སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

བླ་སྨན་ཆེན་པོ་ཐབས་མཁས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.09.2017
གསོ་རིག་མཁས་དབང་རིམ་བྱོན། >>


བླ་སྨན་ཆེན་པོ་ཐབས་མཁས་པ།

- བྱམས་པ་འཕྲིན་ལས།

 

            བླ་སྨན་ཆེན་པོ་ཐབས་མཁས་ཞེས་པ་ནི། ལྷོ་ཁ་ཡར་ལུང་ཤམ་པོའི་འདབས་སུ་སྐུ་འཁྲུངས(བཙས་ལོ་མ་རྙེད)། དགུང་ལོ་བཅུ་གཅིག་ལ་ཕེབས་དུས་འཕྱོངས་རྒྱས་རི་བོ་ཆོས་གླིང་དགོན་དུ་ཆོས་ཞུགས་མཛད་དེ་ཡིག་རིགས་དང་། འདོན་ཆ་བསླབས། དགུང་ཕྲེང་བཅུ་གསུམ་པ་ལ་སྔོན་གོམས་བག་ཆགས་སད་པ་ལྟ་བུས་གསོ་དཔྱད་སློབ་པར་དགོངས་ཏེ་ལྷོ་ཁ་ཁུལ་གྱི་ཚེ་རིག་མཁས་ཆེན་སྦང་ཆི་འཚོ་བྱེད་(1)ཅེས་པའི་དྲུང་དུ་སྨན་སྦྱངས་ནས་ལོ་བཅོ་ལྔར་མ་ཕེབས་བར་དུ་གསན་སྦྱོང་གིས་རྩ་རྒྱུད་དང་། བཤད་རྒྱུད། མན་རྒྱུད་ཚད་པའི་ལེའུ་བཅུ་དྲུག་སོགས་ཐུགས་འཛིན་གནང་། དགུང་ལོ་བཅུ་དྲུག་ལ་ཕེབས་དུས་རང་གི་སློབ་དཔོན་སྦང་ཆི་འཚོ་བྱེད་ཀྱི་ཞལ་སྔ་ནས་ལྷ་ས་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་དུ་ཕེབས་དགོས་པའི་ཞལ་གདམས་བཀའ་སློབ་གནང་བ་གཞིར་བཟུང་དགུང་ལོ་བཅུ་དགུ་བར་དུ་གསོ་རིག་སྦྱངས་ནས་མན་རྒྱུད་དང་ཕྱི་རྒྱུད་ཆ་ཚང་། དེ་མིན་སྨན་མདོ་བརྒྱ་པ་སོགས་ཐུགས་འཛིན་ལེགས་པར་མཛད་རྗེས། དགུང་ལོ་ཉི་ཤུ་པར་འདུས་ཚོགས་དབུས་སུ་ཚོགས་རྒྱུགས་ཕུལ་ཞིང་། དགུང་ཕྲེང་ཉེར་གཅིག་ཐོག་ལྷ་ལྡན་སྨོན་ལན་ཆེན་མོའི་སྐབས་སུ་སྨན་རམས་པའི་དམ་བཅའ་བཞག་ནས་མཁས་པའི་གོ་ས་ཐོབ།
 

            དེ་ནས་དགུང་གྲངས་ཉེར་ལྔའི་བར་དུ་སྨན་གཞུང་རྣམས་ལ་མུ་མཐུད་བསྐྱར་སྦྱོང་དང་། ལག་ལེན་གྱི་སྟེང་དུ་སྒྲོ་འདོགས་བཅད་དེ་བཞུགས། དགུང་གྲངས་ཉེར་དྲུག་ཐོག་སྐབས་དེའི་བོད་ས་གནས་ཀྱི་སྲིད་དབང་འཛིན་མཁན་མི་དབང་བསོད་ནམས་སྟོབས་རྒྱལ་ལམ་ཕོ་ལྷ་ཐའི་ཇི་ཞེས་པའི་བླ་སྨན་མཛད། དགུང་ལོ་སུམ་ཅུར་ཕེབས་སྐབས་མཚོ་སྔོན་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱི་མི་བརྒྱུད་ནས་གདན་འདྲེན་ཞུས། བདེ་ཆེན་དཔོན་སློབ་འཇམ་དབྱངས་དཔལ་ལྡན་སོགས་ཕྱོགས་ཀྱི་སྨན་པ་མང་པོ་བསྐྱེད་བསྲིངས་གནང་སྟེ་མཚོ་སྔོན་ཁུལ་དུ་གསོ་རིག་བསྟན་པ་རྒྱ་ཆེར་སྤེལ་ཞིང་མདོ་སྨད་བྱང་རྒྱུད་ཀྱི་དགོན་ཆེན་རྣམས་སུའང་དམ་པ་དེའི་སློབ་རྒྱུན་མང་དུ་བཞུགས།
 

            དགུང་ལོ་བཞི་བཅུ་པ་ལ་སླར་ཡང་དབུས་སུ་ཕྱིར་ལོག་བྱོན་ཏེ་ལྕགས་པོ་རིར་བཞུགས། དགུང་ཕྲེང་བཞི་བཅུ་ཞེ་བརྒྱད་ལ་མི་དབང་ཕོ་ལྷའི་བཀའ་ལྟར་སློབ་མ་བཅུ་དྲུག་ལ་ཆེད་དུ་གསོ་རིག་སློབ་པར་མཛད། དེའི་ནང་གི་ཐུགས་ཟིན་གྱི་སློབ་མ་ནི་གཙང་སྨན་ཡི་ཤེས་བཟང་པོ་ཡིན། གཞན་ཡང་སྔ་ཕྱི་ཀུན་དུ་ཁོང་གིས་ཕྱག་འཁྲིད་གནང་བའི་སློབ་མ་བརྒྱ་དང་སུམ་ཅུ་སོ་སྔ་ཙམ་བྱུང་། དགུང་གྲངས་ལྔ་བཅུ་པ་ལ་མི་དབང་བསོད་ནམས་སྟོབས་རྒྱལ་གྱིས་རིམ་གྲོར་རིན་ཆེན་རིལ་བུའི་སྦྱོར་བ་མཛད་ཅིང་། དེའི་ལག་ལེན་མྱོང་གྲུབ་རྣམས་གཙང་སྨན་ཡེ་ཤེས་བཟང་པོ་དང་། དེ་མིན་རོང་ཆེན་ཕྱོགས་སུ་ཡོད་པར་གྲགས་(དེ་ནི་སྙེ་མོ་ཚ་ལྡན་སློབ་མ་ཡེ་ཤེས་ཟེར)། དགུང་ལོ་དགུ་བཅུ་བཞེས་དུས་དབུས་གཙང་ནས་སློབ་མ་ལྔ་བརྒྱ་འདུས་ཏེ་རིལ་ནག་ཆེན་པོའི་ལག་ལེན་བསྩལ་ཞིང་། རིན་ཆེན་ཚ་སྦྱོར་ཆེན་མོ་དང་། གྲང་སྦྱོར། རྟ་བཟི་ཆེ་ཆུང་སོགས་ཀྱི་ཕྱག་བཞེས་སློབ་འཁྲིད་གནང་བས་སྡེ་པ་གཞུང་ནས་གནང་སྦྱིན་དང་བཀའ་ཤོག་ཐམ་ཀ་བཅས་བསྩལ། པན་ཆེན་བློ་བཟང་ཡེ་ཤེས་དགུང་ལོ་བདུན་ཅུའི་ཐོག་འབམ་གྱི་བསྙུན་གཞི་བཞེས་དུས། ལ་མོ་ཆོས་སྐྱོང་གི་ལུང་བསྟན་ལས། བླ་སྨན་ཆེན་པོ་འདི་ལ་སྔོན་གྱི་དྲང་སྲོང་སྨན་མཁས་དག་གི་རྣམ་སྤྲུལ་དུ་གསུངས་པ་ལྟར་ཐུགས་བརྟག་བབས་ནས་གཙང་དུ་ཕེབས་ཏེ་པཎ་ཆེན་མཆོག་གི་སྐུའི་བསྙུན་གཞི་དྭངས་པར་བྱས་པས་བདག་རྐྱེན་ཐོབ། དགུང་ལོ་དགུ་བཅུ་གོ་བརྒྱད་ཐོག་སྐུ་ཚེའི་འཕེན་པ་རྫོགས་པ་བཅས་བླ་སྨན་ཆེན་པོ་ཐབས་མཁས་མཆོག་གི་སྐུ་ཚེ་གཅིག་ལ་མཚོ་སྔོན་དང་། དབུས་གཙང་བཅས་པར་འགྲོ་ཕན་རྒྱ་ཆེིར་སྤེལ་བ་དང་། ལྷག་ཏུ་ལྕགས་རི་བཻཌཱུརྱ་གླིང་གི་མཐོང་བརྒྱུད་ཕྱག་ལེན་བཟང་པོ་བརྒྱུད་འཛིན་ཐུབ་པའི་སློབ་མ་མང་པོ་གསོ་སྐྱོང་མཛད་པ་སོགས་སོ་སྐྱེ་ཕལ་པའི་སྤྱོད་ཚུལ་ལས་འདས་ཤིང་། དམ་པའི་ངང་ཚུལ་འགོག་མེད་དུ་འཆར་བ་འདི་ནི། རྩ་རྒྱུད་གླེང་གཞིའི་ནང་གསལ་ལྟར་འདི་ནི་རང་གི་ལུས་ངག་ཡིད་གསུམ་ཉེས་པ་མེད་པར་དྲང་པོར་བསྲངས་ནས་གཞན་གྱི་ཉེས་པ་མ་སྙོམས་པ་སྙོམས་པར་བྱེད་པས་ན་དྲང་སྲོང་གི་ལུགས་ཞེས་བྱའོ་གསུངས་པ་ལྟར་དོན་དུ་སྨན་མཁས་དྲང་སྲོང་རིང་ལུགས་འཛིན་མཁན་འཁྲུལ་བྲལ་ངེས་རྙེད་ཅིག་ཡིན་པ་རྣམ་ཐར་ལས་གསལ་པོར་རྟོགས་པར་འགྱུར་རོ།།

 

མཆན་བུ།

(1) སྦང་ཆི་འཚོ་བྱེད་ཅེས་པ་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་དངོས་སློབ་གཙོ་བོ་ངག་དབང་སངས་རྒྱས་དཔལ་བཟང་གི་མཚན་ཡིན། ད་ལྟ་སྨན་རྩིས་ཁང་གི་དཔེ་མཛོད་ཁང་དུ་གསོ་རིག་མཁས་པ་སྦང་ཆི་བ་ངག་དབང་དཔལ་བཟང་གིས་མཛད་པའི་(ཉམས་ཡིག་འདོད་རྒུའི་དཔལ་སྟེར་)ཞེས་པ་བྲིས་མ་ཤོག་གྲངས་ཉེར་ལྔ་བྱས་པ་ཞིག་ཡོད་དོ།།
 

- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་འདོན་ཞུས།


 

 

མཐའ་མའི་འདོན་ཐེངས་།: 20.09.2017 ཉིན། 2:45 PM

<< སྔ་མ།