སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

ཀརྨ་ངེས་དོན་བསྟན་འཛིན་འཕྲིན་ལས་རབ་རྒྱས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.11.2017
གསོ་རིག་མཁས་དབང་རིམ་བྱོན། >>


ཀརྨ་ངེས་དོན་བསྟན་འཛིན་འཕྲིན་ལས་རབ་རྒྱས།

- བྱམས་པ་འཕྲིན་ལས།
 

            ཀརྨ་ངེས་དོན་བསྟན་འཛིན་འཕྲིན་ལས་རབ་རྒྱས་སམ། མཚན་གཞན་ཀརྨ་རཏྣ་ཞེས་པ་ནི། རབ་བྱུང་བཅུ་གསུམ་པའི་ལྕགས་སྟག་(སྤྱི་ལོ་1770)ལོར་འཁྲུངས། ཡབ་ཡུམ་དང་མཛད་རྣམ་སྐོར་གྱི་ཡིག་ཆ་མ་མཇལ་རུང་། 《འཆི་མེད་ནོར་ཕྲེང་》གི་མཇུག་བྱང་དུ།
 

            དེང་དུས་རྒྱལ་བསྟན་དྲི་མ་མེད་པ་ཉིད། །མིང་གི་ཆ་ཙམ་སྒྲ་འཛིན་རྒྱན་གྱུར་པ། །དེ་དང་མཉམ་དུ་འཆི་མེད་སྦྱོར་བ་ཡང་། །ཤིན་ཏུ་ལྷོད་པ་ཉམས་ཕྲའི་སྐབས་སུ་གྱུར། །འོན་ཀྱང་རྒྱལ་རྣམས་སྲས་གྱུར་ཀུན་མཁྱེན་རྗེ། །ཕྱོགས་ལས་རྣམ་པར་རྒྱལ་བའི་པཎ་ཆེན་མཆོག །འཛམ་གླིང་མཁས་གང་སྐྱེ་ཚོགས་གཙུག་གི་རྒྱན། །འཇམ་མགོན་བསྟན་པའི་ཉིན་བྱེད་དུས་འདིར་གསལ། །གང་གི་བཀའ་དྲིན་ཉི་འོད་འབར་བའི་གཟིས། །མཁས་དབང་རྒྱ་མཚོའི་སློབ་ཚོགས་མེ་ཏོག་གི། །ལེགས་བཤད་གེ་སར་དྲི་བསུང་མཛེས་འཛིན་པས། །ཕྱོགས་ཀྱི་བུ་མོའི་གོ་སྐབས་དོག་པོར་བྱས། །ཞེས་གང་ཉིད་འཚོ་གཞེས་དུས་རྒྱལ་བསྟན་ཉམས་ཆག་བྱུང་བ་དང་ཆབས་ཅིག་སྨན་དཔྱད་ཀྱང་ཉམས་རྒུད་དུ་གྱུར་པའི་སྐབས་སུ་འཇམ་མགོན་བསྟན་པའི་ཉིན་བྱེད་ཀྱི་ཐུགས་རྗེས་སླར་ཡང་གོང་འཕེལ་ཆེས་ཆེར་བྱུང་བ་དང་འབྲེལ་བརྒྱུད་འཛིན་སློབ་མ་མང་དག་ཐོན་ཞིང་། ཁོང་ཚོའི་སྙན་གྲགས་ཡུལ་གྲུ་ཀུན་ཏུ་ཁྱབ་པ་ཞིག་བྱུང་བའི་ནང་ཀརྨ་ངེས་དོན་བསྟན་འཛིན་འཕྲིན་ལས་རབ་རྒྱས་ནི་ཞལ་སློབ་ཕུལ་དུ་བྱུང་བའི་གྲས་ཤིག་ཡིན།
 

            རབ་བྱུང་བཅུ་གསུམ་པའི་ས་བྱ་(སྤྱི་ལོ་1789)ལོ་ཀརྨ་ངེས་དོན་བསྟན་འཛིན་འཕྲིན་ལས་རབ་རྒྱས་དགུང་ལོ་ཉི་ཤུར་སོན་སྐབས་《འཆི་མེད་ནོར་བུའི་ཕྲེང་བ།》ཞེས་པ་བྱང་ཟུར་མཁས་པའི་མཛོད་ཆེན་བོད་དང་བོད་ཆེན་ལྗོངས་ཀྱི་ཆེ་རྒུ་ཡོངས་ཀྱི་དྲུང་འཚོ་བ་དག་གི་མན་ངག་ཉེར་མཁོ་གཅེས་སོ་འཚལ་བསྡུས་ཤིང་བླ་མའི་མན་ངག་གིས་མཛེས་པར་བརྒྱན་པ་འདི་ཉིད་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་གཙུག་ལག་ཁང་དང་ཉེ་བའི་རང་གནས་དབེན་པ་ཟླ་རིས་སུ་རྕོམ་འབྲི་གནང་།
 

            དེ་རྗེས་གཅེས་བསྡུས་《འཆི་མེད་ནོར་ཕྲེང་》གི་བུ་ཡིག་ཚུལ་དུ་《ལྷན་ཐབས་སྙིང་གི་ནོར་བུ་》ཞེས་བྱ་བ་སྡེ་ཚན་བཅོ་ལྔར་དབྱེ་ནས་གསང་སྨན་སྦྱོར་ཚད་ཞལ་ཤེས་འཕྱུག་ལྷད་མེད་པར་ངོ་སྤྲོད་ཐོག ད་དུང་གཞུང་གི་ས་བཅད་དུ་མེད་པའི་ཉེར་མཁོ་འགའ་ཞིག་དང་། གཅེས་བསྡུས་《འཆི་མེད་ནོར་ཕྲེང་》གི་ལྷན་ཐབས་སྙིང་ནོར་ཡང་ཟབ་གནད་ཕྲན་ཞེས་པ་ཕྱི་རབས་དོན་གཉེར་ཅན་གྱི་ཆེད་དུ་ཤུལ་བཞག་མཛད།
 

            གོང་གསལ་《འཆི་མེད་ནོར་ཕྲེང་》ཞེས་པའི་སྨན་སྦྱོར་རྣམས་ནི་འགྲོ་ཁྱབ་ཆེ་ལ། ཕན་ནུས་ཁྱད་དུ་འཕགས་པ་ཤ་སྟག་ཡིན་སྟབས་སྔར་ནས་བཟུང་དབུས་གཙང་དང་། མདོ་ཁམས་སྟོད་སྨད་བཅས་ཀྱི་བོད་ལུགས་སྨན་པ་དུ་མས་བེད་སྤྱོད་བྱེད་པའི་ཁར། སྔ་སོར་འགྲོ་ཕན་སྨན་རྩིས་ཁང་གི་སློབ་དཔོན་བཀའ་དྲིན་གསུམ་ལྡན་མཁྱེན་རབ་ནོར་བུ་མཆོག་ལ་ཐུན་མོང་མ་ཡིན་པའི་སྨན་དཔེ་《སྦྱོར་ཚད་ཆེན་མོ་》ཞེས་པ་ཐེམ་སྤང་མ་ཞིག་ཡོད་པ་དེའི་ནང་དུའང་གོང་གསལ་འཆི་མེད་ནོར་ཕྲེང་མ་བུ་གཉིས་ཀྱང་ཡོད་པས་ཤིན་ཏུ་མཐོང་ཆེན་གནང་བ་གསལ་པོར་མངོན། དེ་རྗེས་སྨན་རྩིས་ཁང་བཙུགས་འཕྲལ་སློབ་དཔོན་མཁྱེན་རབ་ནོར་བུས་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་གི་སྤྱིའི་སྨན་སྣ་ལྔ་བཅུ་ང་བཞི་ཡོད་པ་གཞིར་བཞག་ཐོག སྨན་མཆོག་སེམས་ཀྱི་བདེ་སྐྱིད་སོགས་བྱང་ཟུར་ལུགས་གཉིས་རིས་མེད་དུ་ཕྱག་བཞེས་བསྐྱངས་པར་བརྟེན་ཕྱིས་ཀྱི་དངོས་སློབ་དང་ཡང་སློབ་རྣམས་ཀྱིས་དེ་དག་ལག་ལེན་ཟམ་མ་ཆད་པར་རྒྱུན་འཁྱོངས་བྱས་པར་མ་ཟད། ད་ལྟ་བོད་ལྗོངས་བོད་སྨན་བཟོ་གྲྭའི་སྨན་སྦྱོར་རྣམ་གྲངས་སུམ་བརྒྱ་ལྔ་བཅུ་ལྷག་ཙམ་ནང་《འཆི་མེད་ནོར་ཕྲེང་》ནང་གི་སྨན་སྦྱོར་མི་ཉུང་བ་ཞིག་ཐོན་སྐྱེད་བྱེད་མུས་ཡིན་པས་དེ་ཉིད་ཀྱི་གསུངས་ལས། དགེ་བའི་སེམས་ཀྱི་མནྡྷ་རས། །རྣམ་དཀར་རྒྱ་མཚོ་བསྲུབས་པའི་དཔྱིད། །རྣམ་གྲོལ་བདུད་རྩིས་ཉེར་འཚོ་ཞིང་། །གཏན་བདེའི་དཔལ་ལ་སྤྱོད་པར་ངེས། །ཞེས་གསུངས་པ་ལྟར་དོན་དུ་གནས་སོ།། །།
 

- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་འདོན་ཞུས།

 

མཐའ་མའི་འདོན་ཐེངས་།: 06.11.2017 ཉིན། 9:33 AM

<< སྔ་མ།