སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

བཀྲས་ཁང་བྱམས་པ་ཐུབ་དབང་།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 12.12.2017
གསོ་རིག་མཁས་དབང་རིམ་བྱོན། >>


བཀྲས་ཁང་བྱམས་པ་ཐུབ་དབང་།

- བྱམས་པ་འཕྲིན་ལས།
 

            བཀྲས་ཁང་སྤྱི་ཁྱབ་བྱམས་པ་ཐུབ་དབང་ནི། དུས་རབས་ཉི་ཤུ་པའི་ནང་བོད་ཀྱི་གསོ་རིག་ཡར་རྒྱས་གོང་འཕེལ་འགྲོ་བར་མཛད་རྗེས་ཤིན་ཏུ་ཆེ་བའི་མཁས་དབང་ཞིག་ཡིན། སྐུའི་ཁྱིམ་གཞིས་ནས་བཤད་ན་ལྷོ་ཁ་ཆང་ཁྱིམ་ཞེས་པ་དང་། སྟོད་ལུང་ནམ་མཁའ་དངོས་གཞི་གཉིས་ཞོལ་བཀྲས་ཁང་ཡབ་མེས་བརྒྱུད་བཅས་ཀྱི་ཕ་གཞིས་ཡིན་པས་ལ་ལས་བཀྲས་ཁང་སྤྱི་ཁྱབ་མཁན་པོ་ཞུ་བ་དང་། རེས་འགས་དངོས་གཞི་བ་བྱམས་པ་ཐུབ་དབང་ཞེས་འབོད་སྲོལ་འདུག ཆུང་ནས་ཡིག་རྩིས་ཡོན་ཏན་ལ་སྦྱངས་བརྩོན་གནང་ཞིང་། སྐུ་ན་སོན་སྐབས་བཀྲས་ཁང་གི་མཚན་ཐོག་ནས་ས་གནས་སྲིད་གཞུང་གི་རྩེ་དྲུང་དཀྱུས་མ་དང་། དེ་རྗེས་རྩེ་མགྲོན་གྱི་གོ་གནས་བཞེས་པར་གྲགས།
 

དམ་པ་དེས་བོད་ཀྱི་གསོ་རིག་ལ་སྦྱངས་བརྩོན་གནང་ཚུལ་ནི་ལྷོ་བྲག་ཏུ་རྫོང་དཔོན་གྱི་ཕྱག་ལས་གནང་དུས་གང་ཉིད་ལ་བསྙུང་གཞི་དྲག་པོ་ཞིག་ཕོག་པར་ས་གནས་དེ་གའི་སྨན་པ་ཞིག་གིས་བཅོས་ཀ་ཞུས་པས་སེང་དྲག་བྱུང་བ་དེས་སྨན་དཔྱད་བསླབས་ན་ནད་པར་ཕན་ཐོགས་ཡོད་པ་དངོས་སུ་གཟིགས་པས་རྐྱེན་བྱས་ཐོག་མར་ལྷོ་བྲག་གི་སྨན་པ་དེའི་དྲུང་ནས་རྩ་རྒྱུད་དང་། རྩ་ཆུ་འཁྲིད་སྦྱོང་གི་སྨན་གཞུང་སློབ་པའི་ཚུལ་མཛད།
 

དེ་རྗེས་ལྷོ་བྲག་ནས་ལྷ་སར་ཕྱིར་ལོག་ཕེབས་སྐབས་རྒྱུན་གཏན་ཐུགས་འདྲིས་ཆེ་བ་པར་ཁང་རྩེ་དྲུང་རྒྱལ་མཚན་ཕུན་ཚོགས་ཞེས་པ་ཞོལ་དམག་སྥྱི་ཁང་ཡང་སྟེང་དུ་བཞུགས་པ་དེའི་རྩར་ཁམས་ཀྱི་བླ་མ་རིག་གནས་སྤྱི་དང་། ཁྱད་པར་གསོ་རིག་ལ་མཆོག་ཏུ་གྱུར་པ་ཞིག་གདན་དྲངས་ནས་ཁོང་རང་སྨན་གཞུང་གསན་བཞེས་གནང་གི་ཡོད་པའི་སྐོར་བཀྲས་ཁང་བྱམས་པ་ཐུབ་དབང་ལ་ཞུས་པ་དེའི་མོད་ལ་ཐུགས་ལ་མི་ཕྱེད་པའི་དད་འདུན་འཁྲུངས་ཏེ་བླ་མ་དེའི་ཞབས་ལ་བཏུགས་ནས་སྨན་དཔྱད་མཐར་ཕྱིན་ཞིག་སྦྱོང་རྒྱུའི་ཐུགས་འདུན་དྲག་པོ་ཤར་ཏེ་ཐོག་མར་པར་ཁང་རྩེ་དྲུང་རྒྱལ་མཚན་ཕུན་ཚོགས་ཀྱི་བཞུགས་ཡུལ་ལ་མཉམ་དུ་སྨན་གཞུང་རྩ་རྒྱུད་ནས་བཟུང་སྟེ་གསན་བཞེས་གནང་། རྗེས་སུ་ཆེད་མངགས་བླ་མ་དེ་བཀྲས་ཁང་གཟིམས་ཤག་ཏུ་གདན་ཞུ་མཛད་དེ་ཐོས་བསམ་གནང་རྒྱུའི་ཐུགས་དགོངས་ཡོད་ཀྱང་། བཀྲས་ཁང་གཟིམས་ཤག་རྒྱ་ཆེ་བ་དང་འདུ་འཛི་ཆེ་བས་པར་ཁང་གི་བཞུགས་ཡུལ་དང་བསྡུར་ན་དབེན་པོ་མེད་པའི་གནས་ལུགས་གསུངས་ཏེ་བཞུགས་འདོད་ཆེར་མ་མཛད། འོན་ཀྱང་ཐབས་ཤེས་ཡོད་རྒུས་སྨན་དཔྱད་སློབ་གཉེར་གནང་རྒྱུ་མཐར་སྐྱེལ་མཛད་པས་རིམ་བཞིན་གསོ་རིག་གཞུང་དང་། ལག་ལེན་གཉིས་ཀར་བྱང་ཆུབ་པ་བྱུང་བར་བརྟེན་རབ་ཚེས་མེ་བྱ་(སྤྱི་ལོ་1897)ལོ་ཟླ་ 5 ཚེས་ 5 ཉིན་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་དམིགས་བསལ་བདག་རྐྱེན་དང་བཅས་པའི་སྒོ་ནས་མཁས་དབང་བྱམས་པ་ཐུབ་དབང་ལ་མཁན་ཆུང་གི་གོ་གནས་ཐོག་སྐུ་བཅར་བླ་སྨན་བགྲེས་པར་བསྐོ་བཞག་དང་། དེ་བཞིན་སྟོད་ཤེལ་དཀར་ཆོས་སྡེ་ནས་ཡིན་པའི་འཚོ་བྱེད་མཁས་དབང་བྱ་སྦུག་པ་དམ་ཆོས་དཔལ་ལྡན་ལ་དུས་གཅིག་ཏུ་བླ་སྨན་གཞོན་པ་དང་། ལས་ཚན་པའི་གོ་གནས་བསྩལ་ཏེ་སླད་ཕྱིན་བོད་ཀྱི་གསོ་རིག་མི་ཉམས་གོང་འཕེལ་ཡོང་ཕྱིིར་བླ་སྨན་བགྲེས་གཞོན་རྣམ་གཉིས་ལ་ལྩགས་རི་རིག་བྱེད་འགྲོ་ཕན་གླིང་ནས་བློ་གསལ་དོན་གཉེར་ཅན་ཆེད་མངགས་བདམ་གསེས་ཀྱིས་གསོ་སྐྱོང་བྱེད་དགོས་པའི་བཀའ་དགོངས་ལྟར། ཐེངས་དང་པོར་བཀྲས་ཁང་བྱམས་པ་ཐུབ་དབང་མཆོག་ལ་སློབ་མ་དབུས་སྟོད་བྲག་དབར་དགོན་གྱི་སྨན་གྲྭ་དགེ་འདུན་སྙན་གྲགས་དང་། ལྷོ་ཁ་དར་རྒྱས་གླིང་གི་སྨན་གྲྭ་ལྷུན་གྲུབ་གྲགས་པ། འཕན་པོ་དགའ་ལྡན་ཆོས་འཁོར་གྱི་སྨན་གྲྭ་ངག་དབང་ཆོས་འབྱོར་གསུམ་དང་། ཐེངས་གཉིས་པར་རྩེད་ཐང་ལྔ་མཆོད་ཀྱི་སྨན་གྲྭ་མཁྱེན་རབ་ནོར་བུ། བསྟན་པ་ཡར་འཕེལ། དབུས་སྟོད་བྲག་དབར་དགོན་གྱི་སྨན་གྲྭ་ཚུལ་ཁྲིམས་སྙན་གྲགས་བཅས་བྱུང་བ་ལས། ཐེངས་དང་པོའི་སྨན་སློབ་གསུམ་ནས་དར་རྒྱས་གླིང་གི་ལྷུན་གྲུབ་གྲགས་པ་ཟེར་བ་ཤེས་ཡོན་དྲག་ཤོས་ཡིན་པས་མདོ་སྨད་སྤྱི་ཁྱབ་དང་པོ་བཀའ་བློན་བླ་མ་བྱམས་པ་བསྟན་དར་གྱི་བླ་སྨན་དུ་གཏོང་གནང་མཛད་ཅིང་། དེ་མིན་དགེ་འདུན་སྙན་གྲགས་དང་། ངག་དབང་ཆོས་འབྱོར་གཉིས་སྐྱ་བབས་ཏེ་ལྩགས་རིར་མ་བཞུགས་པར་སྒེར་གྱི་སྨན་པ་གནང་འདུག དེའི་སྐོར་བཀྲས་ཁང་བྱམས་པ་ཐུབ་དབང་མཆོག་གིས་བླ་སྨན་བྱ་སྦུག་པར་ཁྱེད་ཀྱི་དགེ་ཕྲུག་རྣམས་བཙུན་པ་དང་དུལ་བ་ཡག་པོ་འདུག་ངའི་དགེ་ཕྲུག་ནི་རིག་པ་བཀྲ་ཞིང་ཤེས་ཡོན་བསླབ་ཤེས་ཐུབ་ཀྱང་ཚང་མ་ར་གཞུག་སྤངས་ཚར་འདུག་ཅེས་ཐུགས་འགྱོད་ངང་ནས་གསུངས་པར་གྲགས། གོང་གསལ་སྨན་སློབ་དགེ་འདུན་སྙན་གྲགས་གུང་ཐང་ལ་བཞུགས་ནས་གུང་ཐང་ཨེམ་རྗེ་ཞེས་སྐད་གྲགས་བྱུང་ཞིང་། ངག་དབང་ཆོས་འབྱོར་ཀུན་གླིང་ལྡེ་འཆང་བྱས་ཏེ་མཁར་རྩེ་རྫོང་ལ་ཡུན་རིང་བཞུགས།
 

ཐེངས་གཉིས་པའི་སྨན་སློབ་གྲས་ནས་བསྟན་པ་ཡར་འཕེལ་སྐུ་ཚེ་མ་ཟིན་ཅིང་། མཁྱེན་རབ་ནོར་བུ་དང་ཚུལ་ཁྲིམས་སྙན་གྲགས་གཉིས་མཚན་སྙན་ཐོན་པ་བྱུང་། ལྷག་པར་མཁྱེན་རབ་ནོར་བུ་མཆོག་ཐུགས་སྲས་དམ་པར་གྱུར་ཏེ་སྨན་རྕིས་ཁང་གསར་འཛུགས་སྐབས་སློབ་དཔོན་དུ་བསྐོ་བཞག་གནང་སྟེ། སྐུ་ཚེ་མཐའ་འཁྱོལ་གྱིས་སྨན་དཔྱད་ཀྱིས་མཚོན་རིག་གནས་མཐའ་དག་ལ་མཁྱེན་པ་རྒྱས་པས་སྨན་རྩིས་མཁན་པོ་ཞེས་པའི་སྙན་གྲགས་དང་འགྲོ་དོན་འཕྲིན་ལས་བསམ་གྱིས་མི་ཁྱབ་པ་བྱུང་། ཚུལ་ཁྲིམས་སྙན་གྲགས་ཞེས་པའང་ལྕགས་རི་རིག་བྱེད་ངོ་མཚར་འགྲོ་ཕན་གླིང་གི་དགེ་རྒན་ལས་རོགས་ཀྱི་ཕྱག་ལས་དང་། སྐུ་ཡོན་ཆེ་བས་སྨན་གཞུང་འཁྲིད་སྦྱོང་གིས་བརྒྱུད་འཛིན་གསོ་སྐྱོང་མི་ཉུང་བ་མཛད་འདུག དེ་མིན་ད་དུང་བཀྲས་ཁང་སྤྱི་ཁྱབ་མཁན་པོའི་ཞབས་འབྲིང་གྲས་ནས་སྨན་སློབ་སེ་རའི་གྲྭ་པ་ལྷ་ཀླུ་སྐོར་པ་ཞེས་པ་དང་ ཨེམ་རྗེ་ཆུང་ཆུང་མིང་དངོས་ཐུབ་བསྟན་ཚེ་དཔལ་ཟེར་བ་རིག་འཛིན་ལྷུན་གྲུབ་(རྗེས་སུ་ཉག་རོང་ཤར་རྒན་ལགས་ཞུ་བ་)བཅས་ཡོད་ཅིང་། དེའི་ནང་ནས་ལྕགས་རིའི་དགེ་རྒན་ཚུལ་ཁྲིམས་རྒྱལ་མཚན་ལགས་ཏཱ་ལ་སྐུ་ཕྲེང་བཅུ་གསུམ་པར་ཕྱག་རྩ་ཞུ་རྒྱུ་དང་། ལྷ་ཀླུ་སྐོར་པ་ནས་གསོལ་སྨན་བཞེས་ན་ལེགས་པའི་སྐོར་བཀྲས་ཁང་སྤྱི་ཁྱབ་མཁན་པོས་སྙན་གསེང་གནང་བ་ལྟར་སྐབས་རེ་ཚུལ་ཁྲིམས་རྒྱལ་མཚན་གྱིས་ཕྱག་རྩ་ཞུས་རྗེས་ལྷ་ཀླུ་སྐོར་ལགས་ནས་གསོལ་སྨན་འབུལ་གྱི་ཡོད་པའི་ཤོད་སྲོལ་འདུག
 

ཤིང་འབྲུག་(སྤྱི་ལོ་1904)ལོ་ཏཱ་ལ་སྐུ་ཕྲེང་བཅུ་གསུམ་པ་པེ་ཅིང་དུ་ཆིབས་བསྒྱུར་སྐབས་བྱམས་པ་ཐུབ་དབང་མཆོག་སྐུ་བཅར་བླ་སྨན་མཛད་དེ་ལྷན་དུ་ཕེབས་མྱོང་ཞིང་། དུས་དེར་སྨན་དཔྱད་ཀྱི་མཛད་འཕྲིན་རྒྱ་ཆེར་བྱུང་ནས་སྙན་གྲགས་ཧ་ཅང་ཆེ་བ་བྱུང་། དེ་རྗེས་ས་བྱི་(སྤྱི་ལོ་1912)ལོར་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་རྒྱ་གར་དུ་ཆིབས་བསྒྱུར་སྐབས་སླར་ཡང་སྐུ་བཅར་བླ་སྨན་གྱི་ཐུགས་འགན་བཞེས་ཏེ་འཕགས་ཡུལ་དུ་ཕེབས། རབ་རྒྱལ་ཆུ་གླང་(སྤྱི་ལོ1913)ལོའམ་ཡང་ན་ཤིང་སྟག་(སྤྱི་ལོ་ 1914)ལོ་གང་རུང་ལ་རྒྱལ་དབང་མཆོག་ནས་གཟིགས་སྐྱོང་ཅི་ཆེའི་སྒོ་ནས་སྐུ་བཅར་བླ་སྨན་སྤྲི་ཁྱབ་མཁན་པོའི་དབུ་གནས་བཀའ་དྲིན་དུ་བསྩལ།
 

མེ་འབྲུུག་(སྤྱི་ལོ་1916)ལོར་ལྷ་ས་སྨན་རྩིས་ཁང་གསར་འཛུགས་ཀྱི་དགོངས་བཞེས་གནང་སྐབས་ཤོད་སྐོར་རྩིས་ཁང་ནས་དབྱིན་ཡིག་སློབ་གྲྭ་གཞི་ཁྱོན་ཆེ་བ་ཞིག་བསྟན་གླིང་གཏོར་རྒྱག་གླིང་ཁར་འཛུགས་རྒྱུར་སྙན་ཞུ་ཕུལ་བར་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པས་ཆོག་མཆན་མ་གནང་སྟབས་དེ་འཕྲལ་སྨན་རྩིས་སློབ་གྲྭ་གཞི་ཁྱོན་ཆུང་ཙམ་ཞིག་འཛུགས་རྒྱུའི་སྙན་ཞུ་གནང་བར་ཆོག་མཆན་ཕེབས་པར་མ་ཟད། དངོས་སློབ་ལྕགས་རི་རིག་བྱེད་གླིང་གི་འཚོ་བྱེད་འབྲས་སྤུངས་སྨན་སྦྱིན་པ་མཁྱེན་རབ་ནོར་བུ་སློབ་གྲྭའི་འགོ་འཛིན་དང་རྩེ་དྲུང་ལས་ཚན་པའི་གོ་གནས་ཡོང་བའི་སྙན་ཞུ་ལའང་ཕྱག་རྟགས་ཕེབས་ཏེ་སྨན་རྩིས་ཁང་བདེ་བླག་ངང་འཛུགས་ཐུབ་པ་བྱུང་འདུག
 

དངོས་གཞི་སྨན་རྩིས་སློབ་གྲྭ་བཙུགས་རྗེས་བརྒྱུད་འཛིན་གསོ་སྐྱོང་དང་། དེ་མིན་ལས་དོན་ཆེ་ཕྲ་ཀུན་ལ་བཀྲས་ཁང་སྤྱི་ཁྱབ་མཁན་པོ་བྱམས་པ་ཐུབ་དབང་སྐུ་ངོ་མས་ཐུགས་འཁུར་ཆེ་བཞེས་ཁར། སྨན་རྩིས་ཁང་ནས་སྨན་པ་ཐོན་དུས་རྩ་རྒྱུད་སྡོང་འགྲེམས་སོགས་ཀྱི་རྒྱུགས་བཀྲས་ཁང་གཟིམས་ཤག་ཏུ་འབུལ་དགོས་ལ་ལོ་རེའི་ལོ་ཐོའི་གཟིགས་ཕུད་ཀྱང་རྩིས་པའི་དགེ་རྒན་ངོ་མ་ཕྱིན་ཏེ་སྤྱན་བསྟར་ཞུ་རྒྱུ་སོགས་ཀྱི་ལམ་སྲོལ་ཆགས། ལྷག་ཏུ་སྨན་རྩིས་ཁང་བཙུགས་རྗཝས་བྱིས་པའི་ཉེར་སྤྱོད་འགྲོ་ཕན་སྙིང་ནོར་ཞེས་པ་བརྩམས་པར་མཛད་དེ་སྨན་ཁག་བརྒྱད་རྫོང་གཞིས་དགུ་ཅུ་གོ་དྲུག་ཙམ་ལ་ཁྱབ་སྤེལ་དང་། ད་དུང་རྫོང་ཁོངས་དོ་དམ་བྱེད་མཁན་སོ་སོའི་སྨན་རྣམས་བླངས་ཏེ་མིང་ཐོ་དགོས་པའི་བཀའ་ཁྱབ་གནང་། ཐ་ན་ཕ་མ་རྣམས་ནས་ཀྱང་རང་རང་གི་རིགས་མྱུག་གི་བདེ་རྩ་གལ་ཆེར་བསམ་ཤེས་རྒྱུན་འཁྱོངས་ཐོག་ལོག་པའི་ཐེ་ཚོམ་ཡིད་གཉིས་སྤོང་དགོས་པ་སོགས་ཀྱི་དྲིལ་བསྒྲགས་སློབ་གསོ་ཤུགས་ཆེན་གནང་བར་མ་ཟད། རང་རེ་སྨན་པ་ཚོ་ལའང་སྐྱོན་བརྗོད་ལྟ་བུར། བར་སྐབས་གསོ་རིག་བསྟན་རྒྱུན་ཉམས་ཆག་ཁར་སྔོན་གྱི་མཐོང་བརྒྱུད་སོགས་རིམ་བཞིན་ཉམས་རྐྱེན་བྱིས་པ་གསོ་ཚུལ་ཇི་བཞིན་མི་ཤེས་སྐྱོན་གྱིས་མི་རིགས་ཕལ་ཆེར་བློ་རྩལ་དང་། འབད་བརྩོན། གཟུགས་བྱད་རྣམས་ཞན་ཅིང་། ཚེ་ཐུང་ནད་མང་། རང་བཞིན་ངན་པས་ཕ་མའི་ངག་ལའང་མི་ཉན་པ་སོགས་ཉེས་སྐྱོན་ཇི་སྙེད་ཅིག་མི་འདིད་ཐོག་ཏུ་འབབ་པའི་ཚུལ་འདི་མཐོང་ནས་ཡིད་ཀྱིས་མ་བཟོད་པར་དཔལ་ལྡན་གསོ་རིག་རྒྱུད་ཀྱི་རྒྱལ་པོའི་དགོངས་དོན་ལས། བྱིས་པར་གཅེས་པའི་གསོ་ཐབས་ཉེར་སྤྱོད་ཇི་ལྟར་བྱེད་ཚུལ་གྱི་རིམ་པ་ཚང་མས་གོ་བདེར་དགོད་པར་ཞེས་ས་བཅད་བཅུ་དགུའི་སྒོ་ནས་གསུངས་པ་དང་། དེའི་མཇུག་བྱང་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བསྩལ་པའི་ནང་གསོ་བ་རིག་པའི་མན་ངག་མཐའ་དག་ལ་ཚེ་རབས་མང་པོའི་བག་ཆགས་སད་ཅིང་། རིང་ནས་སྦྱངས་སྟོབས་ཀྱི་འབྲས་བུ་དུས་སུ་སྨིན་པ་བླ་སྨན་ཆེ་བ། ཆིང་སུ་ཅིག་ཐུ་སྤྱི་ཁྱབ་མཁན་པོ་དངོས་གཞི་བྱམས་པ་ཐུབ་དབང་ནས་གཞན་ཕན་ལྷག་བསམ་བཟང་པོས་ངག་རྩོམ་བྱིས་པ་ཉེར་སྤྱོད་འགྲོ་ཕན་སྙིང་ནོར་འདིའི་ཞེས་པ་དང་། མཇུག་བྱང་ཚིགས་བཅད་དུ་ཡང་། གཞན་དོན་སྐྱོང་ལ་མི་སྐྱོའི་གཡུ་རལ་མཛེས། །དམ་བཅའི་སྙིང་སྟོབས་མཆེ་སྡེར་རྣམ་པར་འགྱིངས། །རྩ་བཤད་ཕྱི་མ་མན་ངག་རྒྱུད་བཞིའི་གར། །ཟབ་དོན་བསིལ་རིའི་ལྷུན་པོར་འཕྱོ་ཞིང་རྩེན། །གཞན་ཕན་ལྷག་བསམ་བཟང་པོས་ཀུན་བསླངས་ཏེ། །ཁོལ་ཕྱུང་བྱིས་པ་ཉེར་སྤྱོད་མདོ་ཙམ་ཞིག །སྤེལ་འདིར་མཆོག་དམན་ཀུན་གྱིས་རྗེས་འཇུག་མཐུས། །ཕན་ཡོན་ལག་རྩེར་སོན་པའི་དཔལ་ཐོབ་ཤོག །ཅེས་བསྔགས་བརྗོད་ཅི་ཆེའི་ཐོག་ཐུགས་སྨོན་བཟང་པོས་རབ་ཏུ་བརྒྱན་པའི་པར་བྱང་སྨོན་ཚིག་བཀའ་དྲིན་བསྐྱངས་པ་ལྟར་སྨན་རྩིས་ཁང་ནས་དེ་དོན་ཕྱག་བཞེས་རྩེ་གཅིག་ཏུ་གནང་བས་རྒྱ་ཁྱབ་བྱིས་པ་མང་པོར་ཕན་པ་ཤིན་ཏུ་རྒྱ་ཆེན་པོ་བྱུང་།
 

ས་ལུག་(སྤྱི་ལོ་1919)ལོར་ལྩགས་རི་རིག་བྱེད་གླིང་གི་སྨན་པ་རྣམས་དང་། སྨན་རྩིས་སློབ་གྲྭའི་སྨན་སློབ་མཉམ་དུ་བདུད་རྕི་སྨན་གྱི་ངོས་འཛིན་གྱི་ནང་གསེས་ཁྲོག་སྨན་རྣམ་གྲངས་ཀྱི་སྨན་ངོ་གཟབ་རྒྱས་བཤར། ཐོན་སྐོར་གྲལ་སྒྲིག་གི་ཉིན་བཀྲས་ཁང་སྤྱི་ཁྱབ་མཁན་པོ་སྐུ་ངོ་མ་གཏོར་རྒྱག་གླིང་ཁར་ཕེབས་ཏེ་གཟིགས་ཞིབ་དང་། ཚོགས་ཡོངས་ལ་གསེར་ཌམ་གཅིག་གི་གསོལ་རས་ཐོག་འཇམ་དཔལ་མཚན་བརྗོད་ཀྱི་ལྗགས་ལུང་བསྩལ་བ་སོགས་དམ་པ་གང་དེས་ལྩགས་རི་གྲྭ་ཚང་དང་། སྨན་རྩིས་ཁང་གཉིས་ཀར་བཀའ་དྲིན་ཆེ་བ་དང་། འགྲོ་ཕན་ཉེར་འཚོའི་ངང་དུ་འཚོ་ཞིང་བཞུགས།
 

ལྕགས་བྱ་(སྤྱི་ལོ་1921)ལོར་ནོར་བུ་གླིང་ཁར་བཀྲས་ཁང་སྤྱི་ཁྱབ་མཁན་པོ་སྐུ་ངོ་མས་གཙོ་སྐྱོང་གིས་བཙོ་ཐལ་བཟོ་གནང་མཛད་ཅིང་། དེ་དུས་དངོས་སློབ་བླ་སྨན་མཁྱེན་རབ་ནོར་བུ་དང་། ལྩགས་རི་ནས་ཚུལ་ཁྲིམས་རྒྱལ་མཚན་དང་། རྣམ་རྒྱལ། ཚོགས་གཉིས་ལགས། དེ་མིན་ཞབས་གྲས་དང་སྨན་སློབ་གཅིག་ལྩོགས་ལྷ་ཀླུ་སྐོར་པ་དང་། རིག་འཛིན་ལྷུན་གྲུབ་(ཉག་རོང་ཤར་རྒན་ལགས།)སོགས་ལ་མཐོང་བརྒྱུད་ལག་ལེན་མཐའ་དག་སྦ་གསང་མེད་པ་སློབ་པར་མཛད། དེ་དུས་ཉིན་གཅིག་གསེར་ཐལ་བཟོ་དུས་རྫ་དམ་ཁ་ཡག་པོ་བཀག་མ་ཐུབ་པའི་རྐྱེན་གྱིས་འབར་གས་བྱུང་སྟེ་རྫ་དམ་ནམ་མཁར་འཐོར་བ་དང་། ནོར་གླིང་སྡིང་ཆའི་དཀྱིལ་ལ་བབས་པའི་གནས་ཚུལ་བྱུང་རུང་། རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པས་བཀའ་རྩད་གནང་སྟེ་ཡང་བསྐྱར་ཚོད་ལྟ་བྱེད་དགོས་པ་དང་། གསེར་སོགས་རྩེ་ཕྱག་ལས་ཁུངས་ནས་སྤྲོད་རྒྱུའི་བཀའ་ཁྱབ་བྱས་ཆོག་ཅེས་དབུགས་དབྱུང་མཛད་པའི་སྐོར་ཉག་རོང་ཤར་རྒན་རིག་འཛིན་ལྷུན་གྲུབ་ལགས་ནས་ཁོ་བོར་གསུངས་བྱུང་། མདོར་ན་བཀྲས་ཁང་སྤྱི་ཁྱབ་མཁན་པོ་བྱམས་པ་ཐུབ་དབང་མཆོག་གིས་སྨན་རྩིས་རིག་གནས་ཡར་རྒྱས་འགྲོ་རྒྱུར་ཐུགས་བཞེད་བླ་ན་མེད་པའི་ཁར། ལྕགས་རི་གྲྭ་ཚང་ལའང་སྨན་བླ་ལོངས་སྐུ་ཐོག་བརྩེགས་གཅིག་གི་སྐུ་བརྙན་གསར་བཞེངས་དང་། སྨན་བླའི་ཐེབས་རྩ་འཇོག་པ་སོགས་སྲི་ཞུ་བཀུར་སྟི་རྒྱ་ཆེན་པོ་མཛད་པས་མཚོན་སྐུ་ཚེ་དོན་ལྡན་གྱི་ངང་ནས་མཐར་ཆུ་ཁྱི་(སྤྱི་ལོ་1922)ལོའི་ལོ་མཇུག་ཏུ་སྐུ་བཅར་བླ་སྨན་སྤྱི་ཁྱབ་པོའི་མཚན་གནས་བཞེས་མུས་སུ་ནོར་བུ་གླིང་ཁར་སྐུ་གཤེགས་སོ།།
 

- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་འདོན་ཞུས།

 

མཐའ་མའི་འདོན་ཐེངས་།: 12.12.2017 ཉིན། 3:49 PM

<< སྔ་མ།