སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

གོང་སྨན་དཀོན་མཆོག་འཕན་དར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 06.01.2017
གསོ་རིག་མཁས་དབང་རིམ་བྱོན། >>

 


གོང་སྨན་དཀོན་མཆོག་འཕན་དར།

- བྱམས་པ་འཕྲིན་ལས།

          གོང་སྨན་དཀོན་མཆོག་འཕན་དར་ནི། རབ་བྱུང་དགུ་བའི་ལྕགས་ལུག་(སྤྱི་ལོ་1511)ལོ་བོད་ཟླ་དང་པོའི་ཚེས་བཅུ་བདུན་ཉིན་འཕགས་ཡུལ་རྒྱ་གར་ལ་ཁད་ཀྱིས་ཉེ་བ། དཔལ་ལ་སྟོད་རྒྱལ་གྱི་ཤྲིའི་སྟོད། ཆུ་རུག་མང་ཁྱུང་ཞེས་པའི་ཡུལ་ལྗོངས་སུ། ཡབ་ཆོས་ཀྱི་རྒྱལ་མཚན་དང་། ཡུམ་ཇོ་བཙུན་ཆོས་སྐྱོང་བཟང་མོ་ཞེས་པའི་རིགས་སྲས་སུ་སྐུ་བལྟམས།


          རིམ་གྱིས་བསྐྱེད་བསྲིངས་པའི་ཚེ་བྱ་གདོན་གྱི་སྐྱིན་ཅུང་ཟད་བྱུང་བ་ལ་སྐུའི་ཞང་པོ་གོང་སྨན་དཀོན་མཆོག་བདེ་ལེགས་སྤྱན་དྲངས། འཚོ་བའི་སྨན་བཅོས་དང་། རྟེན་འབྲེལ་རྫས་བསྲུང་རྣམས་མཛད་པས་མྱུར་དུ་སྐུ་དྭངས། དེའི་དུས་གོང་སྨན་ཆེན་པོའི་མནལ་ལྟས་ལ། བྱིས་པ་གསེར་གྱི་འོད་དང་ལྡན་པ་ཞིག་གིས་ཨ་རུ་ར་རྣམ་པར་རྒྱལ་བ་ཕྱག་ཏུ་ཕུལ་ནས་ཕྱག་འབུལ་བྱེད་པ་ཞིག་བྱུང་བ་དེ་དག་ཕྱིས་སུ་གོང་སྨན་དཀོན་མཆོག་འཕན་དར་ཡིན་ཚུལ་དང་། ཁྱོད་ཀྱིས་ཡོན་ཏན་ཆེན་པོ་ཤེས་ནས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་འབྱུང་བར་འདུག་གོ་ཞེས་པའི་ལུང་བསྟན་ཡང་གནང་།


          དགུང་ལོ་བཅུ་ལ་སོན་སྐབས་ཀློག་ཡིག་སོགས་ལ་སྦྱངས་པ་མཛད་དུས་བརྩོན་འགྲུས་ཤིན་ཏུ་ཆེ་བ་དང་། ཐུགས་སྤྲོ་ཐུང་ཞིང་འཚུབ་པའི་དབང་གིས་ཀློག་མཆེད་རྣམས་དང་མཐུན་པོ་མ་བྱུང་བར་གསོལ་ཆས་ཟུར་དུ་བཟོ་དགོས་པ་བྱུང་། མཆེད་གྲོགས་གཉིས་དང་འཐབ་འཛིང་ཤོར་ཏེ་སྐུ་ལ་དབྱུག་པས་ཅུང་ཟད་སྐྱོན་ནས་ཡབ་ཡུམ་གྱི་དྲུང་དུ་བྱོན་དུས་བཀའ་བཀྱོན་པའང་བྱུང་ཞེས་གསུངས། རྗེས་སུ་ཡབ་སྐུ་གཤེགས་ཏེ་ཡུམ་སྲས་གཉིས་དཔལ་འབྱོར་ཡང་ཆེ་བ་མ་བྱུང་སྟབས། སྲས་ཆོས་ལ་གཤེགས་པར་དགོངས་རྩེ་གཏད། དེ་དུས་ཡུམ་གྱིས་སྐུ་ཞང་གོང་སྨན་དཀོན་མཆོག་བདེ་ལེགས་ལ་གསོལ་བ་བཏབ་པ་ལྟར་དྲུང་དུ་འཁྲིད་ནས་གསོ་བ་རིག་པར་གསན་སྦྱོང་མཛད། དེ་ཡང་སྐུ་ཚེ་སྔོན་རོལ་ནས་སྦྱངས་སྟོབས་ཆེ་ཞིང་། དྲང་སྲོང་གི་བྱིན་རླབས་ཞུགས་པ་ལ་བརྟེན་སྙིང་རུས་དང་ཐུགས་སྟོབས་ཆེན་པོས་ལོ་དུ་མའི་བར་ཆུ་རུག་གོང་ཁར་བླ་མའི་བཀའ་ལས་མ་འགལ་བར་ཐོས་བསམ་སྦྱངས་པ་ཉིན་མཚན་དུས་དྲུག་ཏུ་འདའ་ཞིང་། སྐབས་སྐབས་སུ་རྒྱལ་བ་ཡང་དགོན་པའི་བཞུགས་གནས་ལྷག་མཐོང་དཔལ་གྱི་དབེན་གནས་དང་། རྩིབས་རི་ལོ་སྤང་ཟུར་ཕུག་རྣམས་སུ་དཔེ་མཚམས་མཛད་པ་སོགས་སྒོ་གསུམ་སྐྱོ་ངལ་མེད་ཅིང་དཀའ་བ་དུ་མ་སྤྱད་པས་གསོ་བ་རིག་པའི་གཞུང་ལུགས་དཔལ་ལྡན་རྒྱུད་བཞི་ཐུགས་སུ་ཆུད།


          གཞན་ཡང་ཆ་ལག་འགྲེལ་བཤད་དང་བཅས་པའི་པོ་ཏི་བཅོ་བརྒྱད་《བསྟན་བཅོས་བརྒྱད་པ།》 《མན་ངག་པོ་ཏི་དམར་པོ།》 《ཟིན་ཏིག་བསམ་འཕེལ་ནོར་བུ།》 ལྕེ་སྨན་པའི་《པོད་ནག》སོགས་གཞུང་མང་པོའི་ལུང་བཤད་སྒྲོས་དང་། ཞལ་གདམས་སྙན་བརྒྱུད་ལ་རང་བྱན་ཆུབ་པའི་ཁར་སྨན་བླའི་མཆོད་བསྟོད་དང་། རྩའི་ལྷ་མོའི་སྒྲུབ་སྐོར། ཆོས་སྐྱོང་རྡོ་རྗེ་བདུད་འདུལ་གྱི་མཆོད་གཏོར། གླང་ཆེན་ཙཀྲའི་སྙན་བརྒྱུད་བཅས་ཚད་དུ་བསྐྱལ་བས་རྟགས་དང་མཚན་མ་མཐར་ཕྱིན་ཏེ་སློབ་དཔོན་ཐུགས་མཉེས་པའི་ཚད་ལ་སླེབས། དེའི་དུས་ཕྱིན་ཆད་མཁས་པའི་གདེང་ཚད་ལྡན་པའི་སྤོབས་པ་སེང་གེ་གངས་ལ་འཕྱོ་བ་ལྟ་བུ་དང་། མཁས་པ་བརྒྱ་ཕྲག་ཚོགས་རུང་ཡ་མི་ང་ཞིང་། འཆད་རྩོམ་རྒྱ་མཚོ་ལྟ་བུའི་དབུས་སུ་ལོག་སྨྲ་ཚར་གཅོད་པ་ཞིག་བགྱིད་སྙམ་པ་ཐུགས་ལ་ཤར། དེ་ལྟ་བུའི་དམ་བཅའ་དང་། སྙིང་སྟོབས་ཁྱད་དུ་འཕགས་པས་མུ་མཐུད་བཤར་སྦྱངས་ཉིན་མཚན་ཁོར་ཡུག་ཏུ་མཛད་པས་སྙན་གྲགས་ཇེ་ཆེར་སོང་བ་དང་། གཞན་ཕན་འཕྲིན་ལས་ཀྱི་འགྲོ་བ་དུ་མའི་དབུགས་འབྱིན་ནས་ཉམས་རྟོགས་ཟླ་བ་ཡར་ངོ་བཞིན་འཕེལ་བས་གོང་སྨན་དཀོན་མཆོག་བདེ་ལེགས་ཀྱི་ཐུགས་སྲས་ཉི་མ་ལྟར་གྲགས་པར་གྱུར།


          དགུང་ལོ་ཉེར་ལྔའི་སྟེང་ཡུམ་མཆོག་སྐུ་གཤེགས་པས་ཐུགས་ངེས་པར་འབྱུང་ཞིང་དགོངས་རྫོགས་ལེགས་གྲུབ་ཆེད་དུ་མཆོད་བསྟོད་སྨོན་ལམ་རྒྱ་ཆེར་མཛད། དེའི་ཚེ་སླར་ཡང་བར་ཆད་ལྟ་བུས་ཡབ་ཀྱི་གཉེན་ཚན་ཞིག་ཡོད་པ་དེའི་སྙིང་ལ་བདུད་རིགས་ལོག་པའི་བསམ་སྦྱོར་ཞུགས་ཏེ་ཁང་ཞིང་ནོར་རྫས་སོགས་འཁྱེར་འདོད་པའི་ཀུན་སློང་གིས་གོང་སྨན་དཀོན་མཆོག་འཕན་དར་ལ་སྦྱོར་བ་ངན་པའི་གཡོ་ཐབས་བྱས་པས་དུག་ནད་ཀྱིས་གཤེགས་ལ་ཁད་དུ་ཉེ་བར་བླ་མ་དམ་པ་གོང་སྨན་དཀོན་མཆོག་བདེ་ལེགས་གོང་ཁ་ནས་གདན་དྲངས་ཏེ་སྨན་བཅོས་གནང་བས་བསྙུན་ལས་གྲོལ། དེ་ནས་བཟུང་དཀོན་མཆོག་འཕན་དར་གྱིས་ཐུགས་བསམ་རྣམ་པར་དཀར་བས་བུ་སློབ་དང་། སེམས་ཅན་གྱི་དོན་ལ་སྐྱོ་ངལ་མེད་པར་ས་ཕྱོགས་ཀུན་ཏུ་ཞབས་ཀྱིས་བཅགས། སྐབས་དེར་ཟུར་ཚོ་བདག་པོར་ནད་དྲག་པོ་ཞིག་ཕོག་ནས་གྲོངས་ལ་ཁད་དུ་ཉེ་བར་སྨན་བཅོས་གནང་བས་ཕན་པར་དགྱེས་སྟོན་གཏང་རག་རྒྱ་ཆེ་དང་། ལྕེ་སྨན་རྒྱལ་མཚན་གྱི་གདན་སར་བསྐོ་བཞག་ཐོག་ཡུམ་སྲས་ནོར་རྫས་དང་བཅས་པའི་གནང་སྦྱིན་བསྩལ་བར་བརྟེན་སྒོས་གཞིས་གདོང་ནག་ཏུ་འགྲོ་དོན་བསྐྱངས་ཏེ་བཞུགས་སོ།།


          རྗེས་སུ་གོང་སྨན་དཀོན་མཆོག་བདེ་ལེགས་སྡེ་སྲིད་སེང་གེ་རྩེ་བས་སྤྱན་དྲངས་སྐབས་དཀོན་མཆོག་འཕན་དར་ཕྱག་ཕྱིར་འབྲངས་ཏེ་ལམ་བར་ས་སྐྱར་བཞུགས་ཞག་དང་། གནང་རིགས་ཀྱི་སྨན་པ་བྲང་ཏི་དཔལ་མགོན་རྡོ་རྗེ་ཡབ་སྲས་དང་མཇལ་ནས། གསེར་སོགས་ཀྱི་འབུལ་བ་བཤམས་ཤིང་། གསུང་ཆོས་རྗེས་སུ་གནང་རྒྱུའི་གསོལ་བ་བཏབ་ནས་སེང་གེ་རྩེ་ལོ་ངོ་གསུམ་ཙམ་བཞུགས། སླར་ལ་སྟོད་དུ་ཕྱིར་ལོག་ཕེབས་དུས་བུ་སློབ་སྦྱིན་བདག་བཅས་པས་ཕེབས་བསུ་དང་། དགྱེས་སྟོན། བླ་མ་མཆོད་གནས་སུ་གྱུར་པ་རྣམས་ལ་བསྙེན་བཀུར་མང་ཇ་སྐུ་རིམ་སོགས་གྲུབ་རྗེས། ས་སྐྱ་སྨན་གྲོང་དུ་བྲང་ཏི་ཆོས་རྒྱལ་བཀྲ་ཤིས་ཀྱི་དྲུང་དུ་ཕེབས་ནས་《བརྒྱད་པ།》དང་། མན་ངག་《གསེར་བྲེ།》 《དངུལ་བྲེ།》 《བདུད་རྩི་བུམ་ཆེན།》སོགས་ལུང་དང་མན་ངག་དུ་མ་གསན། ཕྱོགས་རིགས་ཀྱི་བུ་ཆེན་མང་དག་འཚོགས་པའི་དབུས་སུ་ཁོང་དྲང་སྲོང་མཆེད་གཉིས་ཀྱིས་མན་ངག་རྒྱུད་ཀྱི་ཚད་པའི་ལེའུའི་སྐབས་ལ་དྲི་བ་མཛད་དུས། ཚ་བ་སྤྱི་བྱེ་བྲག་གི་བཤད་པ་མཛད་པས་ཐམས་ཅད་ཧ་ལས་པར་གྱུར། དཀོན་མཆོག་འཕན་དར་གྱིས་སློབ་དཔོན་རྣམ་གཉིས་ལ། རེ་ཐང་མཚམས་ཀྱི་ལེའུ་ལ་དོགས་གཅོད་ཕུལ་བས། བླ་མའི་ཞལ་ནས། ཚད་པའི་སྐབས་ལ་གོང་སྨན་པ་ཆོས་ཀྱི་བདག་པོ་ཡིན་པས་དཔོན་ཚང་པ་རང་གིས་མཛད་པར་རིགས་གསུངས་པ་ལྟར་རི་ཐང་མཚམས་དང་། གལ་མདོ་ཟུང་འཇུག་གི་བཤད་ཕུལ་བས་བླ་མ་ཤིན་ཏུ་མཉེས་པ་བྱུང་།


          དེ་ནས་ལྷོ་ལུང་པ་འཁྲུག་ལོང་ཆེན་པོས་ཁྱབ་པར་གྱུར་ཏེ་གོང་སྨན་ཆེན་པོའང་སྐུ་བསྙེལ་པའི་གཏམ་གསན་འཕྲལ་མྱུར་བར་མཇལ་དུ་ཕེབས་དུས། བླ་མའི་ཞལ་ནས་ཁྱེད་སླེབས་ཀྱང་སྡོད་པའི་གཤིས་སུ་མེད། འོན་ཀྱང་དཔོན་སློབ་གནམ་སྤྲིན་མེད་དུ་སོང་བས་རང་རེ་གཉིས་ཀའི་བསམ་པ་མཐར་ཕྱིན། ད་ཁྱེད་དང་དཔོན་བཙུན་ཧོར་དཔལ་གཉིས་ངའི་བུ་ཆེན་ཉི་ཟླ་ལྟ་བུ་ཡིན་པས་བསྟན་པ་དང་སེམས་ཅན་ལ་སོམས། ཁྱད་པར་ངའི་ཚ་བོ་འདི་རྣམས་ཀྱི་ཕྱག་ཕྱིར་གང་འགྱུར་བྱེད་དགོས་ཞེས་པ་སོགས་མྱ་ངན་ལས་འདའ་ཁར། ང་ཚེ་འདི་སྲིད་ལ་མ་ཆགས་པར། །བསྟན་དང་འགྲོ་ལ་ཕན་པའི་བློས། །སྒོ་གསུམ་ངལ་མེད་གཞན་དོན་བྱས། །དགེ་བ་སེམས་ཅན་དོན་དུ་བསྔོ། །འབྲས་བུ་བླ་མེད་རྫོགས་སངས་རྒྱས། །ད་མི་རྒན་ཤི་ཡང་འགྱོད་པ་མེད། །བུ་སློབ་དར་བའི་སྨོན་ལམ་འདེབས། །ཞེས་གསུངས་ནས་སྐུ་ཆོས་དབྱིངས་སུ་ཐིམ།


          བུ་ཆེན་ཡོན་བདག་དང་བཅས་པས་དགོངས་རྫོགས་ཡོངས་སུ་གྲུབ་རྗེས་སེང་གེ་རྩེ་ནས་ཕོ་ཉ་གནང་སྟེ་གོང་སྨན་དཀོན་མཆོག་འཕན་དར་ཕེབས་དགོས་ཚུལ་གསུངས་པ་ལྟར་སེང་གེ་རྩེར་ཕེབས། དེར་བཞུགས་རིང་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་འགྲུབ། བུ་སློབ་ཀྱང་སྦུར་ཚོ་བ་ཡོན་ཏན་རྒྱ་མཚོ་དང་། དོན་ཤེས་གསལ་སྒྲོན་གྱིས་ཐོག་དྲངས་ཤིན་ཏུ་འཕེལ་རྒྱས་ཀྱིས་འཆད་ཉན་དར། མི་རིང་བར་སྣར་ཐང་ཧོར་ཁང་པ་དང་། བྲང་ཏི་ཆོས་རྒྱལ་བཀྲ་ཤིས་ཀྱང་སྐུ་གཤེགས་སྟབས་སྡེ་སྲིད་སེང་གེ་རྩེའི་བླ་སྨན་ཕྱག་ཕྱིར་དཀོན་མཆོག་འཕན་དར་བཅར་སྡོད་དགོས་ཚུལ་གྱི་བཀའ་ལུང་གནང་སྐྱེས་དཔངས་མཐོ་བ་བསྩལ། ཡུན་དུ་གནས་མི་དགོས་པའི་ཞུ་གྲོལ་ཕུལ་གནང་མཛད་རུང་། སླར་ཡང་བསྟུད་ནས་ལོ་ཤས་བཞུགས་དགོས་ཤར། རྗེས་སུ་ལ་སྟོད་ཕྱོགས་ཀྱི་གདུལ་བྱ་ཉམ་ཐག་པ་མང་པོས་གདན་ཞུ་བྱས་པ་དང་། སེང་གེ་རྩེ་བློན་ཆེན་རྣམས་ཐུགས་མ་མཐུན་པའི་གནས་ཚུལ་བྱུང་བས་མུ་མཐུད་བཞུགས་ན་ལེགས་ཚོགས་ཆེན་པོ་མི་ཡོང་བས་མཚན་མོ་ཡང་མནལ་མི་འཁུགས་པ་སོགས་ཐུགས་ཁྲལ་ཤིན་ཏུ་ཆེ་བ་བྱུང་རྐྱེན་སྣང་གླུ་ཡར་འགྲོ་མ་ཞེས་པ་འདི་ལྟར་གསུངས་སོ།།


          ཕ་ཆོས་ཀྱི་རྒྱལ་པོ་གོང་སྨན་པ། །དྲིན་ཆེན་ཞང་པོའི་ཞབས་ལ་འདུད། །བདག་ཆུང་ནས་བཀའ་དྲིན་བསྐྱངས་པའི་མཐུས། །གནས་གསོ་རིག་གཞུང་ལུགས་རབ་འབྱམས་ལ། །བློ་མ་རྨོངས་ཤེས་རིག་རྒྱས་ལགས་ནའང་། །དུས་དེང་སང་སྡེ་དཔོན་སྒྲོག་ཏུ་འཚུད། །རྟེན་ལུས་སེམས་བདེ་བའི་སྐབས་མ་རྙེད། །རང་སྐྱིད་པའི་ཡུལ་ལྗོངས་རྒྱང་དུ་ལུས། །བུ་སྣོད་ལྡན་སློབ་མའང་ཡིད་ཐག་ཆད། །མྱུར་དུ་ཐོན་པའི་སྨོན་ལམ་འདེབས། །ཡུལ་དབུས་གཙང་དག་པའི་ཞིང་ཁམས་ན། །ས་ཐིག་ལེའི་རི་བོ་མངོན་མཐོ་བ། །ཤབ་སེང་གེ་རྩེ་ཡི་ཕོ་བྲང་ན། །དཔལ་འབྱོར་པའི་ས་སྐྱོང་སྟོབས་ལྡན་ཁྱེད། །སྐུ་གསེར་རིའི་ལྷུན་པོ་ཆགས་པ་ལྟར། །ད་གཡོ་མེད་སྐུ་ཁམས་སྙོམས་པར་བཞུགས། །བདག་གོང་སྨན་དཀོན་མཆོག་འཕན་དར་ཀྱང་། །ལུས་སྒྱུ་ལུས་འབྱུང་ཁམས་སྙོམས་པ་དང་། །རྐྱེན་འགལ་བའི་བར་ཆད་མེད་པ་བྱས། །ཡུལ་ཉི་མ་ལྷོ་ཕྱོགས་སྐྱིད་པའི་ཡུལ། །སྔོན་ལྕེ་སྨན་བླ་མས་ལུང་བསྟན་པའི། །ལྗོངས་བཀྲ་ཤིས་ཆགས་པའི་གདོང་དཀར་དུ། །ཕ་བླ་མའི་གདན་ས་འཛིན་དུ་འགྲོ། །བུ་དད་ལྡན་སློབ་མ་སྐྱོང་དུ་འགྲོ། །རྒྱུད་བདུད་རྩི་སྙིང་པོ་འཆད་དུ་འགྲོ། །ལྷོ་རྒྱལ་པོའི་ཕྱག་རྩ་འཛིན་དུ་འགྲོ། །ད་ཅིས་ཀྱང་ཡུལ་ལ་གཏོང་བར་ཞུ། །སླར་མྱུར་དུ་མཇལ་བའི་སྨོན་ལམ་འདེབས། །ཞེས་ཞུ་གྲོལ་ཡང་ཡང་ཕུལ་རུང་དགོངས་པ་མ་འཁྲོལ། དེའི་མུར་ལ་སྟོད་དུ་ཟིར་སྤུན་དང་། སེང་གེ་རྩེ་ཡང་སྡེ་པ་ཐུགས་རྒྱུད་འཁྲུགས་པས་ཕྱོགས་ཀུན་ཏུ་ཕེབས་པའི་ཕྱག་ཕྱིར་འབྲངས་དགོས་བྱུང་སྟེ་སྐུ་ངལ་ཆེ་ཞིང་བསླབ་སྦྱངས་ཀྱང་ཇེ་འགྲིབ་ལ་སོང་བའི་དུས་སུ་སྤེས་རིང་ནང་སོས་ངོ་ཆེན་ཞུ་གྲོལ་གནང་སྟེ་ལ་སྟོད་དུ་ཕྱིར་ལོག་ཕེབས།


          དེར་རེ་ཞིག་འགྲོ་དོན་འཆད་ཉན་སོགས་གོང་འཕེལ་གྱིས་སློབ་མ་མང་དག་ཅིག་ཐོན་པ་དེ་དག་ནང་མཁས་པར་གྲགས་པ་མངའ་རིས་ནས་འ་པ་བདེ་ཆེན། དིང་རི་ནས་དམ་པ་བསམ་འཕེལ། མཚོ་སྒོ་ནས་དཔལ་ལྡན་ལེགས་པ། ས་ལུང་ནས་དོན་ཤེས་གསལ་སྒྲོན། ཕུ་གསུམ་ནས་སྦུར་ཚོ་བ་ཡོན་ཏན་རྒྱ་མཚོ་སོགས་བྱུང་། ཁྱད་པར་གསོ་བ་རིག་པའི་བསྟན་པ་ལ་བྱི་དོར་མཛད་དེ། བསྡུས་དོན་རྩ་བའི་རྒྱུད་ལ་འགྲེལ་པ་《མེ་ལོང་མཐོང་གསལ།》 པོད་དམར་སོགས་མན་ངག་དོན་བསྡུས་པ་《གསོ་རིག་དགོས་པ་དོན་བསྡུས།》 རོ་སྡེབ་ལྔ་བཅུ་རྩ་བདུན་ལ་འགྲེལ་པ་དང་། བཤད་རྒྱུད་ལུས་ཀྱི་གནས་ལུགས་ལ་འགྲེལ་པ་《རིན་ཆེན་དངུལ་ཆུའི་སྐོར་ཚོ་དོན་བསྡུས།》 《རིན་ཆེན་རིན་བུའི་དཀར་ཆག་མུ་ཏིག་ཕྲེང་བ།》 དོན་ལྡན་གྱི་བུ་སློབ་དོན་དུ་《ཉམས་ཡིག་བརྒྱ་རྩ།》རྣམས་བརྩམས། དེ་མིན་སྨན་ནག་ཆེན་མོའི་སྦྱོར་བ་རྒྱས་འབྲིང་བསྡུས་གསུམ་གྱི་ལག་ལེན་དང་། དཔྱད་ཀྱི་ལག་ལེན་དུ་མ་གནང་བས་མཚོན། མདོར་ན་ཕྱི་རྒྱུད་ལག་ལེན་བཅོ་བརྒྱད་པོ་འདི་དག་གོ་བ་བློ་ཡུལ་དུ་མ་ལུས་པར་ལག་ལེན་སྟེང་དུ་སྤྱད་པའི་འབྲས་བུ་གདེང་ཐོབ་མིག་ཡུལ་དུ་གསལ་བར་མཛད་དེ་དབུས་གཙང་ན་འགྲན་ཟླ་དང་བྲལ་བའི་སྨན་པ་ཀུན་གྱི་གཙུག་རྒྱན་སྙན་གྲགས་རྒྱ་བོད་ཡོངས་ལ་ཁྱབ། དེའི་དབང་གི་སླར་ཡང་ལས་ཅན་གྱི་བུ་སློབ་ཚ་རོང་དཔལ་ལྡན་རྒྱལ་མཚན་དང་། བྱང་མདོ་བཤད་ཆོས་མཛད། མངའ་རིས་ཤག་པ་དོན་རྒྱལ། ཟུར་ཚོ་བ་བློ་གྲོས་རྒྱ་མཚོ། མན་མཁར་བ་སངས་རྒྱས་དཔལ་བཟང་། དིང་རི་ནས་རྩེ་མཁར་པ། འདར་པ་ལེགས་དྲུང་། ས་སྐྱ་སྨན་གྲོང་ནང་སོ། བྱང་ལྷ་ཤུག་པ་དང་། ཞི་བདེ་བ་སོགས་མཁས་པར་གྲགས་པའི་བུ་ཆེན་མང་རབ་བྱུང་བར་གདའ།


          དེ་ནས་རིན་སྤུངས་སུ་སྡེ་བ་ངག་དབང་རྣམ་རྒྱལ་ལ་སྨན་བཅོས་གནང་སྟེ་ཚུར་ལམ་བསམ་འགྲུབ་རྩེར་ཕེབས་དུས། ཀརྨ་པ་མི་བསྐྱོད་རྡོ་རྗེ་མཇལ་ནས་ཕྱག་རྩ་ཞུས་པས་ཐུགས་མཉེས་ཏེ། དཔོན་ཚང་པ་ཁྱེད་གསོ་བ་རིག་པ་ལ་ཤིན་ཏུ་མཁས་པར་གྲགས་འདུག་པས་བུ་སློབ་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བྱེད་དགོས་ཞེས་པའི་ལུང་བསྟན་བསྩལ། ཚོང་འདུས་སུ་ཚ་རོང་པ་དཔོན་སློབ་བརྒྱད་ལ་རྗེ་བུ་སྟོན་གྱི་ཕྱག་དཔེའི་སྟེང་ནས་《བསྟན་བཅོས་བརྒྱད་པའི་》ལུང་དང་། མན་ངག་《གསེར་བྲེ།》 《ཁོག་འབུགས་རྒྱལ་མཚན་རྩེ་འབར།》གྱི་བཤད་པ། གཞིས་ཁ་སྨན་སྤྱིལ་དུ་ཡན་ལག་བརྒྱད་པའི་དོན་ཊིཀ 《དངུལ་བྲེ།》 《བརྒྱད་པའི་བཀའ་ཚོམ།》རྣམས་ཀྱི་འཆད་ཉན་ཡང་བསྐྱངས་ཤིང་། ཉང་གི་ཡུལ་ལྗོངས་ཆེན་པོར་ནད་པ་དུ་མའི་དོན་ལ་ཐུར་མ་རྩ་སྦྱོང་སོགས་ཀྱི་ལག་ལེན་དར་བར་མཛད། སྒོ་བཞི་རེ་ཐང་དུ་སྨན་པའི་རྒྱལ་པོ་གཡུ་ཐོག་མགོན་པོའིོ་བཞུགས་གནས་ཆོས་ཁྲི་དང་། རྟེན་ཕྱག་དྲེག་མར་གྲགས་པ་རྣམས་མཇལ་ཞིང་བྱིན་རླབས་ཞུས། དེ་ནས་ཤང་ལྷ་ཕུ་དང་། གཡག་སྡེ། ཡར་འབྲོག་སྟག་ལུང་། རོང་ངུར་སྨྲིག རྒྱལ་རྩེ་བཅས་ལ་ཕེབས་ནས་ནད་པ་མང་པོ་ལ་སྨན་བཅོས་མཛད།


          དགུང་ལོ་དྲུག་ཅུ་རེ་གསུམ་ལ་ཕེབས་དུས་བུ་སློབ་དང་། བསྟན་པའི་བྱ་བའང་རྒྱུན་རིང་བྱེད་རྒྱུ་བྱུང་ཞེས་ཐུགས་མཉེས་པའི་བཀའ་མོལ་གསུངས་རུང་། དོན་དུ་མཚན་ལྟས་ངན་པ་སོགས་འཚུབ་ཆ་ཆེ་ཞིང་གསོ་རིག་བསྟན་པའི་བར་གཅོད་ཡོང་བ་མཁྱེན་ཏེ་སྤྲོ་བདེ་བཀྲ་ཤིས་སྒང་བྱ་བར་ཟླ་བ་ཁ་ཡར་སྐུ་མཚམས་དམ་པོར་བཞུགས། ཐུགས་དམ་ཤིན་ཏུ་འཕེལ་ནས་སེམས་ཡིད་ངལ་གསོ་མ་འདི་ཉིད་མཛད། ཇི་སྐད་དུ། རྒྱུ་མ་རིག་ཉོན་མོངས་དུག་གསུམ་དང་། །རྐྱེན་འབྲས་བུ་རླུང་མཁྲིས་བད་ཀན་ནད། །དུས་སྐད་ཅིག་དྲན་པས་སེལ་མཛད་པའི། །ཡོངས་སང་རྒྱས་སྨན་པའི་རྒྱལ་པོ་དང་། །རྗེ་དྲིན་ཅན་བླ་མའི་ཞབས་ལ་འདུད། །བདག་སྒོ་གསུམ་ཆོས་དང་ལྡན་པར་ཤོག །ལས་ཐོག་མེད་བསགས་པའི་དགེ་འབྲས་མཐུས། །རྟེན་དལ་འབྱོར་བཅོ་བརྒྱད་ཚང་པའི་ལུས། །ཡུལ་ཆུ་རུག་དཔལ་གྱི་ཕོ་བྲང་དུ་། །དྲིན་ཕ་མ་གཉིས་ཀྱིས་བསྐྱེད་པའི་ལུས། །ལས་ཆོས་དང་འཕྲད་པའི་སྐལ་བ་ཅན། །དྲིན་འཁོར་མེད་དཀོན་མཆོག་བདེ་ལེགས་ཞབས། །དུས་ཡུན་དུ་བསྟེན་པའི་ཐུགས་རྗེ་ལས། །མི་ཁོ་བོ་དཀོན་མཆོག་འཕན་དར་ཞེས། །ལྗོངས་དབུས་གཙང་རུ་བཞིའི་རྒྱལ་ཁམས་ན། །མིང་ཡོངས་སུ་གྲགས་པའི་བ་དན་ཅན། །ལས་སྐལ་བ་ལྡན་པའི་བུ་སློབ་ལ། །གཞུང་གདམས་པའི་ལེགས་བཤད་ཆོས་སྒྲ་སྒྲོག །གནད་གཟབ་མོའི་སྙན་བརྒྱུད་དམར་བྱང་རྣམས། །དོན་ཡི་གེར་བཀོད་ནས་ལག་ཏུ་གཏད། །ཡུལ་རྒྱ་བོད་སྐྱེས་པའི་སྨན་གྱི་ཚོགས། །མིང་བརྡ་དོན་ལག་ལེན་ངོ་སྤྲོད་བྱས། །ལུས་གནད་དུ་འབེབས་པའི་གཏར་སྲེག་སོགས། །ནད་འཚང་ཆེན་འདོན་པའི་དམར་བྱང་རྣམས། །སྔོན་དྲང་སྲོང་གཞུང་བཞིན་ཐིག་རྩ་བསྟན། །མ་ལུས་ཅན་གྲངས་མེད་ནད་པ་ལ། །ཚེ་མི་འཇིགས་སྲོག་གི་ཆད་མཐུད་བྱས། །ང་ལུས་ཅན་ཀུན་ལ་བརྩེ་བ་ཅན། །ཕྱོགས་མེད་ཡངས་པའི་རྒྱལ་ཁམས་ན། །སྨན་པ་ནམ་མཁའི་ནོར་བུ་འདྲ། །རྒྱལ་ཁམས་ལྷ་རྗེ་ཞེས་སུ་གྲགས། །དུས་ད་ལྟ་དཔལ་གྱི་ཆུ་བར་ན། །ལྷ་སྨན་བཀྲ་ཤིས་ཚེ་རིང་མས། །བུ་བཞིན་སྐྱོང་ངོ་ལྷ་ཡི་རྗེ། །དབང་ཕྱུག་བཞད་པ་རྡོ་རྗེ་ཡི། །བྱིན་གྱིས་བརླབས་པའི་གནས་མཆོག་ན། །ལུས་བདེ་ཡིད་ལ་རྙོགས་པ་མེད། །སྔར་བྱས་དགེ་བའི་འབྲས་བུ་རྣམས། །རྣམ་མཁྱེན་སངས་རྒྱས་ཐོབ་ཕྱིར་བསྔོ། །བུ་སློབ་ཆོས་སྲིད་དར་བར་ཤོག །ཅེས་གསུངས་སོ།།


          དེ་ནས་མཚན་ལྟས་སོགས་ཅུང་ཞིག་འཇམ་དུ་སོང་སྐབས་རིགས་སྲས་རྣམ་དཔྱོད་དང་ལྡན་པ་ཞིག་ཡོད་པ་དེ་ཚད་ནད་ཀྱིས་ཚེའི་དུས་བྱས་ནས་ཡུམ་དང་། གྲྭ་བུ་སློབ་ཀུན་མྱ་ངན་གྱིས་གདུངས་པའི་ཚེ་གོང་སྨན་དཀོན་མཆོག་འཕན་དར་ཞལ་ནས། ང་རང་ལོ་ན་རྒས་པ་དང་། གསོ་རིག་གི་རྗེས་འཛིན་ནུས་པའི་བུ་མེད་པ་སེམས་ཤིན་ཏུ་སྦྱོང་ནའང་བྱ་ཐབས་མེད། ད་སེམས་ཁྲལ་གྱིས་མི་ཕན། འཇིག་རྟེན་གྱི་སྐྱེ་བོ་ཀུན་འདི་ཁའི་ལམ་ལས་མ་འདས་པ་མེད། བུ་ཡོད་ན་བསྟན་པ་དང་སེམས་ཅན་ལ་ཕན་པ་ནུས་པ་ཞིག་ཡོང་བ་ཡོད་དེ། དུས་ངན་སྙིགས་མའི་སེམས་ཅན་གྱི་བསོད་ནམས་ལས་མ་གྲུབ་པས་ཕྱིན་ཆད་ཡིད་དགེ་བ་ཅི་སྒྲུབ་ལ་འབད་པ་གལ་ཆེ། ད་ཁྱོད་བུ་སློབ་རྣམས་ཀྱིས་ངའི་བསྟན་པ་སྐྱོང་བའི་དུས་ལ་བབས་འདུག་པས་སྙིང་རུས་དང་། མཐུ་སྟོབས་བསྐྱེད། འདྲི་རྒྱུ་འདུག་ན་ཁྱེད་རྣམས་བླ་མའི་དྲུང་དུ་ཡོད་དུས་ལེ་ལོར་མ་སོང་བ་གལ་ཆེ། ཕྱིས་རང་གི་ཡུལ་དུ་འགྱོད་ཀྱང་ཕྱིས་སོ་ཞེས་གསུངས།


          དགུང་ལོ་དྲུག་ཅུ་རེ་ལྔ་ལ་ཕེབས་སྐབས་བཀའ་ལུང་ལ། ལུས་ཐོག་འདིར་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་གྲུབ། ནོར་རྫས་ཀྱི་དངོས་པོ་ཐམས་ཅད་དཀོན་མཆོག་ལ་མཆོད་པ་དང་། ངན་སློང་ལ་སྦྱིན་པ། ནད་པའི་ཚོགས་ལ་བཟང་དྲུག་སྨན་གྱི་སྦྱིན་པ་སོགས་བསོད་ནམས་ཀྱི་ཚོགས་སུ་ཅི་འགྱུར་དང་། ཁྱད་པར་བསྟན་པ་དང་སེམས་ཅན་གྱི་དོན་ལ་དམིགས་ཏེ་གསོ་བ་རིག་པའི་རྒྱུད་བཞི་ཆ་ལག་འགྲེལ་བཤད་དང་བཅས་པ། བསྟན་བཅོས་བརྒྱད་པའི་གཞུང་འགྲེལ་《ཁོག་འབུགས་》དང་《ཊིཀ་》ལྡེ་མིག་དང་བཅས་པའི་འཆད་ཉན་རྒྱུན་མ་ཆད་པར་བསྐྱངས་པས་སྨན་པའི་དགེ་བཤེས་རང་དང་སྐལ་མཉམ་གྱི་བུ་ཆེན་བཞིས་ཐོག་དྲངས། རྒྱུད་བཞི་བློ་ལ་ཟིན་ཞིང་ལག་ལེན་མྱོང་ཐོག་ཏུ་ཐོན་པ། གཞུང་འགྲེལ་འཆད་པར་ནུས་པའི་བུ་ཆེན་ཉེར་ལྔ། བསྟན་བཅོས་བརྒྱད་པར་གཙོ་བོར་ཉམས་མྱོང་དུ་ཐོན་པའི་བུ་ཆེན་གསུམ། རྒྱུད་དང་བསྟན་བཅོས་ཟུང་འབྲེལ་དུ་འཆད་པའི་བུ་ཆེན་ཉི་ཟླ་ལྟར་གྲགས་པ་གཉིས། མན་ངག་སྙན་བརྒྱུད་ཉམས་ཡིག་བརྒྱ་རྩ་གཙོ་བོར་སྟོན་པ་བརྒྱད། རྩའི་ལྷ་མོས་ལུང་སྟོན་པའི་གྲུབ་པ་ལུང་ཐོབ་ཀྱི་དམ་ལྡན་གཉིས། མོས་གུས་འཕོ་འགྱུར་མེད་པའི་ལས་ཅན་གྱི་བུ་སློབ་བཅུ་ཕྲག་གཅིག་ཐུར་དཔྱད་རང་ལས་མཁས་པ་གཉིས། བྱང་སེམས་སྙིང་བརྩེར་ལྡན་པའི་བུ་ཆེན་ལྔ། རྣམ་དཔྱོད་མཁའ་ལྟར་ཡངས་པའི་ཤེས་ལྡན་གཉིས། སྙན་པའི་བ་དན་ཕྱོགས་བཅུར་གཡོ་བའི་བསྟན་འཛིན་གྱི་དྲང་སྲོང་གསུམ་སོགས་མདོར་ན་འགྲོ་བ་ནད་པ་རྣམས་ཀྱི་དཔུང་གཉེན་དུ་གྱུར་པའི་བུ་སློབ་བརྒྱ་ཕྲག་བཞི་དང་བཅུ་ཕྲག་གསུམ་གྱི་རང་རྒྱུད་སྨིན་གྲོལ་ལ་འགོད་པར་མཛད། དེ་དག་ཀྱང་སྤྱིར་བློ་རབ་ལ་དོན་ཡས་བབས་སུ་འཆད་པ་དང་། བློ་དམན་ལ་ཚིག་མས་འཛེག་ཏུ་འཆད་པ། བློ་འབྲིང་ལ་ཚིག་དོན་ཁྲེའུར་འཆད་པ། ལས་ཅན་ལ་སྙན་བརྒྱུད་དམར་འབྱིན་དུ་སྟོན་པ་སོགས་གདུལ་བྱའི་བློ་དང་འཚམས་པ། ལྷག་པར་སློབ་མ་རྣམས་ལ་རྒྱུད་ཀྱི་འགྲེལ་བཤད་གཙོ་བོར་སྟོན་ཏེ་མཐའ་དྲུག་ཚུལ་བཞིའི་སྒོ་ནས་འཆད་པ་དང་། བར་སྐབས་རྣམས་ལ་རྒྱུད་ལུང་མན་ངག་ཟུང་འབྲེལ་དང་། ཡིད་རིགས་མངོན་ཤེས་སྟོན་པ་རྩའི་པྲ་སྒྲུབ། བསོད་ནམས་མཐུད་དཔལ་བསྐྱེད་པ་གླང་ཆེན་ཙཀྲའི་སྐོར། ཉམས་མྱོང་ཁོལ་དུ་སྟོན་པའི་སྙན་བརྒྱུད་མན་ངག་བརྒྱ་རྩ་རྣམས་གཙོ་བོར་གསུངས།


          རྗེས་ཀྱི་བུ་སློབ་རྣམས་ལ་གོ་ལྡོག་གདམས་པའི་ཟབ་ཁྱད། ཚེགས་ཆུང་དོན་ཆེའི་ཟབ་གནད། སྔོན་ཆད་ཡི་གེར་མ་བཏབ་པའི་མན་ངག་རྣམས་དང་། དེ་མིན་བླ་སྒྲུབ་ཡིད་བཞིན་ནོར་བུའི་དཀོར་མཛོད་དང་། སྨན་མིང་གབ་འཁྲུགས་གསལ་བའི་ཞལ་གདམས་རྣམས་གཙོ་བོར་སྟོན་པ་སོགས་མདོར་ན་སྐུའི་སྒོ་ནས་དཀོན་མཆོག་གསུམ་གྱི་རྟེན་གང་ན་བཞུགས་པར་ཕྱག་དང་བསྐོར་བ་མ་ཆག་པ། བུ་སློབ་དང་ནད་པའི་དོན་དུ་ཉིན་མཚན་སྐྱོ་ངལ་མེད་པར་རྒྱལ་ཁམས་ཞབས་ཀྱིས་བཅགས། གསུང་གི་སྒོ་ནས་སྐྱབས་འགྲོ་བཟླས་བརྗོད། གསུང་རབ་འཆད་ཅིང་སྟོན་པ་ལ་ཉིན་མཚན་མནལ་དང་གཡེལ་བ་མེད་པ་དང་། ཐུགས་ཀྱི་སྒོ་ནས་དམ་ཆོས་སྡུག་བསྔལ་ཞི་བྱེད་འཁོར་བ་སུན་དབྱུང་ཕྱིར་མཉམ་ཉིད་ཡེ་ཤེས་ཆེན་པོའི་ངང་ནས་བྱ་བ་ཕྲ་རགས་ཐམས་ཅད་ཐེག་ཆེན་དམིགས་མེད་ཀྱི་སྙིང་རྗེས་དུས་ཀུན་ཏུ་དྲན་པའི་ལྕགས་ཀྱུས་བཟུང་བ་ཡིན་ཞེས་གསུངས་པ་ལྟར་བུ་སློབ་ཕྱག་ཕྱིར་བསྡད་པ་ཐམས་ཅད་ཀྱིས་མངོན་སུམ་དུ་མཐོང་བ་དེ་ལྟར་རོ།།


          དེ་ནས་གུང་ལོ་དྲུག་ཅུ་རེ་དྲུག་ཏུ་ཕེབས་པའི་ཚེ། ཆོས་འཕྲུལ་ཟླ་བ་ལ་སྐུ་མཚམས་དམ་པོར་བཞུགས་དུས་མནལ་ལམ་ཅུང་ཟད་ངན་པའི་མཚན་མ་ཤར་ཏེ་ཐུགས་དགོངས་ལ་ད་ནི་ཐུབ་བསྟན་སྤྱི་དང་། ཁྱད་པར་གསོ་བ་རིག་པའི་བསྟན་པ་མར་འགྲིབ་ཏུ་གྱུར་ཅིང་། རང་རེ་གོང་སྨན་པའི་འཕྲིན་ལས་འདིའང་བསྡུ་བའི་དུས་ལ་བབས་འདྲ་དགོངས་པ་དང་། སྐུ་ཚེ་ཡང་དྲུག་ཅུ་རེ་གཅིག་གི་ཚེ་ཚད་ལས་མེད་ཀྱང་ད་བར་འགྱངས་པ་དཀོན་མཆོག་གི་བཀའ་དྲིན་ཡིན། ད་སེམས་ཉིད་གཏན་ལ་ཕབ་པའི་དུས་ལ་བབས་འདུག་དགོངས་ཏེ་ཡུམ་ལ་མངགས་གཏམ་དང་། དུས་ཀྱི་རིམ་གྲོ་སུམ་འགྱུར་དུ་བགྱིད་དགོས་གསུངས་ཏེ་འཆི་བ་ལ་འགྱོད་མེད་ཀྱི་རྟོགས་བརྗོད་འདི་དག་གསུངས།


          ཕ་མཁྱེན་བརྩེའི་བདག་ཉིད་གོང་སྨན་པ། །བཀའ་དྲིན་ཆེ་བའི་ཞབས་ལ་འདུད། །བདག་འཆི་བས་གཏུགས་པའི་འཚོ་ཐབས་པ། །དུས་དེང་སང་དཀོན་མཆོག་འཕན་དར་ཞེས། །ལྗོངས་དབུས་གཙང་ཀུན་ཏུ་གྲགས་ལགས་ཀྱང་། །ད་ལོང་མེད་ཚེ་ཞབས་ནུབ་རིར་ཉེ། །ལར་ཆོས་ཀུན་རྨི་ལམ་སྒྱུ་མ་འདྲ། །སྒོས་སྒྱུ་ལུས་འཇིག་པའི་ཆོས་ཅན་ཡིན། །ཚེ་འདིའི་སྣང་བ་བསླུ་འཁྲིད་མཁན། །ད་སྙན་གྲགས་ཟས་ནོར་དྲི་ཟའི་གྲོང་། །གང་ལའང་གཏད་མེད་སྨིག་རྒྱུའི་ཆུ། །ཆོས་བརྒྱད་རི་མོ་བཀྲ་ཡང་ཡལ་ནས་ཐལ། །བདག་ཚེ་འདིར་དལ་འབྱོར་རྟེན་ཐོབ་སྟེ། །མི་ལོ་བཅུ་གསུམ་སྟན་ཐོག་ནས། །ཕ་ཁྱེད་ཀྱི་བཀའ་དྲིན་ཆུ་བོའི་རྒྱུན། །དུས་རྒྱུན་ཆད་མེད་པའི་ཐུགས་རྗེའི་སྨན། །ད་རང་ལོ་དྲུག་ཅུ་རྩ་དྲུག་བར། །བློ་ཐོས་བསམ་བསྒྲུབ་པའི་ཉམས་ལེན་གྱིས། །དུས་ཡེངས་མེད་བསྟན་དང་འགྲོ་ལ་བསམས། །བུ་སྐལ་ལྡན་སྨིན་གྲོལ་ལམ་ལ་བཀོད། །མ་འགྲོ་དྲུག་སྡུག་བསྔལ་འདམ་ནས་དྲངས། །རྫས་དངོས་ཀུན་དམིགས་མེད་སྦྱིན་པོར་བསྔོས། །ཡུལ་ཕན་བདེའི་འབྱུང་གནས་གངས་རིའི་ལྗོངས། །སྔོན་རྒྱལ་བས་བྱིན་རླབས་ཐུགས་རྗེའི་བཅུད། །རྫས་ནུས་མཐུ་ལྡན་པ་སྨན་གྱི་ཚོགས། །བཅུད་འབྱུང་བའི་དྭངས་མ་ས་དང་རྡོ། །ཤིང་ལྗོན་པ་གཞོན་ནུ་ལྡུམ་བུའི་ཚོགས། །ལར་ལོ་འབྲས་མེ་ཏོག་སྨན་གྱི་མཆོག །དོན་སྤྲུལ་པ་མཛད་པ་ཇི་སྙེད་པ། །གཞིས་ས་འཛིན་མཎྜལ་བཀོད་ལེགས་པ། །བཅུད་འཛད་མེད་སྨན་གྱི་གཏེར་སྒོ་དབྱེ། །ཕྱིས་རྗེས་འཇུག་དོན་དུ་ལུང་ཡང་བསྟན། །བུ་ཤ་ནས་ཆད་པའི་རིགས་རུས་ཅན། །རྟེན་མེ་ཏོག་འཆི་བདག་སད་འཁྱེར་ཡང་། །བུ་བརྒྱུད་འཛིན་ནམ་མཁའི་སྐར་ཚོགས་བཞིན། །བདག་འཕྲིན་ལས་ནམ་མཁའི་མཐའ་ལ་བཅོལ། །ད་ཤི་ཡང་འགྱོད་པ་མེད་པ་ཡིན། །དཔལ་འཕྲིན་ལས་ལྷུན་གྲུབ་གོང་སྨན་པ། །ཐུགས་དགྱེས་པར་མཛོད་ཅིག་སྨན་པའི་རྒྱལ། །བདག་འདི་ནས་ཞིང་གཞན་འགྲོ་བའི་ཚེ། །ཐུགས་གཉིས་སུ་མེད་དོ་གོང་སྨན་པ། །བུ་བརྩེ་བས་གཟིགས་ཤིག་འཇིག་རྟེན་མགོན། །ཡུལ་གངས་ཅན་མགོན་པོ་སྤྱན་རས་གཟིགས། །ཞིང་འདི་ན་གོང་སྨན་ཆོས་ཀྱི་རྗེ། །ཐུགས་གཉིས་སུ་མེད་དོ་བྱིན་གྱིས་རློབས། །ཞེས་དབྱིངས་དང་རིག་པ་གཉིས་མེད་དུ་འདྲེས་ཏེ་ཡུམ་དང་འཁོར་རྣམས་ལ་གསང་བ་མཛད་བཞིན་བཞུགས་དུས། ཆུ་རུག་ལུང་པར་ནད་རིམས་མང་པོས་མནར་བའི་ཚེ། ཐུགས་བརྩེ་བས་མ་བཟོད་པར་ནད་པ་སྤྱི་དང་། ཁྱད་པར་ཡོལ་འདོང་པའི་གཡོག་གཅེས་པོ་ཞིག་བལ་ཚད་ཀྱིས་བཏབ་སྟེ་སྨན་པ་གཞན་གྱིས་བོར་བའི་ཚེ། ཁོང་ཚང་གིས་སྤྱན་འདྲེན་དོས་དྲག་བྱུང་བ་ལ་སྐུ་འཁོར་རྣམས་ཀྱིས་བཤོལ་བཏབ་སྟེ། ཡོལ་འདོང་པ་དང་རང་རེ་ཐུགས་མཐུན་མེད་པའི་ཁར། ཉེ་ལམ་ཤེལ་དཀར་རྫོང་དུ་ནང་པ་བོན་གོང་པ་ལ། ཁོང་རྣམ་པས་འབུལ་ཆས་ཕུལ་ནས་ལུང་མ་བསྟན་གྱི་བཀའ་བགྲོས་ཡོད་ཚད་གདའ་བས་ཅིས་ཀྱང་མ་བྱོན་པ་འཐད་ཞུས་པས། རྗེའི་ཞལ་ནས། ང་སྤྱིར་ཐེག་པ་ཆེན་པོའི་སེམས་བསྐྱེད་དང་འགལ་ཞིང་། ཁྱད་པར་གསོ་རིག་གི་རྒྱུད་ལས། གནོད་བརྩོན་དགྲ་ལའང་ཕན་གདགས་གཙོར་བྱས་ཏེ།། ཞེས་གསུངས་པས་ཁོས་བློ་འགེལ་ནུས་ན། ངས་མ་ཕྱིན་ན་ཁོ་སྙིང་རྗེ་བས་འགྲོ་གསུངས་ཏེ་བྱོན་ནས་སྨན་དཔྱད་སོགས་མཛད་པས་ཁོ་འཆི་ཁ་ནས་བསྐྱབས། སླར་ཡོལ་འདོང་པས་བསམ་ངན་བཅངས་ཏེ་གོང་སྨན་དཀོན་མཆོག་འཕན་དར་རྗེས་བཅོལ་ལ་བྱོན་དགོས་པའི་གདན་འདྲེན་དང་། འབུལ་བ་སོགས་ནན་ཆེར་ཕུལ་བར་བརྟེན། འཁོར་རྣམས་ཀྱིས་བཤོལ་བཏབ་མང་པོ་ཞུས་རུང་མ་གསན་པར་འབྱོན་པའི་ཚེ། ཡོལ་འདོང་པ་བློ་བདུད་ཀྱིས་བསྐྱོད་དེ་གྲོག་པོ་ཞིག་ཏུ་མི་གོ་མཚོན་དང་བཅས་བཞག་སྟེ་སྐུ་ལ་མཚོན་གྱིས་བསྣུན་ནས་སྐུའི་ཆ་ཤས་རྣམས་དུམ་བུར་བཏུབས། སྐུ་མཚལ་གྱིས་ས་གཞི་ཁྱབ་སྟེ་དེ་ཉིད་དུ་རབ་བྱུང་བཅུ་པའི་མེ་བྱི་(སྤྱི་ལོ་1577)ལོ་ཧོར་ཟླ་7ཚེས་15 ཉིན་མྱ་ངན་ལས་འདས་སོ།།


  ཡོལ་འདོང་པ་ནི་ཁུལ་དེའི་སྨན་པའི་ལས་ཀ་བྱེད་མཁན་ཡིན་པ་དང་། ཁོ་པས་ཕྲག་དོག་དབང་གིས་མཚམས་མེད་པའི་ལས་ངན་བསགས་པ་ཕྱིས་སུ་ངོས་ཟིན་ནས་འགྱོད་གདུང་དྲག་པོ་སྐྱེས་ཚུལ་རྣམ་ཐར་མཇུག་ཏུ་གསལ་བ་བཅས་སོ།།


-འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།




 

 

མཐའ་མའི་འདོན་ཐེངས་།: 06.01.2017 ཉིན། 3:45 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཧི་མ་ཅལ་མངའ་སྡེའི་ནང་ཕག་པའི་ཆམ་རིམས་ཀྱི་འཇིགས་སྣང་།

ནུས་པ་གྲང་བསིལ་ཆེས་པའི་སྣུམ་གྱིས་ནད་སྣ་ཚོགས་སྐྱེད་པར་བཤད།

སྨན་རྩིས་སློབ་མ་གསར་བསྡུའི་རྒྱུགས་རིམ་དང་པོའི་གྲུབ་འབྲས།

མིང་དོན་བརྡ་སྤྲོད་རྣམ་ལྔ།

གཙང་སྨན་པའི་བསླབ་བྱ་དང་སྐྱོ་མགུར།

གཙང་སྨན་པའི་སྨན་གྱི་འདྲ་དཔེ།

སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྨན་རྩིས་རིག་གནས་ཐད་ཀྱི་མཛད་རྗེས་གཙོ་བོ།

སྨན་རྩིས་ཁང་འགན་འཛིན་མཆོག་གི་གསུང་བཤད།

ཡོ་ག་ལག་ལེན་དམར་ཁྲིད་དབུ་ཚུགས་པ།

རིགས་ལམ་ངོ་སྤྲོད་སོགས་ཀྱི་འཆད་ཁྲིད་མུ་མཐུད་གནང་རྒྱུ།

ལོ་ངོ་ ༡༠༡ འཁོར་བའི་དུས་དྲན་མཛད་སྒོ།

བརྟག་ཐབས་རིག་པའི་རྒྱལ་ཡོངས་ཚོགས་འདུའི་སྒོ་འབྱེད་གཏམ་བཤད།

གཏེར་བདག་གླིང་པ།

ཉི་ཐང་སྨན་མཁྱེན་བློ་བཟང་རྒྱ་མཚོ།

རྒྱལ་བ་ལྔ་པ་ཆེན་པོ།