས་སུ་ང་ཚོ་འཚོགས་འདུའི་སྐབས་ལ་ཁྱེད་རང་གིས་ཟེར་ཡག་དེ་འགྲིག་འདུག་ལབ་སོང་། སྤྲེའུ་ལས་བྱུང་བ་ཁས་ལེན་བྱས་ཀྱི་འདུག  དེ་དུས་སྤྲེའུ་ལ་ནད་དེ་ཡོད་པ་དེ་ཤིང་དེས་ཡིན་པ་ངོ་འཕྲོད་པ་རེད། དེ་དུས་བསེ་ཤིང་དེ་ངོ་འཕྲོད་པ་རེད། རྒྱ་ནག་ལ་འབེལ་པོ་ཞེ་དྲགས་ཡོད་རེད། རེག་དུག་ལ་ར་ཡི་ཁྲག་དང་ལུག་མིག་གཏོང་དགོས་རེད།

            ཟབ་ལག་བརྒྱད་པ་ནི་དུག་ཤས་ཆེན་པོ་ཞེ་དྲགས་རེད། དེ་རྨ་ལ་འབྱུག་ཡག་རེད། སྦྱོར་རྫས་དུག་རིགས་རྐྱང་རྐྱང་རེད། དེ་ཚོ་ཞིབ་ཞིབ་བཟོས་ནས་རྨ་ལ་འབྱུག་ཡག་རེད། དེ་སྔ་བོད་ལ་ཡིན་ན་ཕག་བྲུན་དང་བསྲེས་ཀྱི་རེད། ཁ་ཤས་ཀྱིས་ལ་ཕུག་དང་སྦྱར་ནས་བྱུགས་ཀྱི་རེད། འབྲུམ་ཐོར་རེད། རྨ་རྒན་རེད། ཤུ་བ་རེད། ཤའུ་གསོ་ཡག་རེད། རྨ་རྒན་དང་ཤའུ་ཟེར་ན་གཉན་འབུར་དང་རྨ་འདོན་པ་ལས་གསོས་མ་ཐུབ་པར་ནང་ལོགས་སྟོང་པ་ཆགས་པ། ཤ་ལྷེབ་དགོག་ནས་ནང་སྟོང་པ་ཆགས་པ་དེ་ཚོ་རེད། སྔ་མོ་ཡིན་ན་དང་པོ་རྨའི་ཁ་ལ་གཏོར་དུས་སྐད་ཤོར་གྱི་རེད། ཚ་བ་འཕར་གྱི་རེད། རྣག་དང་ཚད་པ་ཡོད་ན་ཞིབ་ཞིབ་བཟོས་ནས་སྐེམ་པོ་རྒྱག་དགོས་རེད། པགས་ནད་ལ་ཕག་བྲུན་དང་སྦྱར་ནས་ལྡེ་གུ་རན་པོ་ཞིག་བཟོས་ནས་འབྱུག་དགོས་རེད། རེག་དུག་ལ་ར་ཁྲག་དང་སྦྱར་ནས་འབྱུག་དགོས་རེད།

རྨ་ཁ་ཤས་ཡང་དེ་འདྲ་ཡོད་རེད་དཱ། མཁལ་མ་ན་ནས་མཁལ་མའི་གནས་ད་ག་རང་ལ་རྣག་བསགས་ནས་དཀའ་ངལ་སྤྲད་པ་དེ་འདྲ་ཡོད་རེད། སྔ་མོ་ཨ་མི་རི་ཀ་ལ་སྡོད་མཁན་བོད་པ་ཞིག་ལ་མཁལ་མའི་གནས་ཡོད་ས་དེ་ལ་རྨ་ཆགས། རྣག་བསགས། དཀའ་ངལ་མང་པོ་ཕྲད་ནས་གཤག་བཅོས་མང་པོ་བྱས་པ་རེད། ད་དུང་མ་དྲགས་ནས་རྨའི་ནང་ལ་འབུ་དཀར་པོ་མང་པོ་འདུག་ཟེར་གྱི་འདུག  དེ་ནས་ངས་ཆུ་དྲོད་འཇམ་གྱིས་རྨ་ཁ་འཁྲུད་དང་། དེ་ནས་རས་གཙང་མས་དཀྲིས་དགོས་རེད་ལབ་པ་ཡིན། དེ་ནས་གང་འཚམ་ཞིག་གི་རྗེས་ལ་རྨའི་ཁ་ཁོར་དུ་ཨི་ཙི་གུ་ལུ་ལྡང་གི་འདུག་ཟེར་བྱུང་། ད་དུང་ཡང་འབུ་འདུག་ཟེར་གྱི་འདུག  ད་ག་རེ་བྱེད་དགོས་རེད་ཟེར་གྱི་འདུག  དེ་ནས་ངས་ད་ཁྱེད་རང་དེ་འདྲ་མ་བྱོས། རྒྱ་གར་ལ་ཤོག་ལབ་པ་ཡིན། དེ་ནས་ངས་འདིར་ཟབ་ལག་བརྒྱད་པས་སྨན་བཅོས་བྱས་ནས་དྲག་སོང་།

ས་བཅད་ཉེར་བཞི་པ། ཁོང་གི་དགེ་ཕྲུག་སྨན་པ་བློ་བཟང་ལགས་ཀྱིས་སྨན་སྦྱོར་གྱི་འགན་འཁྱེར་བ་སོགས།

            སྔོན་མ་ཡིན་ན་སྔ་དྲོ་བརྟག་དཔྱད་སྨན་བཅོས་བྱས་ཏེ་ཉིན་གུང་ཁ་ལག་རྗེས་སུ་སྨན་སྦྱོར་ཁང་དུ་སྨན་གྱི་སྦྱོར་སྡེའི་ལས་ཀ་མང་པོ་ཡོད་པ་རེད།  སྔོན་མ་ནས་བློ་བཟང་ལགས་ངའི་ཤག་ཚང་དང་དགེ་ཕྲུག་ཡིན་སྟབས་ང་དང་མཉམ་དུ་ཉིན་རྒྱབ་རྟག་ཏུ་སྨན་གྱི་ལས་སྣོན་དང་། སྨན་བཟོ་བ། རིལ་བུ་སྒྲིལ་བ་སོགས་ལས་ཀ་ཆ་ཚང་ལོ་མང་པོའི་རིང་ལ་བྱས་པ་རེད། ཕལ་ཆེར་ལོ་བཞི་བཅུ་ལྷག་གི་རིང་ལ་ངའི་སྨན་སྦྱོར་ཁང་གི་སྨན་གྱི་འགན་འཁུར་གཙོ་བོ་སྨན་པ་བློ་བཟང་ལགས་ཀྱིས་གནང་བ་མ་ཟད་སྨན་གྱི་སྦྱོར་བའི་ཐོག་ལའང་ལོ་མང་ཕྱག་ལས་གནང་བར་བརྟེན་སྨན་སྦྱོར་གྱི་གཞུང་གདམས་དང་། མན་ངག་དང་། ལག་ལེན་ཇི་ལྟར་བྱ་དགོས་བྱུང་ཡང་ཆ་ཚང་བ་མཁྱེན་གྱི་ཡོད།

            དཔེར་ན་ངའི་སྨན་ཁང་གི་རིན་ཆེན་རིལ་བུ་བཙོ་ཟླ། མང་སྦྱོར། ལྕགས་རིལ། རཏྣ་བསམ་འཕེལ། བྱུར་དམར། ཚ་སྦྱོར་སོགས་ལ་དུག་འདོན་གཡའ་ཕྱིས་དང་སྨན་གྱི་ནུས་པ་འཇམ་བཙལ་ལ་སོགས་པའི་སྨན་ནུས་ཇི་ལྟར་འཐོན་མིན་གྱི་ལག་ལེན་གདེང་དང་ལྡན་པའི་ཉམས་མྱོང་ངེས་ཤེས་འདྲེན་ཐུབ་པའི་སྨན་སྦྱོར་མཁས་པ་ཞིག་ཆགས་ཡོད།  དེ་འདྲ་སོང་ཙང་དེང་སང་ངས་སྨན་སྦྱོར་གྱི་ལས་ཀ་བྱེད་དགོས་ཀྱི་མེད། གང་ཡིན་ཟེར་ན། ཁོང་གིས་དེའི་ལས་འགན་ཡོངས་སུ་རྫོགས་པ་གཙོ་འགན་གནང་གི་ཡོད་སྟབས་ང་ལ་ལས་ཀ་ཡང་དུ་ཕྱིན་པ་ཙམ་མ་ཟད་སྨན་སྦྱོར་ཐད་ལའང་སེམས་ཁྲལ་རྩ་བ་ནས་བྱེད་དགོས་མེད། སྤྱིར་བཏང་ངའི་སྨན་ཁང་དུ་བོད་སྨན་རིལ་བུ་མི་འདྲ་བའི་སྨན་སྣེ་གྲངས་བརྒྱ་ལྷག་ཙམ་ཞིག་བཟོ་སྐྲུན་ཞུ་བཞིན་ཡོད། སྤྱིར་བཏང་བྱས་ན་སྨན་སྦྱོར་གྱི་བཟོ་སྐྲུན་ཚང་མ་འདྲ་མཚུངས་སུ་ཡོད་ཀྱང་གཞུང་གདམས་དང་། ལག་ལེན་དང་།  མན་ངག མཁས་པའི་ཕྱག་རྒྱུན་དང་། སྨན་གྱི་ཁ་ཚར་ལ་སོགས་པའི་ཕྱོགས་མང་པོ་ཞིག་ལ་བྱང་ལུགས་དང་ཟུར་ལུགས་སོགས་མཁས་པ་སོ་སོའི་ཕྱག་རྒྱུན་དང་མན་ངག་མི་འདྲ་བའི་གནས་མང་པོ་ཞིག་སྨན་པ་སོ་སོར་ཡོང་གི་ཡོད།

            གཏན་འཇགས་སུ་ངའི་སྨན་ཁང་འདིའི་འགན་འཁུར་གཙོ་བོ་དེ་སྨན་པ་བློ་བཟང་ལགས་ཀྱིས་གནང་གི་ཡོད་ལ་ལྷག་པར་དུ་སྨན་རྒྱུ་མཁོ་སྒྲུབ། སྔོ་སྨན་མཁོ་སྒྲུབ། སྨན་སྦྱོར་སོགས་ཚང་མའི་ཐུགས་འགན་གཙོ་བོ་དེ་ཁོང་གིས་ཐོག་མར་སྨན་ཁང་འགོ་བཙུགས་པ་ནས་བཟུང་ད་བར་དུ་གནང་བཞིན་ཡོད།  ངས་ད་བར་ལོ་ངོ་བཞི་བཅུ་ཙམ་གྱི་རིང་ལ་སྨན་ཁང་གསར་འཛུགས་རེད། ནད་པར་སྨན་བཅོས་རེད། ཕྱི་རྒྱལ་དུ་བོད་སྨན་ཞིབ་འཇུག་རེད། སྨན་བཅོས་བརྟག་དཔྱད་སོགས་གང་བྱས་དང་བྱེད་བཞིན་པའི་ལས་དོན་མཐའ་དག་ཁོང་གིས་སྔ་ཕྱི་བར་གསུམ་དུ་ཐུགས་འགན་རྐང་བཞེས་བྱས་ཡོད། ཁོང་གིས་རམ་འདེགས། བལྟ་སྐྱོང་། སེམས་འཁུར། ཞབས་ཕྱི།  སྨན་ཁང་གི་ལས་འགན་འདི་ལྟ་བུ་ཞིག་གནང་མེད་ན་ངའི་སྨན་ཁང་དང་། ནད་པར་སྨན་བཅོས་དང་། སྨན་གྱི་ཞིབ་འཇུག་སོགས་ལས་དོན་ཆ་ཚང་བ་ང་མི་གཅིག་གིས་ལེགས་གྲུབ་རྩ་བ་ནས་ཡོང་ཐབས་ཡོད་མ་རེད། ང་ལ་མཚོན་ན་ཁོང་ནི་ཐོག་མར་དཀའ་ངལ་ཆེ་བའི་དུས་ནས་བཟུང་ད་བར་དུ་ཤིན་ཏུ་ནས་རྩ་ཆེན་པོ་དང་བཀའ་དྲིན་ཧ་ཅང་གི་ཆེན་པོ་ཡིན།

            དེ་བཞིན་ཁོང་གི་བཟའ་ཟླ་དཀོན་མཆོག་སྒྲོལ་མ་ལགས་དང་། ཁོང་གི་བུ་བློ་བཟང་བརྩོན་འགྲུས་ལགས་དང་། བུ་མོ་སྐལ་བཟང་སྒྲོལ་མ་ལགས། བུའི་མནའ་མ་ཀུན་བཟང་ལགས་སོགས་ཚང་མས་སྨན་ཁང་གི་བགྱི་སྒོ་མཐའ་དག་ལ་སྔ་ཕྱི་བར་གསུམ་དུ་རོགས་རམ་དང་ཕྱག་ལས་ཧུར་ཐག་གནང་བ་བཅས་ཀྱིས་ངའི་སྨན་ཁང་འདིའི་ལས་དོན་གང་ཅིར་གྲུབ་འབྲས་མི་དམན་པ་ཞིག་ཐོན་ཐུབ་པ་བྱུང་ཡོད།   ང་དང་སྨན་པ་བློ་བཟང་ལགས་གཉིས་ཨ་རིར་ལོ་རེའི་ནང་དུ་ནད་པར་བརྟག་དཔྱད་དང་སྨན་བཅོས་ཆེད་དུ་འགྲོ་སྐབས་བུ་མོ་སྐལ་བཟང་སྒྲོལ་མ་ལགས་ཀྱིས་ངའི་སྐད་སྒྱུར་གནང་གི་ཡོད། རྡ་སར་རྒྱུན་དུ་སྨན་ཁང་གི་ནང་དུ་སྨན་སྤྲོད་ཀྱི་ལས་ཀའི་ཐོག་རོགས་པ་གནང་གི་ཡོད།  དེ་བཞིན་བུ་བློ་བཟང་བརྩོན་འགྲུས་ལགས་ཀྱིས་སྔ་ཕྱིར་སྨན་ཁང་འདིའི་ལས་དོན་གང་སྤྱིའི་འགན་འཁུར་གནང་བ་ཙམ་མ་ཟད་ལྷག་པར་དུ་དབྱིན་ཇི་དང་རྒྱ་གར་བའི་སྐད་སྒྱུར་བྱ་རྒྱུའི་ཕྱག་ལས་གནང་གི་ཡོད།  དེ་འདྲ་སོང་ཙང་ཕྱི་ནང་གི་རྒྱུ་རྐྱེན་བཟང་པོ་ངེས་ཅན་ཞིག་ཕྱོགས་གང་ས་ནས་འཛོམས་པའི་བཀའ་དྲིན་གྱིས་ཡིན་སྟབས་འབྲེལ་ཡོད་ཚང་མར་ངས་ཐུགས་རྗེའི་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིན།

 

ས་བཅད་ཉེར་ལྔ་པ། ྋརྒྱལ་བའི་བླ་སྨན་པའི་ཞབས་ཞུ་ལོ་ངོ་ཉི་ཤུའི་རིང་ཞུས་པ།

            ཕྱི་ལོ  ༡༩༦༡ རབ་རྒྱལ་ལྕགས་གླང་ལོར།  ྋསྐུ་མདུན་གྱིས་ང་རྡ་རམ་ས་ལར་བཀའ་འགུགས་མཛད་པ་ནས་བཟུང་ཏེ་ ༡༩༦༢ བར་དུ་སྐུ་གམ་དུ་ངོ་བཅར་ཞུས་ཏེ་ཕྱག་རྩར་བརྟག་དཔྱད་ཞུས་ཡག་དང་གསོལ་སྨན་ཕུལ་ཡག་སོགས་ཀྱི་ཞབས་ཞུ་དང་། ༡༩༦༣ ལོར་བླ་སྨན་པར་དངོས་སུ་བསྐོ་གཞག་སྩལ་གནང་བ་རེད། མདོར་ན་ཕྱི་ལོ་ ༡༩༨༡ བར་དུ་མི་ལོ་ཉི་ཤུ་ལྷག་ཙམ་རིང་ལ་སོ་སོའི་ངོས་ནས་གང་ཐུབ་ཀྱིས་བླ་སྨན་བའི་སྲི་ཞུ་བསམ་པ་རྣམ་དག་གིས་ཞུས་པ་ཡིན། ཁོང་ལ་ཕུལ་རྒྱུའི་གསོལ་སྨན་རྣམས་ངའི་སྨན་ཁང་རང་དུ་ང་དང་སྨན་པ་བློ་བཟང་ལགས་གཉིས་ཀྱིས་ཆེད་དུ་བཟོ་སྐྲུན་ཞུས་ཏེ་དུས་ཐོག་ཏུ་ཕུལ་གྱི་ཡོད་རེད། སྤྱིར་བཏང་ྋགོང་ས་མཆོག་ནི་བོད་ཀྱི་ལྷ་སྐལ་འཕགས་པ་སྤྱན་རས་གཟིགས་སྐུ་དངོས་ཀྱི་རྣམ་སྤྲུལ་ཡིན་སྟབས་བོད་འབངས་སྤྱི་དང་། སངས་རྒྱས་ཀྱི་བསྟན་པ། འཛམ་གླིང་སྐྱེ་འགྲོ་སེམས་ཅན་ཡོངས་ཀྱི་བསོད་ནམས་ཀྱི་གོ་སྐལ་ལས་རྩ་བའི་ཆ་ནས་སྐུ་གཟུགས་ཀྱི་གནས་སྟངས་གང་སྤྱིར་ཧ་ལས་པའི་སྐུ་དཀྱིལ་གསལ་དྭངས་ཡོད་པ་ཞིག་ཡིན། འོན་ཀྱང་སྐབས་རེར་མགུལ་ཆམ་ཕྲན་བུ་རེ་བཞེས་པའི་ཚུལ་བསྟན་གྱི་རེད། དེའི་སྐབས་སུ་ངས་ཡར་སྐུ་བཅར་ཞུས་ཏེ་ཕྱག་རྩར་བརྟག་དཔྱད་ཞུས་ཏེ་གསོལ་སྨན་འབུལ་ལམ་ཞུས་ཀྱི་ཡོད། མགུལ་ཆམ་དེ་ཉིན་གཅིག་གཉིས་ནང་དུ་ལམ་སེང་དྲག་བསྐྱེད་དུ་ཕེབས་ནས་སྐུ་ཁམས་སྔར་རྒྱུན་ལྟར་གསལ་དྭངས་ཡོང་གི་རེད། སྐུ་བཅར་དགོས་པའི་བཀའ་ག་དུས་ཕེབས་ན་ཡང་ཕྲལ་མར་སྐུ་བཅར་ཞུས་ཀྱི་ཡོད། སྐུ་བཅར་ཞུས་སྐབས་སུ་ང་དང་ངའི་རོགས་པར་སྨན་པ་བློ་བཟང་ལགས་དང་། ཡང་མཚམས་རེར་ངའི་སྤུན་མཆེད་དམ་པ་གཟིམ་ཚང་ཕྱག་མཛོད་ལྷུན་གྲུབ་ཡེ་ཤེས་ལགས་ཀྱང་མཉམ་བཅར་ཞུས་ཀྱི་ཡོད།

            ྋརྒྱལ་བའི་སྐུའི་དྲུང་དུ་ང་ཐེངས་དང་པོར་སྐུ་བཅར་ཞུས་དུས་སྐུ་ཕྱག་ལན་གསུམ་ཕུལ་ཏེ་མཇལ་དར་དང་རྟེན་དོད་ཕུལ་བའི་སྐབས། ཁོང་གིས་ཁྱེད་རང་ཡང་རྒྱ་མིས་བཤད་པ་ལྟར་བཀས་བཀོད་རྒྱུད་འཛིན། ཞིང་བྲན་ལམ་ལུགས། འབྱོར་ལྡན་གྲལ་རིམ་བཅས་གསུམ་ཀ་ཚང་བའི་མི་གཅིག་རེད་འདུག ཁྱེད་རང་བོད་དུ་མ་ལྷག་པར་འདིར་བསླེབས་ཐུབ་པ་དེ་དཔེ་ཡག་པོ་བྱུང་ཤག་ཅེས་ཐུགས་དགྱེས་མཉེས་ཆེན་པོ་མཛད་བྱུང་།   དེའི་སྔོན་གྱི་སྐབས་ཤིག་ལ་སྐྱབས་རྗེ་ཡོངས་འཛིན་བགྲེས་པ་གླིང་རིན་པོ་མཆོག་ལ་ངས་གསོལ་སྨན་ཕུལ་ཏེ་སྨན་བཅོས་ཞུས་ནས་སྐུ་ཁམས་དྭངས་པ་བྱུང་སོང་། དེ་དུས་སྐྱབས་རྗེ་ཡོངས་འཛིན་གཞོན་པ་ཁྲི་བྱང་རིན་པོ་ཆེ་ལྷན་རྒྱས་རྣམ་གཉིས་ཀྱིས་ང་ལ་དམིགས་བསལ་གྱིས་ཐུགས་འཁུར་དང་དགྱེས་མཉེས་མཛད་ཀྱི་ཡོད།

            ཕྱི་ལོ ༡༩༦༠ རེ་གྲངས་ཀྱི་ནང་དུ། ྋགོང་ས་མཆོག་མཁྲིས་པའི་ནད་ཀྱི་རྒྱུ་རྐྱེན་དབང་གིས་སྐུར་སྙུང་གཞི་ལྕི་མོ་ཞིག་ཕོག་པའི་ཚུལ་བསྟན་པ་རེད།  སྤྱིར་བཏང་བྱས་ན་ྋགོང་ས་མཆོག་ནི་སྐུ་ཧ་ཅང་གི་ཞི་བ། ཐུགས་གཤིས་ཧ་ཅང་འཇམ་ལ་བཅོས་མིན་ལྷན་སྐྱེས་སུ་བྱམས་བརྩེའི་རང་བཞིན་ཅན། འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་དངོས་སམ་སངས་རྒྱས་སྐུ་ངོ་མ་ཡིན་ནའང་གདུལ་བྱ་སེམས་ཅན་གྱི་སྣང་ངོར་གང་ལ་གང་འདུལ་གྱིས་ཚུལ་དུ་མཁྲིས་པའི་སྙུང་བཞེས་པའི་སྐབས་དེར་ཕྱི་ནང་གི་རྒྱུ་རྐྱེན་དུ་མ་ཞིག་ལ་བརྟེན་ནས་སྐུ་རླུང་ཅུང་མཐོ་ཙམ་ཞིག་ཆགས་པའི་ཚུལ་བསྟན་པ་རེད། དེ་དུས་ངས་སྐུ་བཅར་བརྟག་དཔྱད་དང་གསོལ་སྨན་ཕུལ་བ་ཙམ་མ་ཟད། ཁོང་ལ་ཐོག་མར་སྐུ་ཕྱག་ལན་གསུམ་ཕུལ་ནས་གསོལ་འདེབས་ཐད་ཀར་ཞུས་པ་ཡིན། གསོལ་འདེབས་ག་རེ་ཞུས་པ་རེད་ཟེར་ན། ྋརྒྱལ་བ་རིན་པོ་ཆེ་མཆོག་སེམས་ཅན་གྱི་ཉོན་མོངས་ཇེ་རགས་ནས་ཇེ་སྡུག་ཏུ་འགྲོ་བའི་སྐབས་སུ་བྱང་ཆུབ་སེམས་པའི་སྙིང་སྟོབས་ཀྱི་གོ་ཆ་ཡང་ལྕགས་ལས་སྲ་བ་ཞིག་དགོས་པར་བརྟེན། ཐུགས་རྗེས་གཟིགས། དགོངས་བཞེས་གནང་རོགས་གནང་ཞེས་ཞུས་པ་ཡིན། དེའི་ཕྱི་ཉིན་ནས་བཟུང་སྐུའི་སྙུང་གཞི་ཞི་འཇམ་དུ་དྭངས་པའི་ཚུལ་བསྟན་པ་རེད།

            སྔོན་མ་ཕྱི་ལོ་ ༢༠༠༡ ལོར། ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་རྡོ་རྗེ་གདན་དུ་སྐུ་ལ་སྙུང་གཞི་ལྕི་མོ་ཞིག་བཞེས་པ་རེད། དེ་དུས་ངས་བདུད་རྩི་རིལ་དཀར་ཐུན་གང་ཙམ་ཞིག་ཕུལ་བ་ཡིན། སྨན་དེས་ཕན་ནུས་ཆེན་པོ་ཐོན་ཐུབ་པ་རེད། སྨན་འདིས་མ་ཞུ་བའི་ནད་དང་། ཕོ་བའི་མེ་དྲོད་སྐྱེད་པ། བད་ཀན་ལྷེན་དང་། སྐྲན་བཤིག་པ། བད་ཀན་ལྕགས་དྲེག སྐྱ་རྦབ་ནད། འོར་ནད། དམུ་ཆུ་སྐེམ་པ། གྲང་སྲིན་ནད། གླང་ཐབས་དྲག་པོའི་ནད་སོགས་ལ་སྨན་འདི་བདུད་རྩི་ལྟ་བུར་གྱུར་བ་ཞིག་ཡོད་རེད།

            བོད་རྒྱལ་ལོ་ ༢༡༠༨ རབ་རྒྱལ་ལྕགས་བྱ་དང་། ཕྱི་ལོ་ ༡༩༨༡ ལོ་ནས་རྩ་བའི་ཆ་ནས་ང་སྐུ་བཅར་བླ་སྨན་པ་ནས་དགོངས་ཁྲོལ་ཐོབ་པ་རེད། ཡིན་ནའང་སྐབས་སྐབས་སུ་སྐུ་ཆམ་གྱི་སྙུང་གཞི་བཞེས་དུས་སྐུ་སྒེར་ཡིག་ཚང་ནས་དུས་ནམ་ལ་འབོད་བཀུག་གནང་ན་ཡང་ཕྲལ་དུ་བཅར་ཏེ་བརྟག་དཔྱད་སྨན་བཅོས་ཞུས་ཀྱི་ཡོད། དེ་ནས་ཡང་མཚམས་རེར་གསོལ་སྨན་དགོས་གལ་བྱུང་བའི་སྐབས་ལའང་འདི་ནས་ཐད་ཀར་ཕུལ་གྱི་ཡོད། ངས་གང་ཐུབ་ཀྱིས་སྲི་ཞུ་བསྒྲུབས་དང་སྒྲུབ་བཞིན་ཡོད།

ས་བཅད་ཉེར་དྲུག་པ། ཁོང་གི་སྤུན་མཆེད་དམ་པ་ལྷུན་གྲུབ་ཡེ་ཤེས་ལགས་ཀྱི་སྐོར།

            ངའི་སྤུན་མཆེད་དམ་པ་ཁོང་ནི་ཐུགས་གཤིས་ཧ་ཅང་བཟང་བ། ཡ་རབས་པ།  ལས་རྒྱུ་འབྲས་ཅན། མི་མཐོ་དམའ་མེད་པ་ཚང་མར་ཕན་སེམས་ཆེན་པོ་གནང་མཁན་ཞིག་རེད། ཁོང་གིས་རང་གི་རྩ་བའི་བླ་མ་ལྷོ་ཁ་བདེ་ཆེན་ཆོས་འཁོར་དགོན་གྱི་ཆོས་འཁོར་རིན་པོ་ཆེ་སྐུ་གོང་མར་ཆུང་དུས་ནས་བཟུང་སྟེ་ཞབས་ཞུ་ཧུར་ཐག་བསྒྲུབས་པ་ཙམ་མ་ཟད། ༡༩༥༩ རབ་རྒྱལ་ས་ཕག་ལོར་རྒྱ་གར་དུ་ཕེབས་པའི་དུས་སུའང་ཆོས་འཁོར་རིན་པོ་ཆེ་སྐུ་ན་བགྲེས་པོ་ཡིན་ཙང་ཁོང་དང་རོགས་པ་ཁ་ཤས་ཤིག་གིས་རིན་པོ་ཆེ་སྒལ་པར་འཁུར་ནས་གདན་དྲངས་པ་རེད།

            ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སངས་རྒྱས་མྱ་ངན་ལས་འདས་ཏེ་ལོ་ཉིས་སྟོང་ལྔ་བརྒྱ་འཁོར་བའི་རྗེས་དྲན་ཆེད་དུ་རྒྱ་གར་བྱང་ཆུབ་ཆེན་པོའི་ཆོས་ཚོགས་ཀྱི་ཇི་ལྟར་གསོལ་བ་བཏབ་པ་ལྟར། བོད་རྒྱལ་ལོ་ ༢༠༨༣ རབ་རྒྱལ་མེ་སྤྲེལ་དང་། ཕྱི་ལོ་ ༡༩༥༦།༡༡།༢༦ ཉིན་རྒྱ་གར་གྱི་རྒྱལ་ས་ New Delhi དུ་རྗེས་དྲན་མཛད་སྒོར་ཁོང་ཞབས་སོར་བཀོད་པ་རེད། དེའི་སྐབས་སུ་ྋཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང་། ྋརྒྱལ་བ་ཀརྨ་པ་མཆོག་དང་།  ཆོས་འཁོར་རིན་པོ་ཆེ་ལ་སོགས་པའི་བོད་ཀྱི་བླ་སྤྲུལ་ཆེ་ཁག་རྣམས་ཀྱང་རྒྱ་གར་ལ་ཕེབས་པའི་སྐབས་སུ་ངའི་སྤུན་མཆེད་དམ་པ་ཁོང་ཡང་ཆོས་འཁོར་རིན་པོ་ཆེ་དང་ལྷན་བཅར་ཞུས་པ་རེད།  སྐྱབས་བཅོལ་དུ་ཕེབས་པ་ནས་བཟུང་ཏེ་ཁུ་ནུ་ཁུལ་དུ་ཆོས་འཁོར་རིན་པོ་ཆེ་སྐུ་མ་གཤེགས་བར་དུ་ཞབས་ཕྱི་ཞུས་པ་རེད། ཁོང་དགོངས་པ་རྫོགས་པའི་རྗེས་ནས་ངའི་སྨན་ཁང་དུ་སྨན་སྤྲོད་ཀྱི་ཕྱག་ལས་ཐུགས་འགན་གཙོ་བོ་བཞེས་ནས་ལོ་མང་པོའི་རིང་ང་ཚོ་ཨ་ཤོ་ཀའི་ནང་མི་ལྷན་རྒྱས་མཉམ་དུ་སྐུ་བཞུགས་གནང་བ་རེད།

            ངའི་ཤག་ཚང་གི་སྨན་ལས་ནང་མི་ཚང་མ་ཉིན་གུང་གསོལ་ཚིགས་བཞེས་ཚར་བ་དང་དེ་ནས་ང་རང་ཉིན་གུང་རྒྱབ་ལ་ལྷོད་ལྷོད་བྱས་ཏེ་ངལ་གསོ་ཡི་ཡོད། མཚམས་མཚམས་ལ་ངའི་སྤུན་མཆེད་སྐུ་གཤེགས་དམ་པ་གཟིམ་ཁང་ཕྱག་མཛོད་སྐུ་ཞབས་ལྷུན་གྲུབ་ཡེ་ཤེས་དང་ང་ཚོ་སྨན་ལས་ཚང་མ་རེས་གཟའ་སྤེན་པ་ནམ་ཡིན་ལ་སྨན་ཁང་གུང་གསེང་ཡིན་སྟབས་ངའི་ནང་དུ་ངལ་གསོ་ཆེད་ཏག་སེའི་ Card རྩེད་མོ་འདྲ་རྩེས་ནས་བསྡད་ཀྱི་ཡོད།  སྐུ་ཞབས་དམ་པ་ཁོང་ཡང་རྒྱུན་དུ་ཐུགས་གཤིས་ཡག་པོ་དང་གཙོ་བོ་ཐུགས་སེམས་ཧ་ཅང་བཟང་པོ་ཞིག་ཡོད་ཙང་། ངའི་སྨན་ཁང་དུ་སྨན་སྤྲོད་ཀྱི་ཕྱག་ལས་ལོ་སུམ་ཅུ་མ་ཟིན་ཙམ་བྱས་པ་རེད། དེའི་རིང་སྨན་ཁང་དུ་ཡོང་མཁན་ནད་པ་མང་པོར་ཕན་ཐོགས་དང་རོགས་རམ་མང་པོ་གནང་སྟབས་སྨན་གྱིས་ཀྱང་ཧ་ཅང་ཕན་པོ་ཞིག་ཡོང་གི་འདུག

            སྤྱིར་བཏང་སྨན་པ་སྨན་སྤྲོད་པ་སྨན་ཞབས་པ་ཞིག་ཡིན་ན་སེམས་བཟང་པོ་དགོས་པ་དེ་གལ་ཆེན་པོ་རེད། རྒྱལ་སྲས་ཞི་བ་ལྷས། སྤྱོད་འཇུག་ལེའུ་གསུམ་པར། འགྲོ་བ་ནད་པ་ཇི་སྲིད་དུ། །ནད་སོས་གྱུར་གྱི་བར་དུ་ནི། །སྨན་པ་སྨན་པ་ཉིད་དག་དང་། །དེ་ཡི་ནད་གཡོག་བྱེད་པར་ཤོག །ཅེས་གསུངས་པ་ལྟར། བྱང་ཆུབ་སེམས་དཔའ་དེ་ཚོས་ནད་པའི་ཆེད་དུ་སྨན་བཟང་པོ་ཡོད་པའི་སེམས་ཅན་གྱི་སྐྱེ་བ་དང་། དེ་བཞིན་སྨན་པ་དང་། ནད་པའི་གཡོག་བྱེད་པ་ལ་སོགས་པའི་སྐྱེ་བ་བཞེས་པ་དང་། དེ་ལྟར་ལུས་སེམས་གཉིས་ནད་ཀྱི་མནར་བའི་སྡུག་བསྔལ་ཡོད་པའི་སེམས་ཅན་མང་པོའི་དོན་བྱེད་པར་ནུས་པའི་སྨོན་ལམ་ཡང་དེ་ལྟར་བཏབ་ཡོད་པ་རེད།  རྒྱུན་དུ་སེམས་བཟང་པོ་དང་དེ་བཞིན་ཆོས་ཀྱི་ཉམས་ལེན་བཅས་གནང་གི་ཡོད་སྟབས་ཁོང་སྐུ་སྙུང་ནས་མ་གཤེགས་པའི་བར་དུ་ནད་ཀྱི་གཟེར་དྲག་པོ་དེ་འདྲ་རྩ་བ་ནས་བྱུང་མ་སོང་། སྐུ་གཤེགས་དུས་ཀྱང་ཐུགས་སེམས་བག་ཕེབས་དང་ཞི་བདེའི་སྒོ་ནས་ྋགོང་ས་མཆོག་དང་རང་གི་བཀའ་བརྒྱུད་ཀྱི་རྩ་བའི་བླ་མ་རྣམས་ལ་གསོལ་བ་དང་སྨོན་ལམ་བཏབ་ནས་དགོངས་པ་རྫོགས་སོང་།
  

ས་བཅད་ཉེར་བདུན་པ། ཞོར་ལ་ཕྱི་ནང་གི་སློབ་མ་འགའ་གསོ་སྐྱོང་མཛད་པ།

            དེ་སྔོན་བཀའ་ཟུར་ཀུན་བདེ་གླིང་ཛ་སག་འོད་ཟེར་རྒྱལ་མཚན་མཆོག་གིས་ང་ལ་རེ་སྐུལ་གནང་བ་རེད། ཁོང་བཙན་བྱོལ་བོད་གཞུང་གི་ཤེས་རིག་བཀའ་ཟུར་རེད། ཆོས་དོན་བཀའ་བློན་ཟུར་པའང་རེད། ཨ་རི་བ་རོབ་ཐར་མན་ཞུ་བ་ཁོང་ངའི་སར་ཆེད་དུ་བོད་ཀྱི་སྐད་ཡིག་དང་བོད་སྨན་སློབ་སྦྱོང་ཆེད་དུ་ཉོར་རོགས་ཞེས་ཁོང་གིས་བཀའ་ནན་མཛད་བྱུང་། དེ་ནས་ངས་འདིར་ཡུན་རིང་ཉར་ནས་བོད་སྨན་སློབ་འཁྲིད་ཀྱང་བྱས་པ་ཡིན། ཨ་རི་བ་ཁོང་གི་བོད་མིང་ལ་བསྟན་འཛིན་ཟེར་གྱི་རེད། རྗེས་སུ་ལྷོ་ཕྱོགས་དཔལྡན་འབྲས་སྤུངས་དགོན་དུ་ཆོས་ཞུགས་བྱས་ནས་ནང་ཆོས་ཐོག་ལ་སློབ་གཉེར་བྱས་པ་རེད། དེའི་རྗེས་སུ་ཁོང་ཨ་རིར་ཕེབས་ཏེ་ཨ་རིའི་བོད་ཀྱི་ཁང་པ་ཟེར་བ་དེ་གསར་འཛུགས་བྱས་པ་རེད། རྗེས་སུ་ཁོ་རང་ཆང་ས་བརྒྱབས་ནས་བུ་ཕྲུག་ཁ་ཤས་ཤིག་ཡོད། ཁོང་གི་བུ་མོ་གཅིག་ American Hollywood ཟེར་བའི་ནང་གི་གློག་བརྙན་འཁྲབ་སྟོན་མ་སྙན་གྲགས་ཆེ་བའི་བུ་མོ་ཞིག་ཆགས་པ་རེད།

            སྔོན་མ་ངའི་ཐེངས་དང་པོའི་དགེ་ཕྲུག་གི་གྲས་ལ་ལ་དྭགས་ནས་ཡིན་པ་བཀྲ་ཤིས་ཡར་འཕེལ་ཞུ་བ་ཞིག་ཡོད། ཁོང་ངའི་སར་ཆེད་དུ་ཕེབས་ཏེ་འདིར་ཡུན་རིང་བཞུགས་པ་རེད། ངའི་འཁྲིས་ནས་ལོ་རྒྱུས་དང་། སྨན་གཞུང་། སྨན་སྦྱོར་སོགས་ལ་སྦྱངས་བརྩོན་གནང་བ་རེད། དེའི་རྗེས་སུ་ཁོང་གིས་བོད་དང་། བལ་ཡུལ། རྒྱ་གར། འབྲུག་སོགས་ས་ཁུལ་གང་ས་ནས་གནའ་བོའི་བོད་ཀྱི་བཀའ་བསྟན་དང་། བོད་མཁས་པའི་གསུང་འབུམ། དཔེ་རྙིངས་སོགས་སྣ་ཚོགས་འཚོལ་སྒྲུབ་དང་མཁོ་སྒྲུབ་གནང་བ་དང་། ཨ་རིའི་བོད་ཀྱི་དཔེ་མཛོད་ཁང་གི་དཀར་ཆག་གསར་བསྒྲིགས་སོགས་ཀྱི་ཕྱག་ལས་གནང་བ་རེད། དེ་འདྲ་སོང་ཙང་ཨ་རིའི་གཞུང་གིས་དཔེ་རྙིང་གང་ཡོད་པ་རྣམས་རིག་གཞུང་ཉར་ཚགས་ཆེད་དུ་ཉོས་ནས་ད་ལྟ་ཨ་རིའི་མངའ་སྡེ་ཁག་མི་འདྲ་བ་ལྔ་བཅུའི་དཔེ་མཛོད་ཁང་གི་ནང་དུ་བཞུགས་ཡོད་པ་རེད།  གལ་ཏེ་ལུང་པའི་ནང་དམག་འཁྲུག་ལྟ་བུ་བྱུང་ན་དཔེ་དེབ་སོགས་འཇིག་ཉེན་དང་རྩ་སྟོང་དུ་འགྲོ་རྒྱུ་ཡིན་པར་བརྟེན་ནས་དེང་དུས་ཨ་རིའི་གཞུང་གིས་འཛམ་གླིང་གི་རིག་གཞུང་རྩ་ཆེ་རྣམས་མི་ཉམས་སྲུང་སྐྱོབ་ཀྱི་ཆེད་དུ་ཚན་རིག་ལག་རྩལ་ལ་བརྟེན་པའི་གློག་གི་འཕྲུལ་ཆས་ཤིག་གསར་བཟོ་བྱས་ནས་དེའི་ནང་དུ་ཉར་ཚགས་བྱས་ཡོད་རེད། རྗེས་སུ་ཁོང་གིས་རྒྱ་གར་ལྡི་ལིའི་གྲོང་ཁྱེར་ནང་དུ་བོད་སྨན་གྱི་སྨན་སྦྱོར་ཁང་ཞིག་གསར་འཛུགས་གནང་ཏེ་བོད་སྨན་ཡང་བཟོ་སྐྲུན་གནང་བཞིན་ཡོད།

            དེ་ནས་སྨན་རམས་པ་པདྨ་རྡོ་རྗེ་ལགས། སྨན་རྩིས་ཁང་ནས་ཐོན་པའི་རྗེས་སུ་ངའི་སྨན་ཁང་དུ་ཕེབས་ནས་གང་ཙམ་ཞིག་འདིར་ང་དང་མཉམ་དུ་ཕྱག་ལས་གནང་ནས་བཞུགས་པ་རེད། ཕྱི་ལོ་ ༡༩༧༧ ནས་ ༡༩༨༠ བར་དུ་ལོ་བཞིའི་རིང་བཞུགས་པ་རེད། སྤྱིར་བཏང་ཁོང་སྨན་རྩིས་ཁང་ནས་སྐུ་ཞབས་བར་ཞི་ཕུན་ཚོགས་དབང་རྒྱལ་སོགས་ཀྱི་དྲུང་ནས་སྨན་གཞུང་སྦྱངས་ནས་སྨན་གྱི་རྒྱུད་གསུམ་རྒྱུགས་འབུལ་ཞུས་ཏེ་སློབ་ཐོན་ཡག་པོ་བྱུང་ཡོད་ནའང་། དེ་དུས་ངའི་སར་ཆེད་དུ་སློབ་སྦྱོང་དང་ལྷག་དོན་ལག་ལེན་ངོ་མའི་ཁྲོད་ཀྱི་རྩར་བལྟ་བ། ཆུར་བརྟག་པ། ནད་མི་འདྲ་བ་ཁག་ལ་གོམས་འདྲིས། ནད་པར་སྨན་གཏོང་སྟངས། སྨན་བཅོས་སྤྱི་དང་ནད་སྨན་ཇི་ལྟར་བྱེད་ཚུལ་ལ་སོགས་པའི་སྐོར་ལ། ངའི་འཁྲིས་ནས་ནད་ཐོག་གི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཞིག་ཐོབ་པ་རེད། ད་ལྟ་ཁོང་གསོ་བ་རིག་པའི་གཞུང་ལུགས་དང་། ནད་ཐོག་གི་ཉམས་མྱོང་།  རིག་པའི་གཞུང་ལུགས་དང་ལག་ལེན་གཉིས་ཀའི་ཁྲོད་སྨན་པ་ཚད་ལྡན་ཞིག་ཆགས་ཐུབ་ཡོད། 

            དེའི་རྗེས་སུ་ངའི་སྤུན་མཆེད་སྨན་པ་བསྟན་འཛིན་གྲགས་པ་ཡང་ལོ་མང་པོ་འདིར་སྨན་ཁང་དུ་ཕྱག་ལས་གནང་ཏེ་བཞུགས་པ་རེད།  ཁོ་རང་སིམ་ལ་གཏན་སློབ་ཐོན་ནས་ཝ་ར་ཎ་སིའི་གཙུག་ལག་སློབ་གྲྭར་ཡང་ལོ་གཅིག་ལྷག་བསྡད་པ་རེད།   ཁོ་རང་རིག་སྟོབས་ཡག་པོ་ཡོད་པར་བརྟེན་བོད་ཡིག་དང་། དབྱིན་ཡིག  རྒྱ་གར་སྐད་ཡིག་བཅས་ཚད་ལྡན་ཤེས་ཀྱི་རེད། ད་དུང་སཾསྐྲཏ་ལེགས་སྦྱར་གྱི་སྐད་ཡིག་ཀྱང་ཡག་པོ་ཤེས་ཀྱི་རེད། དེར་བརྟེན་ལོ་འགའ་རིང་ཁོ་རང་གིས་ངའི་དྲུང་ཡིག་དང་། སྐད་སྒྱུར་དང་།  སློབ་སྦྱོང་སོགས་གནང་བ་རེད། ལོ་མང་རིང་ལ་ངས་ནད་པར་བརྟག་དཔྱད་བྱས་པའི་བརྒྱུད་རིམ་ཁྲོད་དུ་ཁོ་རང་ལ་བོད་སྨན་གྱི་སློབ་སྦྱོང་དང་། ནད་པར་བརྟག་དཔྱད་བྱེད་སྟངས། སྨན་བཅོས་བྱེད་སྟངས། ནད་སྨན་སྤྲོད་སྟངས་སོགས་ནད་ཐོག་གི་ལག་ལེན་གང་སྤྱིར་ཉམས་མྱོང་ཚད་ལྡན་ཐོབ་ཡོད།  དེ་ནས་ཁོ་རང་སྨན་གཞུང་ཆེད་སྦྱོང་ཆེད་སྨན་རྩིས་ཁང་ནས་བོད་སྨན་སློབ་ཐོན་བྱུང་། དེ་ནས་སྨན་རྩིས་ཁང་གི་དགེ་རྒན་དང་སྐད་སྒྱུར་སོགས་ཀྱི་ལས་ཀ་བྱས་པ་རེད། རྗེས་སུ་ཨ་རིའི་ཝི་སི་ཀོན་སིན་ (Wisconsin, USA) ཡོད་པའི་སྨན་རྩིས་ཁང་ཡན་ལག་སྨན་ཁང་གི་བརྟག་དཔྱད་སྨན་པའི་ལས་ཀ་བྱས་པ་རེད། དེང་སང་ཨ་རིར་མཁས་དབང་ནམ་མཁའི་ནོར་བུ་རིན་པོ་ཆེའི་ཞང་ཞུང་ཚོགས་པའི་ནང་བོད་སྨན་གྱི་ཕྱག་ལས་གནང་བཞིན་ཡོད་པ་རེད།

            དེའི་སྐབས་སུ་ངའི་སྨན་ཁང་དུ་ལས་ཀ་བྱེད་མཁན་ཆོས་འཕེལ་སྐལ་བཟང་ཡང་ཡོད་པ་རེད། ངས་རྒྱ་གར་དང་དབྱིན་ཇིའི་སྐད་ཡིག་སོགས་ཤེས་ཀྱི་མེད་ཙང་བསྟན་འཛིན་གྲགས་པའི་རྗེས་སུ་ཁོ་རང་གིས་ལོ་མང་པོའི་རིང་ངའི་སྨན་ཁང་དུ་ལས་ཀ་བྱས་པ་རེད། གཙོ་ཆེ་ཤོས་རྒྱུན་དུ་ངས་ནད་པར་བརྟག་དཔྱད་བྱས་པའི་སྐབས་སུ་ཁོ་རང་གིས་རྒྱ་གར་གྱི་ནད་པ་ཚོར་སྐད་ཆ་བཤད་རོགས་དང་། ད་ག་ནང་བཞིན་ངའི་དྲུང་ཡིག་བྱས་ཏེ་ལོ་མང་པོ་འདིར་ལས་ཀ་བྱས་ཏེ་བསྡད་པ་རེད།

            དེའི་མཇུག་ཏུ་བར་ལམ་ཞིག་ནས་སྨན་རྩིས་ཁང་ནས་ཐོན་པའི་སྨན་པ་བསྟན་འཛིན་བྱང་ཆུབ་ལགས། འདིར་ནད་ཐོག་དང་རྩ་ཆུའི་བརྟག་ཐབས་སོགས་ཀྱི་ཐད་ལ་སློབ་སྦྱོང་བྱས་པ་རེད།  ངས་ནད་པར་བརྟག་དཔྱད་དང་སྨན་བཅོས་བྱས་དུས་ཁོ་རང་འདིར་ཡང་ཡང་བསླེབས་ནས་སྨན་གྱི་སྐོར་དང་། བརྟག་ཐབས་རིག་པ། ནད་སྨན་སྤྲོད་སྟངས། སྨན་གྱིི་ནུས་པ་སོགས་གང་སར་དོ་སྣང་གནང་ཏེ་ཉམས་མྱོང་གམ་ཙམ་བསགས་ཐུབ་པ་བྱུང་ཡོད། དེ་རྗེས་ཁོ་རང་ཕྱི་རྒྱལ་དུ་ཕེབས་ནས་ད་ལྟ་ Poland ལ་བོད་སྨན་གྱི་སྨན་ཁང་གསར་པ་ཞིག་སྒོ་འབྱེད་གནང་ཏེ་སྨན་པའི་ཕྱག་ལས་གནང་བཞིན་ཡོད། ྋགོང་ས་མཆོག་དེར་ཕེབས་པའི་སྐབས་ཤིག་ཏུ་སྨན་ཁང་དེ་དངོས་སུ་དབུ་འབྱེད་དང་སྦྲགས་བྱིན་རླབས་དང་ཐུགས་སྨོན་སྐྱབས་འཇུག་མཛད་པ་རེད།  ད་ལྟ་སྨན་ཁང་དེ་ཕྱི་རྒྱལ་དུ་ཁྲིམས་མཐུན་ཐོག་ནས་ཕྱག་ལས་གནང་ཐུབ་པ་བྱུང་བ་རེད།

            དེའི་མཇུག་ཏུ་བལ་ཡུལ་ཞི་ཆེན་དགོན་པའི་སྨན་པ་བསོད་ནམས་དཔལ་འབྱོར་ལགས། ལྕགས་པོ་རིའི་བོད་སྨན་དྲན་རྟེན་སློབ་གཉེར་ཁང་ནས་ཡིན་པ་ཁོང་འདིར་ཡོང་ནས་ངའི་སྨན་ཁང་དུ་དུས་ཡུན་གང་ཙམ་ཞིག་གི་རིང་ལ་ལས་ཀ་བྱས་ཏེ་བསྡད་པ་རེད། ངའི་འཁྲིས་ནས་སྨན་གྱི་ཉམས་མྱོང་གང་ཙམ་ཞིག་ཐོབ་ཡོད། དེ་ནས་ཁོ་རང་བལ་ཡུལ་ཞེ་ཆེན་དགོན་པའི་སྨན་ཁང་དུ་ལས་ཀ་བྱས་ཏེ་བསྡད་པ་རེད། ད་ལྟ་ཨ་རིར་གནས་སྡོད་བྱེད་བཞིན་ཡོད་པ་རེད།

            ལོ་དུས་གསལ་པོ་ཞིག་བློ་ལ་དྲན་གྱི་མི་འདུག་ཀྱང་སྔོན་མ་ཌོག་ཀྲར་བློ་བཟང་ལགས་ཞུ་བ་ཞིག་ངའི་སྨན་ཁང་དུ་ཕེབས་ནས་བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་དང་།  སྨན་གཞུང་།  ནད་སྨན་སྤྲོད་སྟངས་སོགས་ཀྱི་སྐོར་ལ་སློབ་སྦྱོང་གནང་ནས་འདིར་གང་ཙམ་བཞུགས་པ་རེད། དེ་བཞིན་དཀའ་གནད་ཅན་གྱི་དོགས་དྲི་ཁག་ལ་དྲིས་ལན་སོགས་ཕྲན་བུ་བྱས་པ་ཡིན།  དེའི་རྗེས་ཁོང་ཨ་རིར་ཕེབས་ཏེ་ཉག་རོང་ཤར་གྱི་སྨན་པ་བདེ་སྐྱིད་ལགས་དང་ཆང་ས་བསྐྱོན་ནས་ད་ལྟའི་ཆར་ཨ་རིར་སྨན་གྱི་ཕྱག་ལས་གནང་གིན་བཞུགས་ཡོད་རེད།

            དེ་བཞིན་སྨན་རྩིས་མཐོ་སློབ་ཁང་གི་སྨན་དགེ་བསྟན་པ་ཆོས་འཕེལ་ལགས་རྒྱུན་དུ་རྡ་སར་སྐུ་བཞུགས་གནང་གིན་ཡོད་སྟབས་རེས་གཟའ་ཉི་མ་སོགས་གུང་གསེང་གི་སྐབས་སུ་དུས་ཁོམ་ཡོད་དུས་ཁོང་ངའི་བརྟག་དཔྱད་སྨན་ཁང་དུ་ཕེབས་ཏེ་རྩ་ཆུར་བརྟག་དཔྱད། ནད་མི་འདྲ་བའི་སྐོར། སྨན་བཅོས་སོགས་ཀྱི་སྐོར་ལ་དོགས་འདྲི། མཚམས་རེར་ཕན་ཚུན་གོ་བསྡུར་སྦྱང་བཤད་བཅས་བྱས་ཀྱི་ཡོད།

ས་བཅད་ཉེར་བརྒྱད་པ། སྨན་པ་ཁག་ཅིག་གིས་རེ་སྐུལ་ལྟར་ལུང་འཁྲིད་སྩལ་བ།

            དེ་ནས་བོད་རྒྱལ་ལོ་ ༢༡༣༨ རབ་གནས་ལྕགས་ཡོས་དང་། ཕྱི་ལོ་ ༢༠༡༡ ལོར། བོད་གཞུང་སྨན་རྩིས་ཁང་གིས་གོ་སྒྲིག་གནང་བའི་སྨན་རམས་པའི་ཡིག་རྒྱུགས་ཆེད་དུ་ཕྱོགས་མཐའ་ཁག་ནས་ཕེབས་པ། དེ་སྔོན་ཁྲོ་དགའ་རིན་པོ་ཆེའི་སློབ་མ། ལྕགས་པོ་རི་དྲན་རྟེན་བོད་སྨན་སློབ་གྲྭ་ནས་ཐོན་ཞིང་བལ་ཡུལ་ཞི་ཆེན་དགོན་པའི་སྨན་པ་ངག་དབང་འཕྲིན་ལས། སྨན་པ་བྱམས་པ་ཡོན་ཏན།  ལྕགས་པོ་རི་སྨན་སྦྱོར་ཁང་གི་སྨན་པ་འཕེལ་རྒྱས།  སྨན་དགེ་རྡོ་རྗེ་དགྲ་འདུལ། བལ་ཡུལ་ནས་སྨན་པ་ཤེས་རབ་བཅས་ཀྱིས། རྡ་ས་བོད་གཞུང་སྨན་རྩིས་ཁང་གསོ་རིག་ཞིབ་འཇུག་སྡེ་ཚན་གྱི་སྨན་པ་ཡར་འབྲོག་གམ་པ་སྤྲུལ་འཁོར་སྐལ་བཟང་དོན་ལྡན་བརྒྱུད་ནས་ང་ལ་རྗེ་བཙུན་གཡུ་ཐོག་ཡོན་ཏན་མགོན་པོའི་གསོལ་འདེབས། བྱ་བྱེད་སྨན་པའི་ལེའུ། འཁྲུལ་གཞི་བསལ་བ་ཚ་གྲང་འགལ་མདོ་བཅས་ཀྱི་ལུང་འཁྲིད་ཅིག་བྱ་དགོས་པའི་རེ་སྐུལ་གནང་བྱུང་། སྐབས་དེར་ངས་ཐུགས་ཕན་ཇི་ལྟར་འོང་མིན་ལ་མ་ལྟོས་པར་གང་ཐུབ་ཀྱིས་ཚ་གྲང་འགལ་མདོ་དང་སྨན་པའི་ལེའིུ་བཤད་ལུང་། ད་ག་ནང་བཞིན་ནད་སྨན་སྤྲོད་སྟངས། སྨན་བཅོས་ལག་ལེན་སྐབས་ཀྱི་གལ་གནད་ཆེ་བའི་སྐོར་གྱི་ཉམས་མྱོང་སློབ་སྟོན་མདོར་བསྡུས་ཙམ་ཞིག་ཞུས་པ་ཡིན།

ས་བཅད་ཉེར་དགུ་པ། ལམ་རིམ་གསུང་ཆོས་ཤིག་གི་སྦྱིན་བདག་མཛད་པ།

            དེའི་སྐབས་སུ་ལོ་གང་ཞིག་ལ་ྋགོང་ས་མཆོག་གིས་རྡ་སར་ལམ་རིམ་གསུང་ཆོས་སྩལ་བའི་སྐབས་སུ་རྡ་སའི་ཉེ་འཁྲིས་སུ་ཆགས་པའི་ཌ་ལ་ཧོ་སེ་ Dalhousie ནས་བོད་མི་མང་པོ་ཞིག་བསླེབས་པ་རེད། དེ་དུས་ཐོ་འགོད་མ་བྱས་པའི་མི་མང་པོ་ཞིག་ལ་དཀའ་ངལ་ཕྲད་དེ་གསུང་ཆོས་མ་ཐོབ་པར་ཕྱིར་ལོག་གནང་དགོས་བྱུང་བ་རེད། དེའི་སྐབས་སུ་ང་རང་ལ་དམིགས་བསལ་གྱི་སེམས་ཚོར་ཞིག་བྱུང་ནས་མ་འོངས་པ་ན་ཕྱིར་ལོག་ཕྱིན་པའི་དད་ལྡན་མི་མང་དེ་ཚོའི་སླད་དུ་ལམ་རིམ་གསུང་ཆོས་ཤིག་གོ་སྒྲིག་ཞུ་ཐུབ་ན་བསམས་བྱུང་། ལོ་ལྟར་འཆར་ཅན་བྱས་ཏེ་བོད་ཀྱི་ལོ་གསར་སྐབས་སུ་ང་ཚོར་ྋགོང་ས་མཆོག་གིས་གཟིམ་ཆུང་མཇལ་ཁ་ཞིག་གནང་གི་ཡོད་པ་དེ་དུས། ྋསྐྱབས་རྗེ་ཡོངས་འཛིན་བགྲེས་གཞོན་རྣམ་གཉིས་ཀྱིས་ཀྱང་མཇལ་ཁ་ཞུས་ཀྱི་ཡོད།

            ྋགོང་ས་མཆོག་ལ་ལོ་གསར་ཞིག་གི་སྐབས་སུ་གཟིམ་ཆུང་མཇལ་ཁ་ཞུས་སྐབས། ྋརྒྱལ་བ་རིན་པོ་ཆེས་སྐུ་ངལ་ལ་མ་འཛེམ་པར་ལམ་རིམ་བཀའ་ཆོས་ཤིག་གནང་རོགས་གནང་ཞེས་ཞུས་པ་ཡིན། དེ་དུས་ང་ལ་གསུང་ལན་གང་ཡང་གནང་མ་བྱུང་། ཡང་ཕྱི་ལོ་དེར་ཡང་བསྐྱར་ངས་གསོལ་བ་བཏབ་ཏེ་ཁོང་ལ་བྱང་ཆུབ་ལམ་གྱི་རིམ་པའི་གསུང་ཆོས་ཤིག་གནང་རོགས་ཞེས་ཞུས་པ་ཡིན། དེ་དུས་འོ་ཡ་ཞེས་གསུང་སྩལ་བ་ཙམ་མ་གཏོགས་གཞན་གང་ཡང་བཀའ་ལན་གནང་མ་བྱུང་། ཡང་བསྐྱར་ལོ་གསུམ་པ་དེར་ངས་གསོལ་བ་བཏབ་པ་ཡིན། དེ་དུས་ཁོང་གིས་ད་ང་རང་ཚོའི་གཙུག་ལག་ཁང་ཡང་གསར་བཞེངས་གྲུབ་པ་རེད། ད་ཁྱེད་རང་ཚོས་རྟེན་འབྲེལ་དང་སྦྲགས་གོ་སྒྲིག་བྱོས་ཞེས་བཀའ་དྲིན་ཞལ་བཞེས་ཐོབ་སོང་།

            དེ་དུས་ངས་ཤིང་ཤུག་པ་དེ་འདྲ་ཐབས་ཤེས་བཏང་སྟེ་གཙུག་ལག་ཁང་དུ་ྋརྒྱལ་བའི་བཞུགས་ཁྲི་ཞིག་གསར་བཞེངས་ཞུས་པ་ཡིན། དེ་དུས་ངས་ཁོང་ལ་ལག་གཉིས་ཐལ་མོ་སྦྱར་ཏེ་གསུང་ཆོས་གནང་དུས་སྐབས་ལ་ལྷ་དང་། མི་དང་། ལྷ་མ་ཡིན་དང་། འཇིག་རྟེན་གང་དག་དམ་པའི་ཆོས་ཉན་གྱི་ནི་འདིར་གཤེགས་ཤིག་ཅེས་གསུངས་གནང་གི་ཡོད་པ་རེད། དེ་སྔོན་ཌ་ལ་ཧོ་སེ་ནས་གྲྭ་པ་དང་མི་དམངས་མང་པོ་ཞིག་ཐོ་འགོད་མ་བྱུང་བའི་རྒྱུ་མཚན་གྱིས་གསུང་ཆོས་ཞུ་ས་ནས་ཕྱིར་ལོག་དགོས་བྱུང་སོང་། ལྷ་དང་ལྷ་མ་ཡིན་རྣམས་ངས་མིག་གིས་མ་མཐོང་ཡང་ད་རེས་ཐེངས་འདིའི་ལམ་རིམ་གསུང་ཆོས་སྐབས་སུ་མི་དེ་དག་ཁྱོན་ནས་མ་ལྷག་པ་ཞིག་གནང་རོགས་གནང་། ཐུགས་རྗེས་གཟིགས་པ་ཞུ་ཞེས་ཞུས་པ་ཡིན། ྋགོང་ས་མཆོག་བཞད་མོ་བཞེད་གནང་སོང་། དེ་དུས་སྐུ་བཅར་བ་ཞིག་གིས་ང་ལ་སྐད་ཆ་དེ་འདྲ་བཤད་མཁན་ཡོད་རེད་པས་ཞེས་ལབ་ཀྱི་འདུག ངས་གནས་ཚུལ་གང་ཡིན་ནའང་དྲང་པོ་བྱས་ཏེ་ཡར་སྙན་སྒྲོན་ཞུས་པ་རེད། དེ་དུས་ངས་གཙུག་ལག་ཁང་གི་རྟེན་དང་བརྟེན་པ་ཆ་ཚང་བ་གྲུབ་པའི་རྟེན་འབྲེལ་དང་སྦྲགས་ནས་ལམ་རིམ་གསུང་ཆོས་ཀྱིི་སྦྱིན་བདག་དང་གོ་སྒྲིག་ཞུ་ཐུབ་པ་བྱུང་བ་དེ་ནི་ཧ་ཅང་གི་བསྐལ་བ་བཟང་པོ་ཞིག་བྱུང་།

ས་བཅད་སུམ་ཅུ་པ། ཁོང་གི་སྨན་ཁང་ནས་རིན་མེད་སྨན་སྦྱིན་ཕུལ་བ་སོགས།

            ལོ་རབས་ ༡༩༨༠ ནང་དུ་རྒྱ་ནག་གི་སྲིད་ཇུས་ཅུང་གུ་ཡངས་སུ་བཏང་བ་དང་སྦྲགས་བོད་ནས་ྋརྒྱལ་བ་རིན་པོ་ཆེའི་ཞལ་མཇལ། གསུང་ཆོས། དུས་འཁོར་དབང་ཆེན། ཆོས་ཞུགས་དང་།  སློབ་གཉེར།  གནས་མཇལ་ལ་སོགས་པའི་ཆེད་དུ་གཉེར་ནས་གཞིས་ལུས་བོད་ནས་རྒྱ་གར་དུ་ཕེབས་མཁན་བོད་མི་ཡོངས་ལ་སྨན་ཁང་འདི་ནས་བརྟག་དཔྱད་སྨན་བཅོས་དང་འབྲེལ་རིས་མེད་སྨན་སྦྱིན་ལོ་ངོ་བཅུ་གྲངས་ཤིག་ལ་ཕུལ་ཡིན།  དེ་ནས་རྒྱ་གར་གྱི་ཡུལ་ཐང་དངོས་ཟོག་དང་བཟའ་ཅའི་རིན་གོང་ལོ་རེ་ནས་ལོ་རེར་འཕར་བཞིན་ཡོད་པར་བརྟེན་ནས་སྨན་རྒྱུ་སྤྱི་དང་ལྷག་དོན་དུ་སྔོ་སྨན་རིགས་རྣམས་རིན་གོང་ལྡབ་འཕར་ཕྱིན་པའི་རྐྱེན་གྱིས། ༡༩༩༠ ནང་ནས་བཟུང་བོད་ནས་ཕེབས་མཁན་ཚོར་བརྟག་དཔྱད་སྨན་བཅོས་དང་འབྲེལ་ནས་སྨན་སྦྱིན་ཕྱེད་ཅག་ཕུལ་བ་ཡིན་ལ་ད་ལྟའང་འབུལ་བཞིན་ཡོད།

            དེ་དང་ཕྱོགས་མཚུངས་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཀུན་ཏུ་བཞུགས་པའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་རིས་མེད་ཀུན་གྱི་བླ་སྤྲུལ། མཁན་སློབ། དགེ་འདུན། བཙུན་མ། སྔགས་འཆང་སོགས་ལ་ཡང་བརྟག་དཔྱད་སྨན་བཅོས་རིན་མེད་ཐོག་ཕུལ་ཐུབ་པ་བྱུང་སོང་། དེ་ཙམ་མ་ཟད་ད་ལྟ་ཡང་མུ་མཐུད་ནས་གང་ཐུབ་ཀྱིས་བརྟག་དཔྱད་སྨན་བཅོས་ཕྱེད་ཅག་ཐོག་འབུལ་བཞིན་པ་རེད། འདི་ག་རྡ་རམ་ས་ལར་གནས་སྡོད་བྱེད་བཞིན་པའི་བོད་མི་དང་། གནས་ཡུལ་རྒྱ་གར་གྱི་ཡུལ་མི། ཕྱོགས་མཐའ་ཁག་ནས་ཕེབས་པའི་རྒྱ་གར་གྱི་ནད་པ། དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་ཕྱི་རྒྱལ་བའི་མི་རིགས་ཡོངས་ལ་གང་ཐུབ་ཀྱིས་ད་བར་སྨན་བཅོས་དང་བརྟག་དཔྱད་བྱེད་བཞིན་ཡོད།

            སྨན་ཁང་འདི་ནས་ཞོགས་པ་སྔ་པོ་ནས་ཕེབས་པའི་ནད་པ་སོ་སོར་ཨང་རིམ་བྱང་བུ་སྤྲད་དེ་ཕེབས་སྔ་ཕྱིའི་སྒོ་ནས་ཆུ་ཚོད་བརྒྱད་པ་ཙམ་ནས་བརྟག་དཔྱད་སྨན་བཅོས་བྱེད་བཞིན་ཡོད།  དེའི་ཁྲོད་ནས་རེས་གཟའ་ཉིན་མ་ཕར་ཕུད་ནས་དེ་མིན་བདུན་རེའི་ནང་དུ་བཙན་བྱོལ་བོད་གཞུང་གི་སྲི་ཞུའི་ཕྱག་ལས་གནང་མཁན་ཞིག་ཡིན་ཕྱིན་ཆད། བང་སྒྲིག་མ་དགོས་པར་ཐད་ཀར་ག་དུས་ཕེབས་ནའང་དམིགས་བསལ་གྱིས་བརྟག་དཔྱད་སྨན་བཅོས་ཞུ་ཡི་ཡོད། རེས་གཟའ་ཉི་མ་ལ་ཕྱི་རྒྱལ་བ། བོད་པ། རྒྱ་གར་བ་སོགས་དང་། ལྷག་པར་དུ་ས་ཐག་རིང་པོ་ནས་ཕེབས་པའི་ནད་པ་མང་དག་ཅིག་ཡོད་ཙང་སོ་སོའི་ཨང་རིམ་ལྟར་བང་བསྒྲིགས་ནས་སྨན་བཅོས་བྱེད་ཀྱི་ཡོད། སྨན་ཁང་འདི་ནས་ཕྱི་ནང་རིས་སུ་མ་ཕྱེས་པའི་ནད་པ་སུ་ཞིག་ངའི་སར་བསྟེན་གཏུགས་བྱེད་དུ་ཡོང་ནའང་བརྟག་དཔྱད་བྱས་པའི་སྨན་པའི་ལག་དོད་ད་བར་རྩ་བ་ནས་བླངས་མེད།  ཕྱི་རྒྱལ་ཁག་ཏུ་ཡིན་ན་སྨན་པས་བརྟག་དཔྱད་བྱས་པའི་ལག་དོད་ཀྱི་གོང་ཚད་མཐོ་པོ་རེད།

ས་བཅད་སོ་གཅིག་པ། ཚོགས་སྡེ་ཁག་ཏུ་རྟེན་སྐུ་དང་མ་དངུལ་ཞལ་འདེབས་ཕུལ་བ།

            དེར་བརྟེན་ནས་བོད་ཀྱི་གསོ་བ་རིག་པའི་སྨན་པ་ཞིག་ཡིན་ཕྱིན་ཆད་ལ། སངས་རྒྱས་སྨན་བླའི་དགོངས་པ་ལྟར་སེམས་ཅན་ནད་པ་མང་པོའི་བདེ་སྡུག་ལ་ཇི་མི་སྙམ་པའི་བློས་ཀུན་ནས་བླངས་ཏེ་གཞན་ཕན་གྱི་བརྩེ་བའི་སེམས་པ་དཀར་པོའི་ཐོག་ནས་བརྟག་དཔྱད་སྨན་བཅོས་བྱ་རྒྱུ་དེ་གཙོ་བོ་ཡིན།  ཚེས་བརྒྱད་དང་བཅོ་ལྔ་དང་གནམ་གང་སོགས་ཚེས་བཟང་དུས་བཟང་ལ་སངས་རྒྱས་སྨན་བླའི་སྟོང་མཆོད། གཟུངས་སྔགས། སྨན་ཆོས་འབུལ་བ་སོགས་ཀྱི་མཚོན་པའི་སྲོལ་རྒྱུན་གྱི་ཕྱག་རྒྱུན་ཐུན་མོང་མ་ཡིན་པ་ཡོད་པ་དེ་དག་ང་ཚོས་ཕྱག་བཞེས་གནང་ཐུབ་ན་ཞེ་དྲགས་དགེ་མཚན་ཆེན་པོ་ཡོད་རེད།  དེ་འདྲ་སོང་ཙང་། ངས་ཀྱང་བསྟན་པ་དང་སེམས་ཅན་ནད་པ་མང་པོ་ལ་ཕན་པའི་ཕྱིར་དང་། ལྷག་པར་དུ་བསོད་ནམས་གསོག་པའི་ཞིང་མཆོག་དམ་པར་དམིགས་ནས་སངས་རྒྱས་སྨན་བླ་གསེར་ཟངས་ཀྱི་འདྲ་སྐུ་མི་ཚད་ལོན་པ་ཞིག་བཞེངས་སྐྲུན་བྱས་པ་ཡིན།

            དེ་དང་ཕྱོགས་མཚུངས་བོད་གངས་ཅན་ལྗོངས་ཀྱི་བསྟན་འགྲོ་སྤྱི་དང་ལྷག་པར་བོད་ཀྱི་གསོ་བ་རིག་པར་ཆ་མཚོན་ན། ྋརྒྱལ་དབང་སྐུ་འཕྲེང་ལྔ་པ་རྗེ་བཙུན་ངག་དབང་བློ་བཟང་རྒྱ་མཚོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་རྗེས་དྲན་ཆེད་དུ་ཁོང་གི་འདྲ་སྐུ་ཞིག་དང་། ལྷག་པར་དུ་བོད་ཀྱི་གསོ་བ་རིག་པའི་བསྟན་པར་བཀའ་དྲིན་བླ་ལྷག་ཏུ་ཆེ་བའི་ྋརྒྱལ་དབང་སྐུ་འཕྲེང་བཅུ་གསུམ་པ་ཆེན་པོའི་བླ་སྨན་པ་དང་། བོད་ཀྱི་སྨན་རྩིས་རིག་གཞུང་གི་བསྟན་པ་རྨང་ནས་གསོ་བར་མཛད་པའི་བཅུ་ཕྲག་རིག་པའི་གནས་ལ་མཁས་པའི་དབང་པོ། ཡང་སྒོས་ངའི་གསོ་རིག་སྨན་གྱི་དགེ་བའི་བཤེས་གཉེན་ཡང་ཡིན་པ། མཁས་དབང་བླ་སྨན་མཁྱེན་རབ་ནོར་བུ་མཆོག་གི་ཐུགས་རྗེའི་བཀའ་དྲིན་རྗེས་དྲན་བཅས་ཀྱི་ཆེད་དུ་དམིགས་ནས། གསེར་ཟངས་ཀྱི་འདྲ་སྐུ་མི་ཚད་ཙམ་ཞིག་བཞེངས་སྐྲུན་དང་། གཟུངས་གཞུག་ཕུལ། ཞལ་གསེར་བཅས་བསྒྲོན་ཏེ་རྡ་རམ་ས་ལའི་བོད་གཞུང་སྨན་རྩིས་ཁང་ལ་ཕུལ་བ་ཡིན། ད་ལྟའང་མཐོ་སློབ་ཚོགས་ཁང་དུ་འདྲ་སྐུ་གཉིས་ཀ་བཞུགས་སུ་གསོལ་ཡོད། དེ་ཡང་གཙོ་བོ་བོད་ཀྱི་སྨན་རྩིས་གཉིས་ཀྱི་བསྟན་པ་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་ཆེད་དུ་དམིགས་ནས་གསོ་རིག་བསྟན་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་ཐུགས་དམ་གྱི་རྟེན་དུ་རྡ་རམ་ས་ལའི་ནོར་གླིང་རྟེན་བཞེངས་ཆེན་མོ་སོགས་ལ་རེ་སྐུལ་བྱས་ནས་བཞེངས་སྐྲུན་ཞུས་པ་ཡིན།

            དེའི་སྐབས་སུ་ཕྱི་རྒྱལ་དུ་བཞུགས་པའི་སྨན་པ་ཞིག་གིས་སྨན་བླ་བདེ་གཤེགས་མཆེད་བརྒྱད་ཀྱི་འདྲ་སྐུ་རྣམ་བརྒྱད་བླུ་ཡོན་ཞུས་ནས་བོད་གཞུང་སྨན་རྩིས་ཁང་ལ་ཕུལ་འདུག་པ་དེ་དག་ལའང་སྐུའི་གཟུངས་གཞུག་དང། ན་གཟའ། ཞལ་གསེར་དང་བཅས་པ་ཆ་ཚང་བ་རྒྱུ་སྦྱོར་ཞུས་པ་ཡིན། ད་ལྟའང་མཐོ་སློབ་ཚོགས་ཁང་དུ་བཞུགས་སུ་གསོལ་ཡོད། དེ་ཡང་གསོ་རིག་རྒྱུན་འཛིན་གྱི་སྨན་པ་རྣམས་དང་འབྲེལ་ཐོག་ནད་པ་རྣམས་ཀྱི་ཆེད་དུ་དམིགས་ནས་འདི་ཕྱི་འཕྲལ་ཡུན་ཀུན་ཏུ་བདེ་ཞིང་རྣམ་དཀར་དགེ་བའི་བྱ་བ་ཡར་ངོའི་ཟླ་ལྟར་འཕེལ་བ། ཕྱི་རབས་སྨན་རྩིས་པ་རྣམས་ཀྱི་དད་རྟེན་ཞིང་མཆོག་དམ་པར་འགྱུར་བའི་རྒྱུ་རུ་བསྔོ་བ་ཞིག་ཡིན།

            རྣམ་འདྲེན་བཞི་པ་སྟོན་པ་བླ་ན་མེད་པ་དཔལ་ྋརྒྱལ་བ་ཤཱཀྱ་ཐུབ་པ་ཆེན་པོའི་བསྟན་པ་འདི་ཉིད་ལོ་ལྔ་བརྒྱ་ཕྲག་བཅུ་འདས་པའི་རྗེས་སུ། རིམ་བཞིན་དུས་སྙིགས་མའི་སྐྱེ་འགྲོ་དག་གི་ཉོན་མོངས་པའི་སེམས་ཇེ་རགས་ཇེ་སྡུག་ཏུ་སོང་སྟེ་མ་འོངས་པར་ཚེ་ལོ་བཅུ་པའི་དུས་སུ། རྣམ་འདྲེན་ལྔ་པ་རྗེ་བཙུན་བྱམས་པ་མགོན་པོ་མཆོག་སླར་ཡང་དགའ་ལྡན་ཡིད་དགའ་ཆོས་འཛིན་ནས་འཛམ་བུ་གླིང་འདིར་བསྟན་པ་དང་སེམས་ཅན་གྱི་དོན་དུ་འབྱོན་པའི་དུས་སྐབས་སུ། བདག་ཀྱང་རྗེ་བཙུན་བྱམས་མགོན་གྱི་ཐུགས་རྗེས་བཟུང་བའི་སླད་དུ་ད་ལྟ་ནས་སོ་སོས་ཚོགས་དང་བསོད་ནམས་མང་པོ་གསོག་ཐུབ་པ་དགོས་པ་སོང་ཙང་། ངས་འདི་ནས་འབྲེལ་ཐོག་སེམས་ཅན་ནད་པ་ཇི་སྙེད་ཅིག་མཆིས་པ་ཐམས་ཅད་རྗེ་བཙུན་བྱམས་པའི་ཞབས་དྲུང་དུ་སྐྱེ་རྒྱུའི་སྨོན་ལམ་དང་བསོད་ནམས་ཀྱི་རྟེན་དུ། ྋརྒྱལ་བ་བྱམས་པ་མགོན་པོའི་འདྲ་སྐུ་གསེར་ཟངས་ལས་གྲུབ་པ་ཞིག་བླུ་ཡོན་ཞུས་ཏེ་དཔལྡན་སྟོད་རྒྱུད་གྲྭ་ཚང་ལ་ཕུལ་བ་ཡིན།

            དེ་ནས་ལོ་མང་པོ་ཞིག་གི་སྔོན་ནས་འདུན་པ་ཡོད་པ་ལྟར་ཡང་བསྐྱར་བལ་ཡུལ་གྱི་སྐུ་འདྲའི་བཟོ་གྲྭ་ཞིག་ཏུ་ལོ་ཤས་གོང་ནས་ཆེད་དུ་མངགས་ནས་གསེར་ཟངས་ལས་གྲུབ་པའི་སྨན་བླ་བདེ་གཤེགས་མཆེད་བརྒྱད་ཀྱི་འདྲ་སྐུ་མིའི་གཟུགས་ཚད་ཙམ་བཞེངས་སྐྲུན་བྱས་ཏེ་གཟུངས་གཞུག་དང་། ཞལ་གསེར་དང་། ན་གཟའ་དང་བཅས་པ་རྩ་བའི་ཆ་ནས་ཕྱི་ལོ ༢༠༡༡ ལོ་ལ་ལེགས་གྲུབ་ཟིན་པ་རེད། སྨན་པ་བློ་བཟང་ལགས་སྔོན་མ་སེ་ར་བྱེས་སྦ་ཏི་ཁང་ཚན་གྱི་གྲྭ་བ་ཡིན་པ་སོང་ཙང་། སྔོན་མ་ནས་ད་བར་ང་དང་མཉམ་དུ་སྨན་ཁང་འདིའི་ནང་དུ་ཕྱག་ལས་གནང་ཏེ་རྩ་བའི་ཐུགས་འགན་ཡོངས་རྫོགས་རྐང་བཞེས་གནང་བ་དང་། དེ་ནས་ཨ་ཤོ་ཀའི་ཁྱིམ་ཚང་གི་ཕ་མ་བུ་ཕྲུག་རྣམས་ཀྱིས་ཀྱང་ཡུན་རིང་སྨན་ཁང་གི་ཕྱག་ལས་གནང་བ་དང་། དེ་བཞིན་སྨན་ཁང་འདིའི་ནང་གི་སྨན་ལས་ཡོངས་རྫོགས་ཀྱི་ཆེད་དུ་ཚོགས་དང་བསོད་ནམས་གསོག་པའི་ཆེད་དང་། འདི་ཕྱིའི་ཚེ་རབས་ནས་ཚེ་རབས་ཀུན་དུ་སངས་རྒྱས་སྨན་གྱི་བླ་མ་བདེ་གཤེགས་མཆེད་བརྒྱད་ཀྱིས་རྗེས་སུ་བཟུང་བའི་སླད་དུ། སྐུ་འདྲ་དེ་རྣམས་སེ་ར་བྱེས་མཁས་སྙན་གྲྭ་ཚང་གི་སྦ་ཏི་ཁང་ཚན་ལ་ཆེད་དུ་འབུལ་ལམ་ཞུས་ཏེ་དད་རྟེན་བསོད་ནམས་ཀྱི་ཞིང་མཆོག་དམ་པར་བཞུགས་སུ་གསོལ་བ་ཡིན། ང་གྲྭ་ཚང་གི་ཐོབ་ཁུངས་ནི་འབྲས་སྤུངས་སྒོ་མང་གྲྭ་ཚང་ནས་ཡིན་པ་དང་ཁང་ཚན་ནི་ཧར་གདོང་ནས་རེད།  དཔལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ྋརྒྱལ་བའི་ཞབས་རིམ་ཆེད་དུ་དམིགས་ནས་ལོ་ལྟར་བཀའ་འགྱུར་དག་སྒྲོག་ཞུ་རྒྱུའི་མ་དངུལ་ཐེབས་རྩ་དང་། ཧར་གདོང་ཁང་ཚན་གསར་རྒྱག་ཆེད་དུ་མ་དངུལ་མི་ཉུང་བ་ཞིག་ཀྱང་ཕུལ་བ་ཡིན།

            ད་དུང་མ་འོངས་པ་ན་དགོན་པའི་ནང་ལོ་རེར་བོད་ཟླ་བཞི་པའི་ནང་སྨན་བླ་བདེ་གཤེགས་མཆེད་བརྒྱད་ཀྱི་སྐུ་བརྙན་དྲུང་དུ་སངས་རྒྱས་སྨན་བླའི་སྟོང་མཆོད་ལོ་ལྟར་ཆགས་མེད་དུ་དབུལ་རྒྱུའི་འཆར་གཞི་ཡོད། དེ་བཞིན་དུ་ངའི་སྨན་ཁང་འདི་ནས་སྨན་བླའི་སྟོང་མཆོད་དང་དགེ་འདུན་པ་ཚོར་མཆོད་འབུལ་ཚོགས་གསོག་གི་དགེ་རྩའི་ཆེད་དུ་མ་དངུལ་གང་ཙམ་ཞིག་འབུལ་གཏན་ཁེལ་ཡོད། དགེ་བའི་བྱ་བ་འདིས་འབྲེལ་ཐོགས་ནད་པ་སོགས་སེམས་ཅན་ཚང་མའི་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པའི་ཆེད་དུ་ངས་སྔོ་བ་སྨོན་ལམ་འདེབས་ཀྱིན་ཡོད། གང་ཡིན་ཟེར་ན། ཚོགས་དང་བསོད་ནམས་ཟེར་བ་དེ་ང་ཚོའི་མིག་གིས་གཟུགས་མཐོང་བ་ལྟ་བུ་ཞིག་སྟོན་རྒྱུ་ཡོད་མ་རེད་དེ། ཡིན་ནའང་སེམས་ཅན་རང་རང་སོ་སོའི་སྔོན་གྱི་ལས་དང་སྨོན་ལམ་དང་བསོད་ནམས་ཀྱི་མཐུ་ཆེ་ཆུང་སོགས་ལས་འགྲོ་བ་མིའི་རིགས་གཅིག་པ་ཡིན་ན་ཡང་། མི་སོ་སོའི་ཕྱི་ལུས་ཀྱི་བདེ་ཐང་རེད། ནང་སེམས་ཀྱི་བདེ་སྐྱིད་རེད། ཚེ་རིང་ཐུང་རེད། དཔལ་འབྱོར་ཆེ་ཆུང་རེད། བྱ་བ་ལམ་འགྲོ་ཆེ་ཆུང་སོགས་ཚང་མ་ལ་ཁྱད་པར་འགྲོ་གི་ཡོད་པ་དེ་བསོད་ནམས་ཀྱི་མཐུ་ཆེ་ཆུང་ལ་རག་ལས་ཀྱི་ཡོད་རེད། དཔེར་ན་ང་ཚོས་སྨོན་ལམ་གང་བརྒྱབ་པའི་རྗེས་སུ་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་གསུང་ལྟར། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་ཉིད་འཐོབ་པར་ཤོག །ཅེས་མཐར་དག་པ་གཉིས་ལྡན་ཆོས་སྐུ་དང་གཟུགས་སྐུ་གཉིས་འགྲུབ་པར་བྱེད་པའང་ཚོགས་གཉིས་ལ་རག་ལུས་ཀྱི་ཡོད་ཙང་རྒྱུན་དུ་ཚོགས་གསོག་སྒྲིབ་སྦྱོང་ཟེར་བ་དེ་ཚོ་གལ་ཆེན་པོ་རེད།

            བོད་རྒྱལ་ལོ་ ༢༡༢༧ རབ་གནས་ལྕགས་འབྲུག་དང་། ཕྱི་ལོ ༢༠༠༠ ལོར། ངས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཆོས་དང་རིག་གཞུང་བཟང་པོ་རྣམས་མི་ཉམས་གོང་སྤེལ་དང་ཉམས་པ་སླར་གསོའི་ཆེད་དུ་དམིགས་ནས། བསྟན་འགྱུར་གྱི་ཤིང་པར་བརྐོ་བའི་ཉམས་གསོའི་འཛུགས་སྐྲུན་ཆེད་དུ་ལོ་དེར་ཨ་མི་རི་ཀ་ནས་ཨ་རིའི་ཌོ་ལོར་ (1500, US Dollar) ཆིག་སྟོང་ལྔ་བརྒྱ་ཐམ་པ། བོད་ཀྱི་རྒྱལ་ས་ལྷ་སར་བསྟན་འགྱུར་པར་ཤིང་གསར་བརྐོའི་གཞུང་ལས་ཁང་དུ་ཞལ་འདེབས་སུ་ཕུལ་ཐུབ་པ་བྱུང་།  ཆོས་དང་རིག་གཞུང་སྲུང་སྐྱོབ་ཆེད་དུ་ཕུལ་བའི་ཕྱག་དངུལ་རྣམས་ལག་སོན་བྱུང་བའི་འཛིན་བྱང་དང་དམ་ཕྲུག་བརྒྱབ་པའི་ཕྱག་བྲིས་སྨན་ཁང་དུ་དུས་ཐོག་ལག་འབྱོར་བྱུང་། སྤྱིར་བོད་གནའ་རབས་ཀྱི་རིག་གཞུང་དང་།  ནང་པ་སངས་རྒྱས་པའི་མདོ་སྔགས།  བོད་ཀྱི་སྐད་ཡིག   སྒྱུ་རྩལ།  ལག་རྩལ།  ཟློས་གར།  རི་མོ།  སྨན་རྩིས། བཀའ་བསྟན་དང་བཅས་པ་རིག་གནས་དང་ལག་རྩལ་རྣམས་ད་ལྟའི་མི་རབས་ཚོས་མི་ཉམས་རྒྱུན་འཛིན་གནང་ཐུབ་པ་དགོས། དེ་ནི་བོད་རིགས་མི་མང་ཙམ་མ་ཟད་འཛམ་གླིང་སྤྱི་ལའང་ཧ་ཅང་གིས་ཕན་ཐོགས་ཆེ་ལ་གལ་འགངས་ཆེ་བའི་བྱ་བ་ཞིག་རེད། 

            བོད་རྒྱལ་ལོ་ ༢༡༤༧ རབ་གནས་ལྕགས་བྱི་དང་། ཕྱི་ལོ་ ༢༠༢༠ ལོར། Covid 19 ཞེས་པའི་གཉན་རིམས་ནད་ཡམས་ཆེད་དུ་འགྲོ་གྲོན་སོགས་ལ་དམིགས་ནས་ཧིན་སྒོར་འབུམ་བདུན་ ( Rs. 700,000) ཐམ་པ་ཀང་ར་རྫོངས་དཔོན་མཆོག་བརྒྱུད་ནས་སྨན་པ་བློ་བཟང་ལགས་ཀྱི་བུ་བློ་བཟང་བརྩོན་འགྲུས་ལགས་ཀྱིས་ཕུལ་བ་དང་། དེ་ཡང་རྒྱ་གར་སྲིད་བློན་གྱི་མཚན་ཐོག་ཏུ་ཧིན་སྒོར་འབུམ་བཞི། ཧི་མ་ཅལ་མངའ་སྡེ་བློན་ཆེན་གྱི་མཚན་ཐོག་ཏུ་ཧིན་སྒོར་འབུམ་གཅིག ཀང་ར་རྫོངས་དཔོན་གྱི་མཚན་ཐོག་ཏུ་ཧིན་སྒོར་འབུམ་གཉིས་བཅས་ཕུལ་བ་རེད།

            མདོར་ན་ཁོང་དང་ཤག་ཚང་སྨན་པ་བློ་བཟང་བསྟན་འཛིན་ལགས་རྣམ་གཉིས་ཀྱིས་སྔ་ཕྱིར་བོད་མིའི་བླ་ན་མེད་པའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན། བྱང་ཆུབ་ལམ་རིམ་ཆེན་མོའི་སྦྱིན་བདག་ཐེངས་གཉིས། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་གཉིས་ཀྱི་སྦྱིན་བདག་གི་གྲལ་དུ་བསྐལ་བཟང་གོ་སྐལ་ཐོབ་པ། སྐུ་བཅར་རྣམ་རྒྱལ་ཕན་བདེ་ལེགས་བཤད་གླིང་གི་སློབ་གྲྭ་གསར་རྒྱག་ཆེད་དུ་ཞལ་འདེབས། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཞལ་འདེབས། སློབ་གྲྭ་དང་དགོན་སྡེ་གྲྭ་ཚང་དང་བཙན་བྱོལ་གྱི་ཚོགས་སྡེ་ཁག་ལ་ཞལ་འདེབས་ཕོན་ཆེན་ཕུལ་གནང་བ་སོགས་རྣམ་དཀར་གྱི་དགེ་བའི་ལས་ལ་གཞོལ་བར་མཛད་ཡོད་པ་རེད།

ས་བཅད་སོ་གཉིས་པ། རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་བགྲོ་གླེང་ཚོགས་ཆེན་དུ་གདན་དྲངས་པ།

            བོད་རྒྱལ་ལོ་ ༢༡༢༥ རབ་གནས་ས་སྟག་དང་། ཕྱི་ལོ་ ༡༩༩༨ ཟླ་ ༡༡ ཚེས ༧ ནས་ ༩ དབར། རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་བགྲོ་གླེང་ཚོགས་ཆེན་ཞིག་ཨ་རི་ལ་ཚོགས་པ་རེད།  སྐབས་དེར་ང་ལ་ཡང་མགྲོན་ཤོག་འབྱོར་ཏེ་ཡོང་དགོས་པའི་རེ་འདུན་བྱས་པ་ལྟར་ཚོགས་ཆེན་དེར་ཕྱིན་པ་ཡིན། ྋགོང་ས་མཆོག་ཀྱང་ཚོགས་ཆེན་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་གནང་མཛད་སོང་། དེ་དུས་གོ་སྒྲིག་བྱེད་མཁན་ཚོས་རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་ཚོགས་ཆེན་ཐེངས་དང་པོ་འཚོགས་ཐུབ་པའི་སྐོར་ལ་གསལ་བཤད་ཅིག་གནང་སོང་། ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཉིན་དང་པོའི་སྔ་དྲོའི་མཛད་རིམ་སོགས་གྲུབ་པའི་རྗེས་ལ་ཉིན་རྒྱབ་ཏུ་ནང་པའི་ཆོས་དང་། བོད་ཀྱི་ལོ་རྒྱུས། བོད་སྨན་སོགས་ཀྱི་སྐོར་ལ་བཀའ་སློབ་བཀའ་དྲིན་སྩལ་གནང་བའི་སྐབས་སུ།

            ྋསྐུ་མདུན་ཡིད་བཞིན་ནོར་བུ་མཆོག་གིས། ཐེངས་འདིའི་བོད་སྨན་ཚོགས་ཆེན་དེ་རྒྱལ་སྤྱིའི་བོད་སྨན་ཚོགས་ཆེན་དང་པོ་དེ་ཆགས་ཀྱི་མ་རེད། གནའ་བོ་བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་བོད་དང་། རྒྱ་དཀར། རྒྱ་ནག བལ་ཡུལ།  སོག་པོ། སྟག་གཟིག་སོགས་སྐབས་དེའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ནས་ཆེད་དུ་གདན་དྲངས་པའི་གསོ་རིག་གི་མཁས་དབང་དགུ་གདན་འཛོམས་པའི་ཐོག་ནས། རྒྱལ་སྤྱིའི་རང་བཞིན་ཅན་གྱི་བོད་ཀྱི་གསོ་རིག་བགྲོ་གླེང་ཚོགས་ཆེན་ཐེངས་དང་པོ་དེ་སྐོང་ཚོགས་བསྐྱངས་ཡོད་པ་རེད། དེ་འདྲ་སོང་ཙང་གནའ་རབས་བོད་ཀྱི་ལོ་རྒྱུས་ཐོག་ནས་བཤད་པ་ཡིན་ན། ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་ཚོགས་པའི་ཚོགས་ཆེན་དེ་བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་ཀྱི་ཐོག་ནས་ཚོགས་ཆེན་ཐེངས་དང་པོ་དེ་ཆགས་ཀྱི་རེད། ཐེངས་འདིའི་བོད་སྨན་ཚོགས་ཆེན་དེ་གཉིས་པ་ཡིན་ལབ་ན་རྒྱུ་མཚན་དང་མཐུན་པ་ཞིག་ཆགས་ཀྱི་རེད་ཅེས་བཀའ་སློབ་སྩལ་གནང་སོང་།
 

ས་བཅད་སོ་གསུམ་པ། དཔལ་དུས་འཁོར་དབང་ཆེན་གྱི་སྦྱིན་བདག་ཆ་ཤས་མཛད་པ།

            བོད་རྒྱལ་ལོ་ ༢༡༣༩ རབ་གནས་ཆུ་འབྲུག་དང་། ཕྱི་ལོ ༢༠༡༢ ལོར། སྟོན་པ་ཤཱཀྱ་ཐུབ་པ་སངས་རྒྱས་པའི་གནས་མཆོག་ཁྱད་པར་ཅན་རྒྱ་གར་བྱང་ཆུབ་རྡོ་རྗེ་གདན་དུ་ཆོས་ཁྱད་པར་ཅན་དཔལ་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་སོ་གཉིས་པ་དེ་སྩོལ་གནང་ཡོང་བ་ཞེས། རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་ (Arunachal Pradesh) མངའ་སྡེའི་བློན་ཆེན་སྐུ་གཤེགས་དམ་པ་རྡོ་རྗེ་མཁའ་འགྲོ་མཆོག་གིས་དུས་ཡུན་རིང་པོ་སྔོན་ནས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། ྋགོང་ས་ལྷ་མིའི་རྣམ་འདྲེན་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། ྋསྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་བཀའ་དྲིན་ཞལ་བཞེས་ཕེབས་པ་རེད། བཀྲིན་བླ་ལྷག་ཏུ་ཆེ་བའི་དུས་ཀྱི་བསྐལ་བ་བཟང་པོ་དེ་ཉིད་དང་བསྟུན་ནས་ང་དང་སྨན་པ་བློ་བཟང་ལགས་གཉིས་ཀྱིས་ཀྱང་ཐེངས་འདིའི་དུས་འཁོར་དབང་ཆེན་གྱི་བསྟན་པའི་སྦྱིན་བདག་ཁོངས་སུ་སྲི་ཞུ་ཕྲན་ཙམ་བསྒྲུབས་ཐུབ་པ་བྱུང་སོང་།

            འདི་ཡིས་ཚོགས་གཉིས་གསོག་པའི་རྒྱུ། མཆོག་གསུམ་རྒྱལ་བ་རྒྱ་མཚོའི་མཐུ་སྟོབས། རྣམ་དཀར་རྒྱུ་འབྲས་རྟེན་ཅིང་འབྲེལ་འབྱུང་དག་གིས། ྋགོང་ས་རྒྱལ་བ་རིན་པོ་ཆེ་གང་ཉིད་ཀྱི་གཙོས་པའི་འཛམ་གླིང་ས་ཕྱོགས་གང་སར་བཞུགས་བཞིན་པའི་རིས་མེད་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་སྐུ་ཁམས་མི་བཤིག་རྡོ་རྗེའི་ཁམས་སུ་བཞུགས་པ། སྐུར་སྙུན་མི་མངའ་བ། སྐུ་ཁམས་བཟང་བ། སྐུ་ཚེ་རིང་བ། ཐུགས་ཀྱི་བཞེད་དོན་མཐའ་དག་འབད་མེད་ལྷུན་གྱིས་འགྲུབ་པ། འཛམ་གླིང་ས་ཕྱོགས་ཀུན་དུ་ཆར་ཆུ་དུས་སུ་འབབ་པ། ལོ་ཕྱུགས་རྟག་ཏུ་ལེགས་པ། ནད་མུག་འཁྲུག་རྩོད་མེད་པ། འཛམ་གླིང་ཞི་བདེར་གནས་པ། བོད་ཁམས་ཆོས་འབྱོར་གྱིས་བདེ་ཞིང་སྐྱིད་པ། འབྲེལ་ཚད་དོན་དང་ལྡན་པ། མཐོང་ཐོས་དྲན་རེག་ཐམས་ཅད་དུ་འཕགས་མཆོག་ཕྱག་ན་པདྨོས་ཇི་ལྟར་སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་བཞིན་དུ་རྗེས་སུ་བཟུང་བ། མ་གྱུར་སེམས་ཅན་ཐམས་ཅད་འཕྲལ་ཡུན་ཀུན་ཏུ་བདེ་ཞིང་མཐར་ཐུག་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་རྒྱུ་རུ་བསྔོ་བའི་ཆེད་དུ་སྨོན་པ་ཡིན།

ས་བཅད་སོ་བཞི་པ། སྨན་རྩིས་ཁང་དུ་དྲི་ཆུར་བརྟག་ཐབས་ཀྱི་ལག་ལེན་དམར་ཁྲིད།

            བོད་རྒྱལ་ལོ་ ༢༡༤༣ རབ་གནས་མེ་སྤྲེལ་དང་། ཕྱི་ལོ་ ༢༠༡༦།༠༤།༠༢ ཉིན། ྋརྒྱལ་བའི་བླ་སྨན་ཟུར་པ་རྔོག་རིགས་དགེ་སློང་ཡེ་ཤེས་དོན་ལྡན་མཆོག་ལ་སྨན་རྩིས་ཁང་མཐོ་སློབ་ཀྱིས་གདན་ཞུ་ཕུལ་བ་ལྟར། རྡ་ས་སྨན་རྩིས་ཁང་མཐོ་སློབ་ཚོགས་ཁང་དུ་དགེ་སློབ་དག་ལ་ནད་པའི་དྲི་ཆུར་བརྟག་ཐབས་ཀྱི་གཞུང་བཤད་དང་ལག་ལེན་དམར་ཁྲིད། འབྲས་ནད་བཅོས་ཚུལ་སྙིང་སྡུད་བཅས་གསུངས་ཤིང་། དེ་ནས་དགེ་སློབ་རྣམ་པའི་དོགས་དྲི་ལ་ལན་འདེབས་གནང་བ་དང་། ཁྱད་པར་དུ་ནད་པ་ངོ་སྤྲོད་མ་ཞུས་པར་གོ་སྒྲིག་བྱས་པའི་དྲི་ཆུ་མི་འདྲ་བ་བཅུ་ཙམ་ལ་བརྟག་དཔྱད་གནང་བའི་སྐབས་སུ་དྲི་ཆུ་འདིའི་ནད་པས་ཤ་མང་པོ་བཟས་འདུག་ཅེས་ཁ་དམར་གདགས་པར་མཛད་པས། ནད་པ་རང་ཉིད་ལ་དྲི་རྩད་སྐབས་སུ་ངོ་འཕྲོད་ཐུབ་པ་བྱུང་བའི་ངོ་མཚར་བའི་དྲི་ཆུར་བརྟག་ཐབས་ཀྱི་མཁས་པའི་ངང་ཚུལ་བསྟན་ཡོད།

            བོད་རྒྱལ་ལོ་ ༢༡༤༡ རབ་གནས་ཤིང་རྟ་དང་། ཕྱི་ལོ་ ༢༠༡༤།༠༤།༠༡ ཉིན་ལའང་། སྨན་པའི་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་བཅུ་འཁོར་བའི་དུས་དྲན་སྐབས་རྡ་ས་སྨན་རྩིས་ཁང་གི་མཐོ་སློབ་ཚོགས་ཁང་དུ་སྨན་པ་རྣམས་ལ་ནད་པའི་དྲི་ཆུ་བརྟག་ཐབས་ཀྱི་གཞུང་བཤད་ལག་ལེན་དམར་ཁྲིད་ཀྱང་མཛད་པ་རེད།

ས་བཅད་སོ་ལྔ་པ། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱིས་གཡུ་ཐོག་གཟེངས་རྟགས་ཕུལ་བ།

            བོད་རྒྱལ་ལོ་ ༢༡༣༩ རབ་གནས་ཆུ་འབྲུག་དང་། ཕྱི་ལོ ༢༠༡༢  ཟླ་ ༡༠ ཚེས་ ༢༧ ནས་ཉིན་གསུམ་རིང་བོད་ཀྱི་ཆེས་མཐོའི་སྨན་པའི་ལྷན་ཚོགས་དང་།  བོད་གཞུང་སྨན་རྩིས་ཁང་། ཝ་ར་ཎ་སིའི་གསོ་རིག་སྡེ་ཚན། ལྕགས་པོ་རི་བོད་སྨན་སློབ་གཉེར་ཁང་བཅས་ཀྱིས་གོ་སྒྲིག་འོག་རྒྱལ་སྤྱིའི་གསོ་བ་རིག་པའི་ཚོགས་ཆེན་ཐེངས་གཉིས་པ་དེ་གཞུང་འབྲེལ་ཐོག་ནས་འཚོགས་གཏན་ཁེལ་འདུག་པ་དང་དེའི་སྐུ་མགྲོན་གཙོ་བོར། ྋགོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཆིབས་བསྒྱུར་བསྐྱངས་གཏན་ཡང་ཁེལ་སྟབས། ང་ལ་ཡང་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་སྨན་པ་དྲུང་འཚོ་ཚེ་རིང་གཅོད་ལགས་དང་། ཡར་འབྲོག་གམ་པ་སྤྲུལ་འཁོར་གྱི་སྨན་པ་སྐལ་བཟང་དོན་ལྡན་གཉིས་ངའི་སར་ཡོང་ནས། ང་དང་སྨན་པ་བློ་བཟང་ལགས་ཀྱིས་ལོ་མང་སྔོན་ཨ་རིར་བོད་སྨན་ཐོག་ནས་བུད་མེད་ཀྱི་ནུ་འབྲས་ཐོག་ལ་ཞིབ་འཇུག་བྱས་པའི་བརྒྱུད་རིམ་ཆ་ཚང་ལ་བཅར་འདྲི་བྱས་པ་དང་སྦྲགས་ང་ཡང་ཚོགས་འདུ་དེར་ཡོང་དགོས་པའི་རེ་འདུན་བཏོན་གནང་བྱུང་།  

            ཕྱི་ལོ་ ༢༠༡༢།༡༠།༢༧ ཉིན། སྨན་པའི་ལྷན་ཚོགས་ངོས་ནས་ང་ལ་གཡུ་ཐོག་གཟེངས་རྟགས་ཐེངས་གཉིས་པ་དེ་གནང་གཏན་ངེས་ཡོད་པ། ྋགོང་ས་སྐྱབས་མགོན་ཡིད་བཞིན་བུ་མཆོག་ཚོགས་འདུའི་སྐུ་མགྲོན་གཙོ་བོར་ཆིབས་བསྒྱུར་གནང་འཆར་ཡོད་པ། ཁོང་གི་སྐུ་མདུན་ནས་གཟེངས་རྟགས་དེ་ང་ལ་བསྩལ་འཆར་ཡོད་པའི་ཕྱག་བྲིས་ཤིག་གནང་འབྱོར་བྱུང་། ྋརྒྱལ་བ་རིན་པོ་ཆེའི་བཀའ་སློབ་ལམ་སྟོན་འོག་ངས་ད་བར་སྲི་ཞུ་མི་དམན་ཙམ་བསྒྲུབས་ཁུལ་བྱས་པ་དང་ཆབས་ཅིག་ཏུ། ཚེ་གང་པོར་ཉམ་ཐག་པའི་ནད་པ་མང་པོར་གང་ཐུབ་ཀྱིས་སྨན་བཅོས་ཞབས་ཞུ་བསྒྲུབས་དང་སྒྲུབ་བཞིན་ཡོད་པ་དེར་ངོས་འཛིན་གནང་བ་ཞིག་རེད། ངས་ཁོང་རྣམ་པ་འབྲེལ་ཡོད་ཚང་མར་སྙིང་ཐག་པས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། དེ་ཡང་གཙོ་བོ་ྋགོང་ས་སྐྱབས་མགོན་ཆེན་པོའི་བླ་ན་མེད་པའི་མཁྱེན་དཔྱོད་དང་གཞལ་བར་དཀའ་བའི་ཐུགས་ཀྱི་བྱམས་བརྩེའི་བཀའ་དྲིན་ལས་བྱུང་བ་ཤ་སྟག་རེད། ྋརྒྱལ་བ་རིན་པོ་ཆེ་མཆོག་ཐུགས་དགྱེས་པའི་མཆོད་སྤྲིན་ཕྲན་བུར་འགྲོ་ཐུབ་པ་དང། ལྷག་པར་བོད་མིའི་བསོད་ནམས་ཀྱི་གོ་སྐལ་དང་། ཡང་སྒོས་འཛམ་གླིང་ཞི་བདེའི་ཆེད་དུ་མགོན་པོ་གང་ཉིད་ཀྱི་སྐུ་ལ་སྙུན་མི་མངའ་བ་དང་། སྐུ་ཁམས་གསལ་དྭངས་དང་། སྐུ་ཚེ་མི་བཤིག་རྟག་བརྟན་གཡུང་དྲུང་རྡོ་རྗེའི་ངོ་བོར་བརྟན་པའི་རྒྱུ་རུ་འགྲོ་བའི་སྨོན་ལམ་འདེབས་བཞིན་ཡོད་པ་བཅས་ངའི་མི་ཚེའི་ལོ་རྒྱུས་འདྲ་པོ་བཤད་ན་དེ་འདྲ་ཞིག་རེད།

            སྤྱིར་བཏང་དཔྱིད་ཉི་མ་རིང་པོ་དྲོ་གསུམ་གྲང་གསུམ། མི་ཚེ་རིང་པོ་སྐྱིད་གསུམ་སྡུག་གསུམ་ཟེར་བའི་དཔེ་དེ་བཞིན་རེད། མི་ཚེ་རིང་པོ་གཅིག་གི་མི་ཚེའི་ནང་དུ་བྱ་བ་གང་བྱས་པ་ཚང་མ་བཤད་དགོས་བྱུང་ན་བཤད་ནས་རྫོགས་རྒྱུ་མེད་པ་ཞིག་ཚང་མར་ཡོད་ཡོད་པ་རེད། ཡིན་ནའང་ད་ཆ་ང་ལོ་ཏོག་ཙམ་ཡར་མཐོ་པོ་བསླེབས་ཙང་སྔོན་མའི་གནས་ཚུལ་ཆ་ཚང་བ་ཞིག་ཁ་ཐུག་ཁ་ཐུག་ལ་ཏག་ཏག་ཅིག་དྲན་གྱི་མི་འདུག མི་ལོ་རྒས་ན་དྲན་ཤེས་ཚང་མ་རིམ་པས་རང་བཞིན་གྱིས་ཉམས་འགྲོ་གི་འདུག ཁྱེད་རང་ཚོས་དྲི་བ་གང་དྲིས་པ་དེ་དག་གི་ལན་དུ་དུས་ཐོག་ཡིད་ལ་གང་དྲན་པ་རྣམས་མདོར་བསྡུས་ཙམ་ཞིག་ཞུས་པ་ཡིན།

ས་བཅད་སོ་དྲུག་པ། བོད་གཞུང་སྨན་རྩིས་ཁང་གིས་གཟེངས་བསྟོད་ཕུལ་བ།

            བོད་རྒྱལ་ལོ་ ༢༡༤༣ རབ་གནས་མེ་སྤྲེལ་དང་། ཕྱི་ལོ་ ༢༠༡༦།༠༣།༢༣ ཉིན། རྡ་རམ་ས་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྨན་རྩིས་ཁང་ལོ་བརྒྱ་འཁོར་བའི་དུས་དྲན་མཛད་སྒོའི་སྐུ་མགྲོན་གཙོ་བོར། ྋསྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་སྐུ་འཕྲེང་བཅུ་བཞི་པ་མཆོག་ཆིབས་བསྒྱུར་མཛད་པ་དང་། མཛད་སྒོའི་དབུས་སུ་ཁོང་གིས་ཐུགས་དགྱེས་ཚོར་གྱི་གཟིགས་པ་རབ་ཏུ་ཆེན་པོས་སྨན་རྩིས་ཁང་གི་གཟེངས་བསྟོད་སངས་རྒྱས་སྨན་བླའི་སྐུ་ཐང་དེ་སྩལ་གནང་བ་རེད།

            ྋརྒྱལ་བའི་བླ་སྨན་ཟུར་པ་རྔོག་རིགས་དགེ་སློང་ཡེ་ཤེས་དོན་ལྡན་མཆོག་གིས། སྤྱིར་བོད་ཀྱི་གསོ་བ་རིག་པའི་བསྟན་པར་ལེགས་སྐྱེས་ཞབས་འདེགས་དང་། བྱེ་བྲག་ཏུ་ྋགོང་ས་མཆོག་ལ་བློ་སྙིང་བྲང་གསུམ་ཡོངས་སུ་གཏད་དེ་ཁོང་གི་རྗེས་སུ་བསྙེགས་ནས་བཙན་བྱོལ་དུ་ཕེབས་པ་ནས་བཟུང་སྟེ་རྒྱ་གར་འཕགས་པའི་ཡུལ་གྱི་གནས་མཆོག་བཞུགས་སྒར་རྡ་རམ་ས་ལར། ྋགོང་ས་མཆོག་གིས་ཐོག་མར་སྨན་སྦྱིན་ཁང་གསར་འཛུགས་བསྐྱངས་པ་དེའི་འགན་འཛིན་དང་། སྨན་པ་དང་། དགེ་རྒན་བཅས་གཅིག་ལྕོགས་སུ་བསྐོ་གཞག་སྩལ་བ་ལྟར་གྱི་མཛད་འགན་ལྷག་བསམ་རྣམ་དག་གིས་བཞེས་པ་སོགས། མདོར་ན་ཉག་ཕྲ་བའི་དུས་སུ་བོད་ཀྱི་གསོ་བ་རིག་པའི་བསྟན་པའི་མེ་རོ་ལ་ཤིང་བུ་བུས་ནས་མེ་ལྕེ་དམར་པོ་གྱེན་དུ་འཕྱུུར་བར་སྔ་བར་ཕྱི་གསུམ་གྱི་ཞབས་འདེགས་ཕུལ་བྱུང་ཞུས་པར་བོད་གཞུང་སྨན་རྩིས་ཁང་གིས་གཟེངས་བསྟོད་ཕུལ་བ་ཞིག་རེད། དེ་ཙམ་དུ་མ་ཟད།

            བོད་རྒྱལ་ལོ་ ༢༡༡༤ རབ་གནས་མེ་ཡོས་ཟླ་བ་ ༡ ཚེས་ ༢༣ དང་། ཕྱི་ལོ་ ༡༩༨༧།༠༣།༢༣ ཉིན། བོད་གཞུང་སྨན་རྩིས་ཁང་གིས་སྨན་རམས་པ་ཆེ་བའི་ཕྱག་འཁྱེར་ཡང་ཕུལ་བ་རེད། ཕྱག་འཁྱེར་དེའི་ནང་དུ། ལྷ་ལྡན་སྨན་རྩིས་ཁང་དུ་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ལ་རིགས་གཅིག་རྐང་འཛིན་གྱིས་སྨན་རམས་པ་ཆེ་བའི་གཞུང་ཚད་ལ་སྦྱངས་བརྩོན་མཐར་ཕྱིན་བགྱིས་ཏེ་གཞུང་བཤད་ལག་ལེན་གདམས་ངག་གི་མཛོད་འཛིན་དུ་གྱུར་པའི་ལག་འཁྱེར་དུ། ཞེས་བཀོད་གནང་ཡོད་པ་སོགས་ཀྱི་ཆེ་མཐོང་ཕུལ་ཡོད་པ་རེད།

ས་བཅད་སོ་བདུན་པ། རྒྱ་གར་གཞུང་གིས་རྒྱལ་ཁབ་རང་གི་སྙན་གྲགས་ཆེ་བའི་པདྨ་ཤྲཱི་གཟེངས་རྟགས་སྩལ་པ།

            བོད་རྒྱལ་ལོ་ ༢༡༤༥ རབ་གནས་ས་ཁྱི་དང་། ཕྱི་ལོ་ ༢༠༡༨།༠༣།༢༠ ཉིན། སྲིད་འཛིན་ཕོ་བྲང་Rashtrapati Bhawan ནང་དུ་རྒྱ་གར་དབུས་གཞུང་གི་སྲིད་འཛིན་བཅུ་བཞི་པ་ Ram Nath Kovind  མཆོག་གིས། རྒྱལ་ཁབ་རང་གི་སྙན་གྲགས་ཆེ་བའི་པདྨ་པུརསྐཱར་ (PADMA AWARD) ཞེས་པ་ཡུལ་མི་ཆེ་བསྟོད་གཟེངས་རྟགས་དེ་སྩལ་གནང་བ་རེད། དེ་ནི་ཁོང་གིས་མི་ཚེ་གང་པོར་བོད་ཀྱི་གསོ་བ་རིག་པའི་ཐོག་ནས་རིས་མེད་འགྲོ་བ་ནད་པ་དང་། ལྷག་པར་དུ་འབྲས་ནད་ཐོག་ལ་སྨན་བཅོས་མཛད་པའི་བྱས་པ་འབུར་དུ་ཐོན་པའི་འཕྲོད་བསྟེན་ཞབས་ཞུ་བླ་མེད་ཞུས་པར་ངོས་འཛིན་གྱིས་གཟེངས་བསྟོད་དེ་ཁོང་ལ་སྩལ་བ་རེད།

            དེ་ཡང་རྒྱ་གར་དབུས་གཞུང་གིས་པར་དུ་བཏབ་པའི་ Padma Awards 2018, Rashtrapati Bhawan, New Delhi  ཞེས་བཀོད་པའི་དེབ་ཏུ་ Dr. Yeshi Dhonden is sa former personal physician to His Holiness the 14th Dalai Lama. He has become a well known physician in India, due to his miracle and tangible treatments for cancer, one of the major causes of death all over the world. ཞེས་དང་།

            གཞན་ཡང་། In 1970, under the instruction of His Holiness the Dalai Lama, Dr. Dhonden paid a visit to Spain for medical consultations and participation in the international seminar on Tibetan Medicine. Unprecedently, He hosted the Tibetan national Flag fluterring in the conference hall and gave an impressice presentation on Tibetan Medicine, therby being awarded with Gold Medal. ཞེས་གསལ་འདུག

            གཏམ་བཟང་གི་གནས་ཚུལ་དེ་དག་ནི་སྤྱིའི་ཆ་ནས་བོད་གངས་ཅན་ལྗོངས་ཀྱི་རིག་གནས་ཆེ་བ་ལྔའི་ཡ་གྱལ་དུ་གྱུར་པ་གསོ་བ་རིག་པའི་མཚན་མཐོང་གོང་དུ་བཏེགས་པ་ཙམ་མ་ཟད། ྋརྒྱལ་བའི་བླ་སྨན་པ་ཞིག་གིས་སྐུ་ཚེ་ཧྲིལ་པོར་ཉམ་ཐག་པའི་ནད་པ་གསོ་བཅོས་མཛད་པའི་གསོ་རིག་གི་བསྟན་པར་ལོ་རྒྱུས་རང་བཞིན་ལྡན་པའི་མཛད་རྗེས་བླ་ན་མེད་པ་ཞིག་ཏུ་གྱུར་པ་ནི་སྨྲོས་ཅི་དགོས་ལ། གཞན་ཡང་བོད་རིགས་ཡོངས་དང་ཁྱད་པར་དུ་བོད་གཞུང་སྨན་རྩིས་ཁང་གི་རིག་གཞུང་དང་འཛིན་སྐྱོང་ཟུང་གི་ལས་བྱེད་ཡོངས་ཀྱིས་གཉུག་མའི་དགའ་སྤོབས་བྱས་དང་བྱེད་ཀྱིན་པའི་གནས་སུ་གྱུར་ཡོད། 

            ༢༠༡༨།༠༡།༢༦ སྟེ་རྒྱ་གར་མང་གཙོ་ཉིན་མོར་མི་སྣ་གྲངས་ ༨༥ ལ་པདྨའི་གཟེངས་རྟགས་དབུལ་རྒྱུའི་གསལ་བསྒྲགས་སྤེལ་བ་རེད། པདྨའི་གཟེངས་རྟགས་ལ་ནང་གསེས་གསུམ་ཡོད་པ་སོ་སོར་ཕྱེས་ན། ༡ པདྨ་བིབྷཱུཥཎ་ (པད་མ་ཤིན་ཏུ་བརྒྱན་པ) ཞེས་པ་དེ་མི་གྲངས་གསུམ་ལ་སྩལ། ༢ པདྨ་བྷཱུཥཎ་ (པད་མ་བརྒྱན་པ) ཞེས་པ་དེ་མི་གྲངས་དགུ་ལ་སྩལ། ༣ པདྨ་ཤྲཱི་ (པད་མ་དཔལ) ཞེས་པ་དེ་མི་གྲངས་དོན་གསུམ་ལ་སྩལ་བ་རེད། གཟེངས་རྟགས་དེ་ཕྱི་ལོ་ ༡༩༥༤ ལོ་ནས་འགོ་འཛུགས་བྱས་པ་ཡིན་ཞིང་དེ་ཡང་རྒྱ་གར་གྱི་མི་སེར་ཡིན་པ་དང་། རྒྱ་གར་གྱི་མི་སེར་མིན་ནའང་རྒྱ་གར་ནང་དུ་རིག་གནས་འདྲ་མིན་ཐོག་ལ་འབུར་དུ་འཐོན་པའི་བྱས་པ་བཞག་པའི་གང་ཟག་རྣམས་ལ་ལོ་ལྟར་ཕུལ་གྱི་ཡོད། རིག་གནས་འདྲ་མིན་ནི། སྒྱུ་རྩལ། རྩོམ་རིག  ཤེས་ཡོན། རྩེད་མོ། སྤྱི་ཚོགས་ཞབས་ཞུ། སྨན། ཚན་རིག  བཟོ་རིག་གནས། ཞི་བདེའི་སྲི་ཞུ། མང་ཚོགས་ཀྱི་བདེ་སྡུག  འཚོང་ལས་བཅས་ཀྱི་སྡེ་ཚན་རྣམས་ཡིན།

ས་བཅད་སོ་བརྒྱད་པ། མཐར་སྐུ་ཚེའི་འཕེན་པ་རྫོགས་པ།

            བོད་རྒྱལ་ལོ་ ༢༡༤༦ རབ་གནས་ས་ཕག་དང་། བོད་ཟླ་དགུ་པའི་ཚེས་ ༣༠ རེས་གཟའ་མིག་དམར།   ཕྱི་ལོ་ ༢༠༡༩།༡༡།༢༦ ཉིན་གྱི་ཞོགས་པ་ཐོ་རེངས་ཚོུད་ ༢༥༢ ཐོག་གང་ཉིད་དགུང་ནའི་བབ་དང་བསྟུན་ཏེ་བཞུགས་སྒར་རྡ་ས་ལའི་གཟིམ་ཤག་ཏུ་བོད་ལུགས་ཀྱི་དགུང་ན་ ༩༣ དང་ཕྱི་ལུགས་ཀྱི་དགུང་ན་ ༩༢ ཐོག་དམིགས་བསལ་གྱི་སྙུང་གཞི་སོགས་གང་ཡང་མེད་པར་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་རེད། ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་གསན་དང་སྦྲགས་ཚེ་རབས་རྗེས་འཛིན་གྱི་བསྔོ་སྨོན་སྐྱབས་འཇུག་ཞུས། དེ་རྗེས་ཐུགས་གསོའི་ཆེད་དུ་རྒྱ་གར་དབུས་སའི་ཆེ་མཐོའི་སྐུ་ཚབ། དབུས་བོད་སྒྲིག་འཛུགས་ནས་བཀའ་ཤག་གི་སྐུ་ཚབ་འཕྲོད་བསྟེན་བཀའ་བློན་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་། ྋསྐུ་བཅར་བླ་སྨན་རྣམ་པ་དང་། བོད་གཞུང་སྨན་རྩིས་ཁང་གི་འགན་འཛིན་མཆོག་དང་། གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་དང་དྲུང་ཆེ་མཆོག་དང་། དབུས་གཙང་ཆོལ་ཁའི་ཚོགས་གཙོ་མཆོག་གི་གཙོས་པའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་དང་། རྡ་རམ་ས་ལར་སྙུགས་མར་གནས་པའི་སེར་སྐྱ་མི་མང་འབོར་ཆེན། རྒྱ་གར་དང་བོད་པའི་གསར་འགོད་རྣམ་པ་བཅས་མྱ་ངན་ཐུགས་གསོའི་ཆེད་དུ་བཅར།

            དེ་རྗེས་ཁོང་གི་ཤག་ཚང་སྨན་པ་བློ་བཟང་ལགས་ཀྱི་ནང་མི་ལྷན་རྒྱས་དང་། དམ་པ་གང་ཉིད་ཀྱི་དངོས་སློབ་སྨན་པ་སྐལ་བཟང་དོན་ལྡན་མཆོག་གིས་ཐུགས་འགན་གཙོ་བཞེས་ཀྱིས་བོད་བརྒྱུད་ནང་བསྟན་སྲོལ་རྒྱུན་ཆོས་ཕྱོགས་ཀྱི་ལམ་སྲོལ་ལྟར་འདས་མཆོད་གནང་སྒོ་ཁག་ལེགས་པར་བསྐྱངས། མཐར་ཕྱི་ཚེས་ ༢༩ ཉིན་གྱི་ཞོགས་པའི་ཚོུད་དྲུག་པའི་ཐོག་དབུས་གཙང་ཆོལ་ཁའི་ཚོགས་གཙོ་བྱམས་པ་ཆོས་འཕེལ་གྱི་སྣེ་པའི་དབུས་གཙང་དབུས་ས་དང་། བོད་གཞུང་སྨན་རྩིས་ཁང་། ལྷོ་ཁ་སྐྱིད་སྔུག་སོགས་ཀྱིས་གོ་སྒྲིག་འོག་སྐུ་ཕུང་གཞུག་འབུལ་གྱི་མཛད་སྒོ་ལེགས་པར་གནང་། སྐུ་ཕུང་གཞུག་འབུལ་མཛད་སྒོའི་ཐོག་རྒྱ་གར་མངའ་སྡེ་གཞུང་གི་སྐུ་ཚབ། ས་གནས་ཀང་རའི་རྫོང་དཔོོན་དང་རྫོང་དཔོན་གཞོན་པ། ཉེན་རྟོག་སྤྱི་ཁྱབ་པ། ཨས་སི་ཀྱིམ་སར་ཕེབས་ཏེ་ཁོང་རྣམ་པས་རྒྱ་གར་མི་རིགས་ཀྱི་གོམས་སྲོལ་ལྟར། དམ་པ་གང་ཉིད་ཀྱི་སྐུ་ཕུང་ལ་ཆེས་གུས་འདུད་ཀྱིས་མེ་ཏོག་སོས་པ་ཕུལ་ཏེ་གདུང་ཤུགས་དྲག་པོས་མྱ་ངན་གྱི་རྣམ་པ་མཚོན་པར་བྱས། སྐུ་ཕུང་གཞུག་འབུལ་གྱི་མཛད་སྒོར་བོད་མི་མང་སྤྱི་འཐུས་རྒྱུན་ལས་དང་། རྡ་རམ་ས་ལའི་ས་གནས་འགོ་འཛིན་སོགས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་འགོ་ལས་དང་། བོད་གཞུང་སྨན་རྩིས་ཁང་གི་འགན་འཛིན་གྱི་གཙོས་དགེ་སློབ་ལས་བྱེད་དང་བཅས་པས་བཀྲིན་རྗེས་དྲན་ཆེད་དུ་བཅར་གནང་བ་རེད། དམ་པ་གང་ཉིད་དགོངས་པ་རྫོགས་པ་ནས་བདུན་ཚིགས་སོ་སོའི་ཆོ་ག་དང་། དེ་བཞིན་དུ་ཞག་ཞེ་དགུ་བར་དུ་དམ་པ་ཁོང་གི་ཤག་ཚང་སྨན་པ་བློ་བཟང་བསྟན་འཛིན་ལགས་ཀྱིས་གདན་ས་ཆེན་པོ་གསུམ་དང་། རིས་མེད་དགོན་སྡེ་དང་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་དང་། སྐྱབས་ཡུལ་དགེ་འདུན་པ་རྣམ་པར་མཆོད་འབུལ་ཚོགས་མཆོད་གཏོང་སྒོ་རྒྱ་ཆེར་བསྐྱངས།

            དམ་པ་གང་ཉིད་ང་ཚོ་དང་དུས་གཏན་དུ་ཞལ་བྲལ་བ་ཡིན་ན་ཡང་ཁོང་གིས་བོད་ཀྱི་གསོ་རིག་ཐོག་བཞག་གནང་མཛད་པའི་མཛད་རྗེས་ནི་འཇིག་རྟེན་འདིའི་ཐོག་གསོན་པོར་གནས་ཡོད་ལ། ྋགོང་ས་སྐྱབས་མགོན་ཆེན་པོའི་སྐུ་ཡི་བླ་སྨན་པའི་ཐུགས་འགན་ལོ་ངོ་ཉི་ཤུའི་རིང་ཆེར་བཞེས་ཀྱིས་མགོན་པོ་གང་གི་ཆོས་སྲིད་ཟུང་གི་མཛད་འཕྲིན་བསྐྱངས་རྒྱུར་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་ལེགས་སྐྱེས་ཕུལ་གནང་མཛད་ཡོད་པར་བརྟེན་བོད་ཀྱི་དེང་རབས་གསོ་རིག་གི་ལོ་རྒྱུས་ཐོག་ལམ་ཚད་ཀྱི་རྡོ་རིང་ལྟ་བུའི་རིན་ཐང་དང་དོན་སྙིང་ལྡན་ཡོད།

ཕྱི་ལོ་ ༢༠༡༨།༠༣།༢༠ ཉིན་རྒྱ་གར་གཞུང་གིས་ཆེས་མཐོའི་གཟེངས་རྟགས་པདྨ་ཤྲཱི་སྩལ་གནང་མཛད་པ་དེས་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་བོད་ཀྱི་གསོ་རིག་གི་བསྟན་པ་གོང་དུ་བཏེགས་པ་མ་ཟད་དེའི་བྱ་གཞག་གོང་འཕེལ་འགྲོ་རྒྱུར་ཡངས་ཤིང་རྒྱ་ཆེ་བའི་མདུན་བསྐྱོད་ཆེན་པོ་ཞིག་གསར་གཏོད་མཛད་ཡོད་པ་བཅས་སོ།།  །།





ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།