སྨན་རྩིས་དྲ་བ། - ལོ་རྒྱུས།

ྋགོང་ས་སྐུ་ཕྲེང་༡༣ ཆེན་པོའི་སྐབས་གསོ་རིག་འཕེལ་རིམ་སྐོར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.08.2016
ལོ་རྒྱུས། >>

 

 

 

༄༅།  །རྒྱལ་དབང་ྋསྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གིས་ལྷ་ས་སྨན་རྩིས་ཁང་ཕྱག་བཏབ་ནས་

བོད་ཀྱི་གསོ་བ་རིག་པ་འཕེལ་རིམ་གྱི་སྐོར།

 

                                                                                                                               - སྨན་རམས་པ་ངག་དབང་བཟོད་པ།

 


ངག་དབང་བློ་གཏེར་བསྐལ་བཟང་ཐུབ་དབང་བསྟན། །

རྒྱ་ཆེན་དབྱར་གྱི་མཚོ་བཞིན་སྤེལ་བའི་སླད། །

འཇིགས་བྲལ་ས་གསུམ་དབང་ཕྱུག་ཕྱོགས་ཀུན་ལས། །

རྣམ་པར་རྒྱལ་བའི་སྡེ་ལ་གསོལ་བ་འདེབས། །

 

 དེ་ཡང་གངས་རི་རྭ་བས་ཁོར་ཡུག་ཀུན་ཏུ་བསྐོར་བའི་བསིལ་ལྡན་ཁ་བ་ཅན་གྱི་ལྗོངས་འདིར་དར་བའི་སྨན་དང་རྩིས་ཀྱི་རིག་པའི་ལྟེ་གནས་དང༌།   འགྲོ་མཆོག་གཙོ་བོར་གྱུར་པའི་རྐང་གཉིས་མིའི་ལུས་ཅན་གྱི་སྲོག་གི་དཔུང་གཉེན།  ཕན་བདེ་ཉི་ཟླ་ལྟ་བུའི་སྨན་རྩིས་ཁང་ཞེས་སྙན་པའི་གྲགས་པ་ཕྱོགས་བཅུར་རྒྱས་པ་འདི་ཉིད། བོད་རབ་བྱུང་བཅོ་ལྔ་མེ་འབྲུག་སྤྱི་ལོ་ ༡༩༡༦ ལོར།   ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་ལྷ་སར་གཞི་རྒྱ་ཆུང་ཙམ་གྱི་སྨན་རྩིས་སློབ་གྲྭ་གསར་འཛུགས་གནང་དགོས་པའི་ཕྱག་རྟགས་ཕེབས་པ་དང་བསྟུན་ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་ྋསྐུའི་བླ་སྨན་པ་དང་སྤྱི་ཁྱབ་མཁན་པོ་གཅིག་ལྕོགས་མཛད་མཁན་མི་རྗེ་བཀྲས་ཁང་དངོས་གཞི་བྱམས་པ་ཐུབ་དབང་གིས་དམིགས་སུ་བཀའ་དང་དུ་བླངས་ཐོག གསོ་རིག་སློབ་གསོ་དང་། སྨན་བཅོས་ལག་ལེན།   སྨན་རྫས་སྦྱོར་བཟོ།   གནམ་རིག་སྐར་རྩིས། ­­­­­­­­­­རིག་གནས། སྐད་ཡིག་བཅས་ཕྱོགས་བསྡུས་བྱས་པའི་སློབ་གྲྭ་ཆེན་མོ་བོད་ལྗོངས་ལྷ་ས་སྨན་རྩིས་འགྲོ་ཕན་གླིང་ཞེས་པ་དགོས་པ་དུ་མར་གཟིགས་ནས་གསར་འཛུགས་གནང་།

 

སྨན་རྩིས་ཁང་འཛུགས་དགོས་པའི་དམིགས་ཡུལ་དང་རྒྱུ་རྐྱེན།

བོད་དང་བོད་ཆེན་པོ་ཞེས་ཡོངས་སུ་གྲགས་པའི་ཆོས་ལྡན་གྱི་རྒྱལ་ཁབ་འདིར།  མཁས་མཛངས་ལྡན་པའི་ཆོས་རྒྱལ་རིམ་བྱོན་གྱིས་བསྐྱངས་པའི་ལོ་ངོ་ཉིས་སྟོང་ལྷག་ལ་ཉེ་བའི་དུས་ཡུན་ནང༌།  ཆོས་དང་རིག་གཞུང་སྤྱི་དང༌།  ལྷག་པར་དུ་དྲང་སྲོང་དཔྱད་བུ་ཁྲི་ཤེས་ནས་སྨན་པ་དུང་གི་ཐོར་ཅོག་ཅན།  གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ།  གཏེར་སྟོན་གྲྭ་བ་མངོན་ཤེས་སོགས་གསོ་རྩིས་རིག་པ་གཙོས་པའི་རིག་གནས་ཆེ་ཕྲ་ཀུན་ལ་མཁྱེན་དཔྱོད་ཀྱི་མངའ་བརྙེས་པའི་མཁས་ཆེན་དམ་པ་རྣམས་ནས་གཅེས་ནོར་དུ་བཞག་པའི་སྨན་རྩིས་རིག་པའི་གཞུང་ལུགས་འདི་མི་ཉམས་གོང་སྤེལ་ཆེད་ྋརྒྱལ་མཆོག་ལྔ་པ་ཆེན་པོ་དང་དེའི་གོང་དུའང་སྨན་གྱི་སློབ་གྲྭ་རེ་ཟུང་བཙུགས་ཏེ་འགྲོ་ལ་ཕན་པའི་འཕྲིན་ལས་ཀྱི་བཀའ་དྲིན་གཞལ་མེད་བསྐྱངས་མོད།   འོན་ཀྱང་དུས་དང་སྤྱི་ཚོགས་ཀྱི་འཕོ་འགྱུར་ལ་བརྟེན་མཐའ་འཁྱོལ་དཀའ་ཙམ་བྱུང་བ་དང༌།  བོད་མི་བྱིངས་རྩྭ་ཐང་དང་རི་སྒང༌།   ལུང་ཁུག་སོགས་ལ་ཆགས་ཡོད་པས་འགྲིམ་འགྲུལ་ཀྱང་སྟབས་བདེ་བོ་མེད་པས་ན།  ནད་པ་ཚབས་ཆེན་དང་ནད་རིམས་སོགས་བྱུང་སྐབས་དུས་ཐོག་སྨན་བཅོས་བྱེད་མི་ཐུབ་པའི་དཀའ་ངལ་དང༌།    བོད་ཀྱི་ཡུལ་གྲུ་འགའ་རེ་ན་སྨན་པ་གྲྭ་ཚང་རེ་ཟུང་ཡོད་ནའང་དགོན་པའི་བཅའ་ཁྲིམས་དང་ཆོ་ག་ཕྱག་ལེན་གྱི་ལས་འགན་ལྕི་བ་སོགས་ཀྱི་རྐྱེན་པས་སྤྱི་ཚོགས་ཁྲོད་དུ་ཕན་རླབས་དེ་ཙམ་ཐོན་མི་ཐུབ་པའི་དཀའ་ངལ་དང་།    སྐྱ་སེར་དང་རིགས་རུས་ཁྱད་མེད་ཀྱི་བློ་གསར་དོན་གཉེར་ལྡན་པས་སྨན་རྩིས་རིག་པ་འདིར་ཅི་དགར་ལོངས་སུ་སྤྱོད་རྒྱུ་དང༌།   ལུང་ཁུག་འགའ་རེ་ན་གདོད་མའི་སྤྱི་ཚོགས་ནས་བཟུང་འཚོལ་སྒྲུབ་བྱུང་བའི་ནད་གཞི་ཁག་ཅིག་ལ་གཅིག་ཆོག་སྨན་བཅོས་ཀྱི་མན་ངག་ཟབ་མོ་ཡོད་པ་དག་འཚོལ་སྒྲུབ་ཀྱིས་གངས་ལྗོངས་ཡངས་པའི་ཁྱོན་ལ་ཁྱབ་བརྡལ་བཏང་ནས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ།     སྔོན་བྱོན་མཁས་དབང་རྣམས་ཀྱི་བརྩམས་ཆོས་ཕྱོགས་བསྒྲིགས་དང་ཞིབ་འཇུག་སྔོན་ལས་ལྷག་པའི་སྒོ་ནས་རྫོང་གཞིས་ཁག་གི་མི་དམངས་ཀྱི་བདེ་རྩ་དང་ཁེ་ཕན་ཁོ་ན་ལ་དམིགས་ཏེ་སྨན་བཅོས་བྱེད་རྒྱུ།  བོད་ཀྱི་སྨན་རྩིས་རིག་པའི་བང་མཛོད་འདི་ཉམས་པ་སོར་ཆུད་དང་ཡོད་པ་རྒྱུད་འཛིན། མེད་པ་གསར་འདྲེན་བྱེད་རྒྱུ།  སྨན་རྩིས་གཉིས་ཀྱི་ཤེས་ཡོན་འབུར་དུ་ཐོན་པའི་མི་སྣ་གང་མང་གསོ་སྐྱོང་བྱས་ཏེ་ཆོལ་ཁ་གསུམ་གྱི་ཡུལ་ཕྱོགས་གང་སར་འགྲོ་དོན་དུ་ཞབས་འདེགས་ལེགས་པར་བསྒྲུབ་ཐུབ་པ་དང་།    བོད་ཀྱི་གསོ་རིག་དང་སྨན་གྱི་རིག་པ་འདི་བཞིན་སྐྱེ་འགྲོ་དྲག་ཞན་མཐོ་དམན་སྤྱི་དང་།   ལྷག་པར་བྲོ་འཚལ་བ་ཉམ་ཐག་དག་ལ་སྨན་པ་ཁྱད་དུ་འཕགས་པ་གཟིགས་ཏེ་ཅི་ནས་ཀྱང་དར་རྒྱས་ཡོང་བར་དགོངས་ཏེ་སྔ་སོར་ལྕགས་རི་འགྲོ་ཕན་གླིང་དོ་དམ་ལ་ཤུགས་སྣོན་དང་།   སྔར་བརྐོས་རྒྱུད་བཞིར་སླར་ཡང་སྐུ་ངོ་མས་དཔྱད་ཞིབ་ཞུས་དག་མཛད་པའི་ཚེ་ཆད་ལྷག་ཚིག་ནོར་སོགས་ཀྱི་ནོངས་པ་མཆིས་པར་བསྐྱར་ཞུས་ནན་ཏན་དགོས་པའི་བཀའ་ཁྱབ་དག་ཐེར་མཛད་པ་མ་ཟད།   བོད་རབ་བྱུང་བཅོ་ལྔ་མེ་འབྲུག་སྤྱི་ལོ་༡༩༡༦ལོར།   ྋརྒྱལ་དབང་བཅུ་གསུམ་པ་ཆེན་པོས་ལྷ་སར་གཞི་རྒྱ་ཆུང་ཙམ་གྱི་སྨན་རྩིས་སློབ་གྲྭ་གསར་འཛུགས་གནང་དགོས་པའི་ཕྱག་རྟགས་ཕེབས་པ་དང་བསྟུན་ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་ྋསྐུའི་བླ་སྨན་པ་དང་སྤྱི་ཁྱབ་མཁན་པོ་གཅིག་ལྕོགས་མཛད་མཁན་མི་རྗེ་བཀྲས་ཁང་དངོས་གཞི་བྱམས་པ་ཐུབ་དབང་གིས་དམིགས་སུ་བཀའ་དང་དུ་བླངས་ཐོག   གསོ་རིག་སློབ་གསོ་དང་། སྨན་བཅོས་ལག་ལེན།  སྨན་རྫས་སྦྱོར་བཟོ།  གནམ་རིག་སྐར་རྩིས། རིག་གནས།  སྐད་ཡིག་བཅས་ཕྱོགས་བསྡུས་བྱས་པའི་སློབ་གྲྭ་ཆེན་མོ་བོད་ལྗོངས་ལྷ་ས་སྨན་རྩིས་འགྲོ་ཕན་གླིང་ཞེས་པ་གསར་འཛུགས་གནང་བ་དང་ཁོང་གིས་སྐུ་བཅར་བླ་སྨན་མཁན་པོ་དང་།    ལྕགས་པོ་རི་འགྲོ་ཕན་རིག་བྱེད་གླིང་དང་སྨན་རྩིས་སློབ་གྲྭ་གཉིས་ཀྱི་སྤྱི་ཁྱབ་མཁན་པོའི་ལས་འགན་བཞེས་ཏེ་འགྲོ་དོན་གྱི་བྱ་བཞག་མང་བར་བརྟེན།   མཁྱེན་རབ་ནོར་བུ་ལ་གཞུང་ཞབས་རྩེ་སྐོར་ལས་ཚན་པའི་གོ་གནས་ཐོག་སྨན་རྩིས་ཁང་དང༌།  ལྕགས་པོ་རི་རིག་བྱེད་གྲྭ་ཚང་གཉིས་ཀའི་དབུ་འཛིན་གཅིག་ལྕོགས་གནང་དགོས་པའི་ཕྱག་རྟགས་ཕེབས།                           


སྨན་རྩིས་སློབ་གྲྭ་ཐོག་མའི་འཛུགས་ཡུལ་དང་སློབ་ཕྲུག་བསྡུ་ཕྱོགས།

བོད་རྒྱལ་ཁབ་ཀྱི་ལྟེ་བ་ལྷ་སའི་གཙུག་ལག་ཁང་གི་ཉེ་འགྲམ་དུ་བསྟན་རྒྱས་གླིང་ཞེས་པའི་ལྷོ་ངོས་ན་ཐོག་བརྩེགས་གཉིས་ཅན་གྱི་འདུན་ཁང་ཆེན་མོ་ཞིག་ཡོད་པ་དེ་ཡིན། དེའི་ཁང་བརྩེགས་ཐོག་མའི་ནང་དུ་འགན་འཛིན་མཁྱེན་རབ་ནོར་བུའི་བཞུགས་ཤག་ལྕམ་གང་མ་གཅིག   དེ་འཕྲོས་འོག་ཁང་རྣམས་སློབ་ཕྲུག་གི་ལས་ཤག་དང༌།   སྨན་གྱི་དོས་ཁང༌།  གཉེར་ཚང༌། ཐབ་ཚང༌། ཤིང་ཁང་བཅས་པར་ཀ་བ་བཅུ་དྲུག་ཙམ་དང༌།    སྒོ་ར་ཤར་ནུབ་ཀྱི་བར་ཤུར་ཀ་བ་གཉིས་ལ་སྨན་བརྫོགས་རྡོ་གཏུན་འཇོག་ས་བྱས།    དེ་རྗེས་རང་གཞུང་བཀའ་ཤག་ནས་ད་དུང་གཏོར་རྒྱག་གླིང་ཀ་དང༌།  གཡུ་ཐོག་ཟམ་པ་ནས་བྱུས་བཏིང་གླིང་བར་གྱི་འདམ་ར་ཡོངས་རྫོགས།   དེ་བཞིན་བསྟན་རྒྱས་གླིང་གི་མདུན་ངོས་ས་ཆའི་བདག་དབང་བཅས་པ་སྨན་རྩིས་ཁང་ལ་གསོལ་རས་གནང་བ་དེ་དག་ལེགས་བཅོས་ཀྱིས་སློབ་གྲྭའི་ཁོར་ཡུག་ཀུན་ཏུ་སྨན་རྩྭའི་མེ་ཏོག་སྣ་ཚོགས་སྡུག་གུར་བཀྲ་བའི་ལྷན་སྐྱེས་ཀྱི་དྲི་ངད་དང་སྦྱར་བྱུང་དྲི་ཞིམ་སྤོས་ཀྱི་དུད་སྤྲིན་སོགས་ནི་འགྲན་པ་བཞིན་དུ་མཁའ་ལ་འཕྱུར་བཞིན་ཡོད་པ་མ་ཟད།    ཞོགས་པའི་སྐྱ་རེངས་དང་པོ་ཤར་བ་དང་དྲན་ཤེས་རྣམ་པར་དག་པའི་སློབ་ཕྲུག་རྣམས་ནི་མཚར་སྡུག་པདྨའི་གེ་སར་བཞད་པར་རྐང་དྲུག་གཞོན་ནུས་བཅུད་ལ་རོལ་བ་བཞིན།  རྒྱུད་བཞི་དང་བཻ་དཀར།   སྙན་སུམ་ལེགས་བཤད་སོགས་སྐྱོར་སྦྱོང་གི་སྒྲ་དབྱངས་གསར་པའི་མགྲིན་རྔ་ཕྱོགས་ཀྱི་མཛེས་མའི་སྙན་ལམ་དུ་ལྷང་ལྷང་སྒྲོག་པ་སོགས་ངོ་མཚར་བའི་ཁྱད་པར་སྟོང་གིས་སྒེག་པའི་སྨན་རྩིས་སློབ་གྲྭ་ཞེས་གྲགས་པའི་བ་དན་དཀར་པོ་ཕྱོགས་བཅུར་གཡོ་བ་དེ་ཉིད་དུས་ཡུན་ཐུང་ངུ་ཞིག་གི་ནང་གྲ་སྒྲིག་བྱ་བ་མཐའ་དག་གེགས་མེད་ལམ་ལྷོང་ལྡན་པའི་སྒོ་ནས་མགྱོགས་མྱུར་དང༌།    བདེ་ལེགས་ངང་བཙུགས་ཐུབ་པ་བྱུང་བ་ནི།   སྤྱིར་བཀའ་དྲིན་སྲིད་ན་འགྲན་ཟླ་མ་མཆིས་པ་ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བདག་རྐྱེན་ཚད་མེད་གནང་བ་དང༌།   ཁྱད་པར་དུ་བཀྲས་ཁང་སྤྱི་ཁྱབ་མཁན་པོ་བྱམས་པ་ཐུབ་དབང་མཆོག་གི་ཐུགས་ཁུར་ཟབ་མོའི་ཇུས་འགོད་སློབ་སྟོན་འོག་མཁྱེན་རབ་ནོར་བུ་རང་ཉིད་ཀྱི་ལྷག་བསམ་རྣམ་པར་དག་པའི་འབད་བརྩོན་བཅས་ལ་བརྟེན་ནས་བྱུང་བ་བསྙོན་དུ་མེད་དོ། །


སློབ་ཕྲུག་བསྡུ་ཕྱོགས་ཀྱང་༸གོང་ས་༸སྐྱབས་མགོན་བཅུ་གསུམ་པ་མཆོག་གིས་ལས་ཁུངས་གསར་འཛུགས་དང་སློབ་གྲྭ་གསར་འཛུགས་གནང་རྒྱུའི་བཀའ་དགོངས་གནང་ཡང་ནང་རྐྱེན་ཕྲན་བུ་ལ་བརྟེན་ལེགས་འགྲུབ་མ་བྱུང་བ་ལོ་རྒྱུས་གཞན་ལས་ཤེས་པར་བྱ་དགོས། སྨན་རྩིས་སློབ་མའི་ཡོང་ཁུངས་ནི་རྩེ་ཡིག་ཚང་ལས་ཁུངས་བརྒྱུད་བཀའ་ཤག་ཕྱག་རྟགས་དགོངས་དོན་སྐྱེ་འགྲོའི་ཕན་བདེར་དམིགས་ནས་སྨན་རྩིས་སློབ་གྲྭ་གསར་འཛུགས་གནང་རྒྱུ་ཐུགས་གཏན་འཁེལ་ཚུལ་དང༌།  སློབ་ཕྲུག་གི་ཆ་རྐྱེན་སྐོར་དགོན་སྡེ་ཡིན་ཚེ་གྲྭ་གཞོན་བློ་གསལ་དང༌། ཡི་གེ་འབྲི་ཀློག་ཤེས་པ།སྐྱ་རྩ་བརྟན་ལྡན། སྔགས་འཆང་རྩིས་པ་ཡིན་རིགས། རིག་གནས་ཀྱི་རྨང་གཞི་ངེས་ཅན་ཡོད་པ་བདམས་ནས་གཏོང་དགོས་པ་སོགས་ཀྱི་བཀའ་རྒྱའི་ནང་དོན་ལྟར་དུས་བཀག་ནང་སློབ་ཕྲུག་གཏོང་རྒྱུ་དང་ལེན་ཞུ་བའི་ལམ་སྲོལ་ཆགས་ནས་ཁྱོན་བསྡོམས་སློབ་མ་སུམ་ཅུ་ལྷག་ཡོད་སྐད། ད་དུང་སློབ་གྲྭའི་སྒྲིག་གཞིའམ་བཅའ་ཡིག་སློབ་ཡུན།   སྦྱང་བྱའི་སློབ་ཚན།  རྒྱུགས་སྤྲོད་ཚད་གཞི་དང་ལག་འཁྱེར་སྤྲོད་སྟངས་ཀྱང་གཏན་འབེབས་གནང་ཡོད།        

                            

གསོ་རིག་སློབ་གསོའི་བྱ་གཞག་གི་སྒོ་འཕར་ཡངས་པོར་ཕྱེ་པ།

ས་རྟ་སྤྱི་ལོ་༡༩༡༨ལོ་སྟེ།  སྨན་རྩིས་ཁང་བཙུགས་ནས་ལོ་གསུམ་འཁོར་ལ་ཉེ་སྐབས།   ཐེངས་གཉིས་པའི་སློབ་མ་བསྡུ་རྒྱུའི་གསལ་བསྒྲགས་གནང༌།    དགོན་སྡེ་ཁག་ལ་གསལ་བསྒྲགས་གནང་པའི་ཆ་རྐྱེན་དུ་རང་ལོ་བཅུ་གསུམ་ནས་བཅོ་བརྒྱད་བར། ཡི་གེ་འབྲི་ཀློག་ལ་བྱང་ཆ་ལྡན་པ། སྐྱེས་རུས་ཁུངས་གཙང༌། སྐྱ་རྩ་བརྟན་ལྡན།    སྐྱེས་གཟུགས་ལེགས་ཤིང་རྣམ་རིག་གསལ་བ་སོགས་འཁོད་འདུག    ལོ་དེར་ྋརྒྱལ་མཆོག་བཅུ་གསུམ་པ་རྗེ་བཙུན་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོ་འཇིགས་བྲལ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་དཔལ་བཟང་པོའི་སྐུ་བཅར་བླ་སྨན་ཆུང་བ་བྱ་སྦུག་དམ་ཆོས་དཔལ་ལྡན་སྐུ་ན་སྨིན་པའི་རྐྱེན་གྱིས་དགོངས་ཞུ་གནང་པའི་ཚབ་ཏུ། སྨན་རྩིས་ཁང་གི་འགན་འཛིན་མཁྱེན་རབ་ནོར་བུ་མཆོག་ལ་དམིགས་བསལ་བདག་རྐྱེན་ཚད་མེད་པའི་སྒོ་ནས་སྐུ་བཅར་བླ་སྨན་ཆུང་བ་བསྐོ་བཞག་གནང་རྒྱུར་ཕྱག་རྟགས་ཕེབས་པ་ལྟར་གསར་མཇལ་གྱི་རྟེན་འབྲེལ་མཛད་སྒོ་སྔར་སྲོལ་བཞིན་དུ་མཛད།  སྨན་རྩིས་སློབ་ཕྲུག་བསྡུ་ལེན་ཕྱག་རྟགས་སྔ་ཕྱི་གཉིས་སྩལ་ཏེ་སློབ་ཕྲུག་ལྔ་བཅུ་ཙམ་ལ་འཕེལ་རྒྱས་ཕྱིན་ཡོད།   བླ་སྨན་མཁྱེན་རབ་ནོར་བུ་མཆོག་ནས་སློབ་དཔོན་བཀྲས་ཁང་སྤྱི་ཁྱབ་མཁན་པོ་གང་གི་ཞབས་པད་མུ་མཐུད་བསྟེན་པ་དང༌།   ྋརྒྱལ་དབང་བཅུ་གསུམ་པའི་སྐུའི་སྨན་བཅོས་དང༌། གསོལ་སྨན་སྦྱར་རྒྱུ་བཅས་པར་སྒོ་གསུམ་རྣམ་པར་དག་པའི་སྒོ་ནས་སྲི་ཞུའི་བྱ་བ་ལྷག་བསམ་རྣམ་དག་གིས་འཁུར་དུ་བཞེས།    ད་ལྟ་ཤིང་དཔར་དུ་འཁོད་པའི་ཉེར་མཁོའི་སྨན་སྦྱོར་འཆི་མེད་བདུད་རྩིའི་བུམ་བཟང་ཞེས་པ་སྐབས་དེ་དུས་ཕྱོགས་བསྡུས་མཛད་ཅེས་གྲགས།  སྨན་རྩིས་ཁང་གིས་སྨན་རྩིས་མི་སྣ་གསོ་སྐྱོང་བྱེད་རྒྱུ་ཕུད།  ད་དུང་ལས་ཀ་གཞན་དག་གཉིས་ཡོད་པ་ལས།    སྔ་སོར་སློབ་དཔོན་བཀྲས་ཁང་སྤྱི་ཁྱབ་མཁན་པོ་བྱམས་པ་ཐུབ་དབང་མཆོག་གིས་བྱིས་པའི་བདེ་ཐབས་ལ་དམིགས་ཏེ་བྱིས་པ་ཉེར་སྤྱོད་ཀུན་ཕན་ཟླ་བའི་མེ་ལོང་ཞེས་པ་གསར་རྩོམ་གནང་བ་ལྟར། རྫོང་གཞིས་ཁག་༩༦  ལ་བྱིས་པ་ཉེར་སྤྱོད་ཀྱི་སྨན་ཁག་བསྐུར་རྒྱུ་དང༌། ཕྱོགས་མཚུངས་བྱིས་པའི་སྐྱེས་སྐར་བརྟག་པའི་ཚེ་རྩིས་འབྲས་བུ་བཏོན་ཏེ་བསྐུར་རྒྱུའི་ལས་འགན་ཡོད། སྐབས་དེར་རྫོང་གཞིས་ཁག་ནས་བྱིས་པ་ཉེར་སྤྱོད་ཀྱི་སྨན་ཡོན་ཌམ་དཀར་རེ་དང༌།  ཁ་བཏགས།   བྱིས་པའི་ཚེ་རབས་ལས་རྩིས་ཀྱི་རྩིས་ཡོན་ཞོ་གསུམ་སོགས་ཆེ་ཤོག་ཆུང་ཤོག་གིས་རྩེ་ཡིག་ཚང་ལས་ཁུངས་ལ་སྙན་ཞུ་དང་སྦྲགས་ནས་འབུལ་དགོས་ཤིང༌།   རྩེ་ཡིག་ཚང་ལས་ཁུངས་ནས་སྙན་ཞུ་དང་དངུལ་རྣམས་སྨན་རྩིས་ཁང་ལ་གསོལ་རས་སྩལ་རྗེས་བྱིས་པ་ཉེར་སྤྱོད་ཀྱི་སྨན་ཁག་བསྐུར་རྒྱུ་དང༌།   སྐྱེས་སྐར་ཚེ་རྩིས་ཤོག་ལྷེ་བཏོན་ཏེ་རྫོང་གཞིས་གང་ཡིན་ཁ་ཡིག་བརྒྱབ་ནས་བསྐུར་བ་དང༌།   ཆབས་ཅིག་དཀར་ཆག་བཟོས་ཏེ་འདྲ་ཡ་སྨན་རྩིས་ཁང་ནས་ཉར་ཚགས་བྱེད་སྲོལ་འདུག   རྒྱུ་མཚན་ནི་བྱིས་པ་ཉེར་སྤྱོད་དང་བྱིས་པའི་ཚེ་རྩིས་སྐོར་ལ་ཟླ་དྲུག་མཚམས་རྫོང་གཞིས་ཁག་གིས་ཡིག་ཚང་ལས་ཁུངས་ལ་རྩིས་ཁྲ་སྙན་ཞུ་འབུལ་རྒྱུའི་གཏན་འབེབ་ཡོད་པ་ལྟར་ཕྱོགས་བསྡོམས་སྐབས་སུ་ཧེ་བག་ཡོད་མེད་ཞུས་དག་དང་དཔྱད་གཞི་གནང་བར་མེད་དུ་མི་རུང་བ་ཡིན།   དེའི་དུས་སུ་སྨན་རྩིས་ཁང་ལ་བྱིས་པ་ཉེར་སྤྱོད་ཀྱི་སྨན་བསྐུར་རྒྱུའི་ལས་ཀ་དང༌།  ཚེ་རབས་ལས་རྩིས་རྒྱག་རྒྱུའི་ལས་འགན་ཧ་ཅང་ཆེ་བར་བརྟེན་བྱིས་པ་ཉེར་སྤྱོད་ཀྱི་སྨན་རྣམས་ཁ་བྱང་ཨང་གྲངས་ཅན་དང༌།  ཚེ་རྩིས་དཔེ་ཐུང༌།   དེ་བཞིན་སྐྱེས་སྐར་བརྟག་པའི་འབྲས་བུ་དང་དབྱངས་འཆར་གཟའ་དགུའི་རེའུ་མིག་ཤོག་ལྷེ་བཅས་ཆེད་མངགས་ཤིང་པར་བརྐོས་པར་མ་ཟད།  ཚེ་རྩིས་འགོ་བརྗོད་དུ།   འདུས་པའི་བསོད་ནམས་ས་གཞི་ལ།  །དལ་རྟེན་འབྱོར་པ་རབ་རྒྱས་ཤིང༌། །དུས་མིན་འཆི་བ་ལས་སྒྲོལ་ཏེ། །ཕན་བདེའི་ལམ་བཟང་སྟོན་པར་ཤོག །ཅེས་པའི་མཆོད་བརྗོད་ཅན་གྱི་ཤོག་ལྷེ་པར་བརྐོས་མཛད་ཡོད།   སྐབས་དེར་སྨན་རྩིས་ཁང་གི་དགེ་སློབ་ཚོས། ཉིན་མོ་ནད་པར་སྨན་བཅོས་དང༌།   བྱིས་པ་ཉེར་སྤྱོད།  སྐྱེས་སྐར་ཚེ་རྩིས།   ལོ་ཐོ་རྩོམ་སྒྲིག་སོགས་ཀྱི་ཕྱག་ལས་ཧ་ཅང་ལྕི་བོ་ཡིན།      སྨན་རྩིས་ཁང་ཐོག་མར་བཙུགས་སྐབས་ཉིན་རེར་ནད་པ་བཅུ་ཕྲག་འགའ་ལས་མེད་པ་དང༌།     སྨན་རྒྱུའི་ཡོང་ཁུངས་སྔོ་སྨན་རྣམས་དབྱར་དུས་དགེ་སློབ་སྒྲིག་འཛུགས་ཀྱིས་སྨན་འཐོགས་ལ་ཕེབས་ནས་བཏོགས་པ་དེས་རང་མཁོ་རང་ལྡེང་དང༌།   ཁྲོག་སྨན་རིགས་རང་གཞུང་བཀའ་ཤག་གི་བླ་ཕྱག་ལས་ཁུངས་དང༌།  རྩེ་ཕྱག་ལས་ཁུངས་སོ་སོ་ནས་སྨན་ཕོགས་ཞུས་ཏེ་ཁུངས་བསྐྱེལ་བྱེད་དགོས་པ་ལས་དམིགས་བསལ་སྨན་གྱི་མ་རྩ་ལྟ་བུ་གང་ཡང་མེད། དེ་རྗེས་ནད་པ་མང་དུ་སོང་ཞིང་སྨན་གྱིས་འགྲོ་གྲོན་ཆེ་བའི་དབང་གིས་ཁྲོག་སྨན་ཉོ་སྒྲུབ་ཆེད་དུ་སྨན་རྩིས་ཁང་རང་གིས་གཞན་དག་ས་ནས་མ་རྩ་གཡར་ཏེ་བལ་ཚོང་བརྒྱབ་པར་ལྷོ་ཁ་དར་རྒྱས་གླིང་གི་སྨན་སློབ་བློ་བཟང་དང༌།   མཚུར་ཕུའི་སྨན་སློབ་སངས་རྒྱས་ཆོས་འཕེལ་གཉིས་བཏང་རྗེས་རྒྱ་གར་བརྒྱུད་འབྲས་བུ་གསུམ་དང༌།  བཟང་དྲུག   ཨར་ནག་སོགས་ཉོ་ཐུབ་པ་དེས་སྨན་རྒྱུའི་དཀའ་ངལ་གནས་སྐབས་སེལ་ཐུབ་པ་བྱུང༌།  དེ་རྗེས་སྨན་རྩིས་ཁང་རིམ་བཞིན་ཡར་རྒྱས་འགྲོ་བ་དང་སྦྲགས་ལྕགས་རི་གྲྭ་ཚང་གི་འཚོ་བྱེད་རྣམས་ཀྱང་སྨན་རྩིས་ཁང་དུ་སློབ་ཁྲིད་ཞུ་བར་བཅར་དགོས་པ་སོགས་ལ་བསྟུན་མཚན་མོའི་དཔེ་ཁྲིད་གནང་བཞིན་པ་དེ་དག་ཞོགས་པའི་དུས་ཚོད་ལ་བསྒྱུར་བ་དང༌།  སྨན་རྩིས་ཀྱི་དཔེ་ཆ་བློ་འཛིན་དང་ངག་སྐྱོར་བྱེད་ཆེད་ཞོགས་པ་དང༌། མཚན་མོ་སྐྱོར་རྟ་ཚུགས་རྒྱུའི་གཏན་འབེབས་ཀྱང་གསར་དུ་གནང་སྟེ་སློབ་སྦྱོང་དམ་འཛིན་དང་སྒྲིག་ལམ་ནན་པོས་སློབ་གྲྭ་གཉེར་སྐྱོང་གི་འགོ་དེ་ནས་ཚུགས་ཞེས་གསུངས།   དེའི་སྐབས་སུ་གོང་དཀར་བདེ་ཆེན་ཆོས་འཁོར་གྱི་རྩིས་པའི་དགེ་རྒན་འཇམ་དཔལ་མཐུ་སྟོབས་ལགས་དང༌། ཟུར་མཁར་མདོ་སྔགས་གླིང་གི་སྨན་དགེ་བློ་བཟང་ཐབས་མཁས། རྩེད་ཐང་དགའ་ལྡན་ཆོས་འཁོར་གྱི་སྨན་རྩིས་གཉིས་ལྡན་དཔལ་ལྡན་ལགས་ལྟ་བུས་སྨན་རྩིས་ཁང་གི་དགེ་རྒན་གྱི་ཕྱག་ལས་གནང་ཐུབ་པ་བྱུང་བ་དེར་སློབ་དཔོན་བཀྲས་ཁང་སྤྱི་ཁྱབ་མཁན་པོ་བྱམས་པ་ཐུབ་དབང་མཆོག་ནས་ཚད་མཐོའི་གདེངས་འཇོག་དང༌དགྱེས་ཚོར་ཆེན་པོས་བསྔགས་བརྗོད་མཛད་ཅེས་གྲགས།   སྨན་རྩིས་ཁང་ཚུགས་པའི་མེ་འབྲུག་ལོ་ནས་བཟུང་མཁས་དབང་མཁྱེན་རབ་ནོར་བུ་མཆོག་གིས་དབུ་འཁྲིད་འོག་རྩིས་དགེ་འཇམ་དཔལ་མཐུ་སྟོབས་ལགས་དང༌།    གཞན་ཡང་སྨན་རྩིས་ཁང་གི་རྩིས་པ་ཚོས་ལོ་རེའི་ལོ་ཐོ་ཆ་ཚང་བཏོན་རྒྱུའི་འགོ་ཚུགས།  ལེ་ཐོའི་ཁ་གྲངས་ཐོག་མར་སྟོང་ཕྲག་རེ་གཉིས་ཙམ་ནས་རྗེས་སུ་ལྔ་སྟོང་དང༌།  ཆིག་ཁྲི་ཙམ་བར་འཕར་ཏེ་བོད་ཆོལ་ཁ་གསུམ་གྱི་ས་གནས་ཁག་ཡོངས་རྫོགས་དང༌།  དེ་མིན་རྒྱ་གར།   འབྲུག་ཡུལ།   འབྲས་ལྗོངས།   ལ་དྭགས་སོགས་ལ་འགྲེམས་སྤེལ་གྱིས་རྩིས་ཀྱི་ཁྱབ་ཁོངས་ཡར་རྒྱས་གོང་འཕེལ་ཇེ་ཆེར་ཕྱིན། ས་ལུག་སྤྱི་ལོ༡༩༡༩ ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་གིས་ཕྱག་སྲོལ་མཛད་པ་ལྟར་སྨན་རྩིས་ཁང་དང་ལྕགས་པོ་རི་གྲྭ་ཚང་གཉིས་ཀྱི་སྨན་སློབ་གྲངས་ལྔ་བཅུ་ལྷག་ཙམ་གྱིས་གཏོར་རྒྱག་གླིང་གའི་ནང་སྒར་རྒྱག་ཐོག་སྐབས་དང་པོའི་ཁྲོག་སྨན་སྨན་ངོ་གཟབ་རྒྱས་ཤིག་བཤར་བ་དང༌།   དངོས་གཞི་ཐོན་སྐོར་གྲལ་སྒྲིག་ཉིན་སློབ་དཔོན་བཀྲས་ཁང་སྤྱི་ཁྱབ་མཁན་པོ་བྱམས་པ་ཐུབ་དབང་སྐུ་ངོ་མ་ཕེབས་ནས་ཚན་གྲངས་གཟིགས་བཟོས་སྩལ་བའི་མཛད་སྒོ་བསྐྱངས་གནང་པ་དང༌།  དེ་ཉིན་ཚོགས་དམངས་ལ་འཇམ་དཔལ་མཚན་བརྗོད་ཀྱི་ལྗགས་ལུང་དང་མཛད་སྒོ་ཟབ་རྒྱས་གནང་བའི་མཇུག་ཏུ་ཨང་དང་པོར་གསེར་ཌམ་གཅིག་གིས་གསོལ་རས་བཀའ་དྲིན་བསྐྱངས་ཤིང་སྨན་རྩིས་དགེ་སློབ་རྣམས་དང་མཉམ་དུ་དྲན་རྟེན་སྐུ་པར་སྒྲོན།   དེ་དུས་ཁྲོག་སྨན་བཤར་བའི་ཨང་དང་པོ་ནི་རྩེད་ཐང་ལྔ་མཆོད་ཀྱི་སྨན་སློབ་བློ་བཟང་བཀྲ་ཤིས་དང༌།   གཉིས་པ་རྩེད་ཐང་དགའ་ལྡན་ཆོས་འཁོར་གྱི་སྨན་སློབ་ངག་དབང་རྒྱལ་མཚན་ཡིན། ལྕགས་བྱ་སྤྱི་ལོ་ ༡༩༢༡ ལོར་རང་གཞུང་བཀའ་ཤག་གིས་བཀའ་རྒྱ་ཕེབས་དགོངས་ལྟར་སྤྱི་ཁྱབ་མཁན་པོ་བྱམས་པ་ཐུབ་དབང་མཆོག་གིས་བླ་སྨན་ཆུང་བ་མཁྱེན་རབ་ནོར་བུ་མཆོག་ལ་མཐོང་རྒྱུད་ཕྱག་ལེན་དམར་འཁྲིད་ཀྱི་གདམས་པ་དངོས་སུ་གནང་ཆེད། དངུལ་ཆུ་བཙོ་བཀྲུ་ཆེན་མོ་གསར་བསྐྲུན་ཕྱག་བསྟར་གནང༌།  ཆུ་ཁྱི་སྤྱི་ལོ་༡༩༢༢  ལོར་ཉེ་རབས་བོད་ཀྱི་གསོ་རིག་བསྟན་པའི་བདག་པོ་སློབ་དཔོན་བཀའ་དྲིན་མཚུངས་མེད་བཀྲས་ཁང་སྤྱི་ཁྱབ་མཁན་པོ་བྱམས་པ་ཐུབ་དབང་ྋརྒྱལ་དབང་བཅུ་གསུམ་པ་ཆེན་པོའི་བླ་སྨན་སྐུ་བགྲེས་པོའི་ཐུགས་འགན་བཞེས་མུས་སུ་བསྙུན་གཞིས་རྐྱེན་པས་ནོར་བུ་གླིང་ཁར་སྐུ་གཤེགས། དམ་པ་བཀའ་དྲིན་ཅན་ཁོང་གི་འདས་མཆོད་དགོངས་རྫོགས་ལ་སློབ་དཔོན་མཁྱེན་རབ་ནོར་བུ་གཙོས་པའི་སྨན་རྩིས་ཁང་གི་དགེ་སློབ་ཡོངས་ནས་སྨོན་ལམ་དང་སྟོང་མཆོད་སོགས་མཆོད་སྤྲིན་རྒྱ་ཆེར་མཛད། བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་དམ་པ་གང་གི་རྣམ་ཐར་མདོར་བསྡུས་ཤིག་ཞུས་ན།  ཞོལ་བཀྲས་ཁང་གི་ཡབ་མེས་ཀྱི་ཕ་གཞིས་ནི།  ལྷོ་ཁ་ཆང་ཁྱིམ་དང་ལྷོད་ལུག་ནམ་མཁའ་དངོས་གཞི་གཉིས་ཡིན་པས་ཆང་ཁྱིམ་པའམ་དངོས་གཞི་བྱམས་པ་ཐུབ་དབང་ཡང་ཟེར།   ཁོང་དགུང་ལོ་ཞེ་གཉིས་ཐོག་ལྷོ་བྲག་ཏུ་རྫོང་དཔོན་གྱི་ཕྱག་ལས་གནང་སྐབས་བསྙུན་གཞི་དྲག་པོ་ཞིག་ཕོག་པར་སྨན་བཅོས་བྱས་ནས་སངས་དྲག་ཏུ་སོང་བས་རྐྱེན་བྱས་ཏེ་གསོ་རིག་ལ་སྦྱངས། མེ་བྱ་སྤྱི་ལོ་༨༩༧ ལོར་ྋརྒྱལ་དབང་བཅུ་གསུམ་པ་མཆོག་གིས་མཁན་ཆུང་གི་གོ་གནས་དང་སྐུ་བཅར་བླ་སྨན་བགྲེས་པར་བསྐོ་བཞག་མཛད།


   ལྕགས་བྱི་སྤྱི་ལོ་ ༡༩༠༠ ལོར་ྋརྒྱལ་དབང་བཅུ་གསུམ་པ་ཆེན་པོ་མཆོག་ལས་ཚིགས་ཕྱི་མའི་སྡོམ་པ་མནོས། ྋརྒྱལ་དབང་བཅུ་གསུམ་པ་ཆེན་པོ་མཆོག་བོད་བསྟན་སྲིད་ཀྱི་དབང་གིས་ལྷ་སར་བཞུགས་མ་ཐུབ་པར་རེ་ཞིག་རྒྱ་ནག་དང༌།  སོག་ཡུལ། རྒྱ་གར་སོགས་ལ་ཕེབས་སྐབས་སྐུ་བཅར་བླ་སྨན་གྱི་ཐུགས་འགན་བཞེས་ནས་ཞབས་ཞུའི་ཁོངས་ཕེབས་ཏེ་ཡུལ་ཕྱོགས་དེ་དག་ལ་གསོ་དཔྱད་ཀྱི་འཕྲིན་ལས་དང་སྙན་པའི་གྲགས་པ་ཁྱབ་པར་བྱས།


མེ་འབྲུག་སྤྱི་ལོ་༡༩༡༦ ལོར་ལྷ་ས་སྨན་རྩིས་ཁང་གསར་འཛུགས་ཀྱི་ཇུས་འགོད་དང་ཐུགས་འགན་བཞེས།  ས་ལུག་སྤྱི་ལོ་༡༩༡༩ལོར་བཀའ་ཤག་གིས་བཀའ་སྩལ་བ་ལྟར་རིན་ཆེན་མང་སྦྱོར་དང༌།     དབང་རིལ་ཟླ་ཤེལ་སོགས་གསར་བཟོ་དང་སྐུ་དངོས་ནས་བླ་སྨན་མཁྱེན་རབ་ནོར་བུ་མཆོག་ལ་ཞལ་ཁྲིད་ཀྱི་ལག་ལེན་གནང་ཆེད་དངུལ་ཆུ་བཙོ་བཀྲུ་རྒྱས་པ་ཕྱག་བསྟར་གནང༌།  


ལྕགས་བྱ་སྤྱི་ལོ་༡༩༢༡ལོར་སླར་ཡང་སྐུ་སྒེར་གྱིས་བཙོ་བཀྲུ་ཆེན་མོ་ཕྱག་ལེན་བསྟར་བ་སོགས་སྨན་དཔྱད་ཀྱི་གཞུང་ལུགས་ལག་ལེན་ཀུན་ལ་མཁས་ཤིང་གྲུབ་པའི་མངའ་བརྙེས་པ་མ་ཟད།  ལྕགས་རི་འགྲོ་ཕན་གླིང་གྲྭ་ཚང་འཛིན་སྐྱོང་དང༌།  ཕྱིས་སུ་སྨན་རྩིས་ཁང་གསར་འཛུགས་སོགས་ཀྱི་དོན་ལ་ཐུགས་ཁུར་ཚད་མེད་བཞེས་པས་མཚོན་སྨན་རྩིས་གཉིས་གཙོས་པའི་རིག་གཞུང་རྣམས་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་ལས་དོན་ལ་ཕན་པའི་མཛད་པ་མཐར་ཕྱིན་ཤིང་བཀའ་དྲིན་བླ་ན་མེད་པ་བསྐྱངས་ཡོད།


དེ་ནས་དུས་ཡུན་ཅུང་མ་འགོར་བར་དེ་སྔོན་ནས་བཟུང་བོད་རྒྱལ་ཁབ་ཀྱི་རྫོང་གཞིས་ཁག་ལ་སྨན་རྩིས་ཁང་ནས་བྱིས་པ་ཉེར་སྤྱོད་དང༌།  སྐྱེས་སྐར་ཚེ་རྩིས་བརྒྱབ་པའི་བྱ་བར་གྲུབ་འབྲས་ངེས་ཅན་ཞིག་བྱུང་རུང་རྗེས་སུ་རྫོང་གཞིས་ཁ་ཤས་ཀྱིས་ལས་ཀ་དེ་དག་རྙོག་དྲ་དང༌། མི་སེར་ལ་དོ་ཕོག་ལྟ་བུར་བསྙད་འདོགས་ཀྱིས་རྒྱབ་བཤད་བྱས་པའི་སྟེང་སློབ་དཔོན་བཀའ་དྲིན་ཅན་བཀྲས་ཁང་སྤྱི་ཁྱབ་མཁན་པོ་བྱམས་པ་ཐུབ་དབང་མཆོག་སྐུ་གཤེགས་པ་སོགས་ཀྱིས་རྐྱེན་པས་བྱིས་པ་ཉེར་སྤྱོད་དང་སྐྱེས་སྐར་ཚེ་རྩིས་བརྩི་རྒྱུའི་ལས་སྒོ་དེ་དར་སྤེལ་གཏོང་མ་ཐུབ་པར་རེ་ཞིག་ཇེ་ཉུང་དུ་གྱུར།


ཤིང་བྱི་སྤྱི་ལོ་༡༩༢༤ལོར་མཁས་དབང་མཁྱེན་རབ་ནོར་བུ་མཆོག་གིས་སྨན་རྩིས་གཉིས་ཀྱིས་གཙོས་པའི་རིག་གནས་མཐའ་དག་རྒྱུད་འཛིན་གོང་འཕེལ་གཏོང་རྒྱུ་དེ་སྨན་རྩིས་ཁང་གི་ལྟེ་བའི་ལས་འགན་ཞིག་ཏུ་གཟིགས་ནས་སྨན་རྩིས་ཀྱི་གཞུང་དང༌། མན་ངག་ལག་ལེན་སྐོར་སོགས་མྱོང་འཁྲིད་གནང་རྒྱུར་ཐུགས་འཁུར་སྔར་ལས་ཆེ་བ་གནང་པར་མ་ཟད། ཞོར་དུ་སྨན་རྩིས་ཤེས་བྱའི་སྐོར་རྩོམ་སྒྲིག་གནང་རྒྱུ་ལས་འཁུར་བཞེས་པས་ལོ་དེ་རང་ལ་རྒྱུད་བཞིའི་ས་བཅད་སྟག་མོའི་རྔམ་ཐབས་དང༌། ནད་མིང་ཚིགས་སུ་བཅད་པ་རིན་ཆེན་ཕྲེང་བ།   ཕྱི་མ་རྒྱུད་ཀྱི་སྤྱི་དོན་སྡོམ་ཚིག་གཞུང་དོན་སྒོ་བརྒྱ་འབྱེད་པའི་ལྡེ་མིག གངས་ཅན་སྨན་པའི་གྲོང་ཁྱེར་ལྕགས་རི་བཻཌཱུར་འགྲོ་ཕན་རིག་བྱེད་གླིང་གི་ཁྲོག་སྨན་འཁྲུངས་དཔེ་བསྡུས་པ་ཡིད་བཞིན་འདོད་འཇོའི་བུ་བཟང་། ཕྱི་རྒྱུད་རྩ་ཆུའི་ལྷན་ཐབས།  བྱིས་པ་བཙའ་ཐབས་ཀུན་ཕན་ཟླ་བའི་མེ་ལོང་།  བྱིས་པའི་ནད་རིགས་མ་ལུས་བཅོས་པའི་ཉམས་ཡིག་སོགས་སྨན་དཔེ་ཁག་བདུན་ཙམ་རྩོམ་འབྲི་དང་དཔར་སྐྲུན་ཐུབ་པ་དེས་ལྕགས་རི་གྲྭ་ཚང་གི་བློ་གསར་གཞོན་ནུ་རྣམས་དང༌།  རྒྱ་ཁྱབ་རྫོང་གཞིས་ཁག་ནས་ཕེབས་པའི་སྨན་རྩིས་ཁང་གི་སྨན་སློབ་ཡོངས་ཀྱིས་གསོ་རིག་གཞུང་འགྲེལ་མང་པོའི་དགོངས་དོན་བདེ་བླག་ཏུ་རྟོགས་པར་ཕན་པ་ཆེས་ཆེར་བྱུང་བར་མ་ཟད། རྗེས་སུ་སྨན་རྩིས་ཁང་གི་སྨན་གཞུང་སློབ་འཁྲིད་ཁ་སྐོང་གི་ཡིག་ཆ་ཆོས་སྤྱོད་ཅེས་པ་ཚང་མས་བློ་འཛིན་གྱིས་རྒྱུགས་སྤྲོད་བྱེད་རྒྱུའི་གཏན་འབེབས་ཀྱང་གནང་ཡོད།


ཤིང་གླང་སྤྱི་ལོ་༡༩༢༥ལོ། གནས་ཚུལ་དང་དགོས་དབང་ལྟ་བུས་མཁས་དབང་མཁྱེན་རབ་ནོར་བུ་མཆོག་གིས་ཕྱིན་ཆད་སྨན་རྩིས་ཁང་གི་འགོ་འཛིན་གནང་རྒྱུ་ལས་ལྕགས་རི་གྲྭ་ཚང་གི་འགན་དབང་མུ་མཐུད་བཞེས་མི་དགོས་པའི་བཀའ་བསྒྱུར་སྩལ་ནས་བཟུང་སྨན་རྩིས་ཁང་དང༌།   ལྕགས་པོ་རི་སོ་སོས་འཆད་ཉན་བསྐྱངས་འགོ་ཚུགས་པར་བརྟེན། ལོ་འདི་ནས་བཟུང་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་ཕྱག་སྲོལ་བཞིན་སྨན་རྩིས་ཁང་གིས་བྲག་ཡེར་བ་སོགས་ལ་སྨན་འཐོགས་འགྲོ་རྒྱུའི་ལམ་སྲོལ་ཐོག་མར་བཟོས།


རབ་རྒྱལ་ལྕགས་རྟ་སྤྱི་ལོ་༡༩༣༠ ལོར། ༸རྒྱལ་དབང་བཅུ་གསུམ་པ་ཆེན་པོ་མཆོག་གིས།  ད་ཕན་སྨན་རྩིས་ཁང་བཙུགས་ནས་མ་འོངས་བརྒྱུད་འཛིན་གསོ་སྐྱོང་དང༌།  ནད་པར་སྨན་བཅོས་བྱེད་རྒྱུ།   རྒྱ་ཁྱབ་རྫོང་གཞིས་ཁག་ལ་བྱིས་པ་བཙའ་ཐབས་དང༌།  བྱིས་པ་ཉེར་སྤྱོད།   སྐྱེས་སྐར་ཚེ་རྩིས་རྒྱག་རྒྱུ་སོགས་ཆབ་འབངས་ལ་སྨན་པའི་ལས་གཞི་མང་པོ་འགྲུབ་ཐུབ་པའི་ཁར་སྨན་རྩིས་ཁང་གི་ཆེ་མཐོང་དང་སྙན་གྲགས་ཀྱང་ཇེ་ཆེར་གྱུར་ཡོད་སྟབས་སྔར་ཡོད་དགོན་སྡེ་རྣམས་ཀྱི་སྟེང་ད་དུང་སླར་ཡང་གཞིས་དགོན་ཁག་ནས་སྨན་རྩིས་སློབ་གཉེར་བྱེད་མཁན་བསྡུ་དགོས་པའི་བཀའ་ལུང་ཕེབས་པ་ལྟར་བཀའ་ཤག་ནས་དགོན་སྡེ་ཁག་སོ་སོར་བཀའ་རྒྱ་སྩལ། བཀའ་རྒྱ་གཞིར་བཟུང་གིས་སྨན་རྩིས་སློབ་མ་བསྡུ་ལེན་བྱས་པ་གྲངས་དྲུག་ཅུ་ཙམ་བར་འཕེལ་རྒྱས་ལ་ཕྱིན་ཡོད།  དེ་དུས་ཀྱི་སྨན་རྩིས་དགེ་རྒན་ནི།  ལྷོ་ཁ་སྨིན་གྲོལ་གླིང་གི་སྨན་དགེ་ཐུབ་བསྟན་དཔལ་འབར་འཇམ་དཔལ།   དོལ་གསུང་རབ་གླིང་གི་སྨན་དགེ་ཐུབ་བསྟན།  ཡར་འབྲོག་བསམ་སྡིང་དགོན་གྱི་སྨན་དགེ་རྣམ་གྲོལ་ཆོས་དབང༌། སྙེ་མོ་རྒྱས་བྱེད་དགོན་གྱི་རྩིས་དགེ་བློ་བཟང་ཐབས་མཁས།   རྡོ་བྲག་ཨེ་ཝམ་ལྕོག་སྒར་གྱི་རྩིས་དགེ་བྱམས་པ་ལགས་སོགས་ཀྱིས་གནང་ནས་སྨན་རྩིས་ཀྱི་བྱ་བ་མུ་མཐུད་ཡར་རྒྱས་བྱུང་ཡོད།


ཆུ་སྤྲེལ་སྤྱི་ལོ་༡༩༣༢ལོར།  མཁས་དབང་མཁྱེན་རབ་ནོར་བུ་གློ་བུར་དུ་རྩེ་འགགས་ལ་ཕེབས་དགོས་པའི་བརྡ་ཐོ་འབྱོར་བ་ལྟར་དེ་འཕྲལ་ཕེབས་དུས་ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་བཀའ་བསྒྱུར་ཕེབས་དོན།     དེ་རིང་ནས་བཟུང་མཁྱེན་རབ་ནོར་བུས་བླ་སྨན་ཆུང་བའི་ལས་འགན་བཞེས་མི་དགོས་པའི་ཁྱབ་བསྒྲགས་གནང༌། དགོས་པ་རྒྱུ་མཚན་གང་ཡིན་སྐོར་ལ་སྐབས་དེར་མཁྱེན་རབ་ནོར་བུ་མཆོག་གིས་ཀྱང་སྔོན་དཔག་གནང་ཐུབ་མེད་པར་བཤད།  སྨན་རྩིས་ཁང་གི་འགན་བཞེས་མུས་ཡིན།  དེ་དུས་ཙམ་ནས་བཟུང་ཆབ་སྲིད་ཀྱི་འགན་འཛིན་སྐུ་དྲག་འགས་ཁོང་གི་ཐུགས་བཞེད་དང་མཐུན་པའི་ཞབས་འདེགས་ལྷག་བསམ་རྣམ་དག་ཞིག་སྒྲུབ་ཀྱིན་མེད་པ་༧རྗེ་བཙུན་བླ་མ་ཁོང་གི་ཞལ་གདམས་བཀའ་སློབ་དང་།  ཐུགས་དམ་བཀའ་ལན་སོགས་ལ་གཞིགས་ན་དཀའ་ངལ་གྱི་ཉག་ཕྲ་ཆེ་བའི་སྐབས་ཞིག་ཡིན་པར་སྙམ།   ལོ་འདི་དང་ཆུ་བྱ་སྤྱི་ལོ་༡༩༣༣ལོར་བོད་ལྗོངས་ཡོངས་ལ་བཀྲ་མི་ཤིས་པའི་ལྟས་ངན་མང་པོར་བྱུང་བར་བརྟེན་བླ་ལྷར་ལུང་བརྟག་ཞུས་ཏེ་རིམ་གྲོ་རྒྱ་ཆེ་སྒྲུབ་བཞིན་ཡོད།  ༧ གོང་ས་སྐྱབས་མགོན་ྋརྒྱལ་དབང་བཅུ་གསུམ་པ་ཆེན་པོ་ཟླ་བ་བཅུ་པའི་ཚེས་ཤར་ནས་སྐུ་ཁམས་ཅུང་བདེ་མིན་ཡང་།  སྐུ་བཅར་ཞབས་ཞུ་པ་རྣམས་ཀྱིས་དོ་སྣང་ཆེ་མ་ཞུས་པས་ཚེས་༢༠ ནས་མགུལ་ཆམ་ལྟ་བུ་ལྕི་བཞེས་དང་།  ཚེས་༢༥ཉིན་རྒྱུད་སྟོད་གྲྭ་ཚང་གི་དགུན་ཆོས་དང་།  ལྔ་མཆོད་ཀྱི་མཛད་སྒོར་ཆིབས་བསྒྱུར་བསྐྱངས་མ་ཐུབ་པ་དང་། དེའི་ཕྱི་ཉིན་སྲིད་བློན་བཀའ་བློན་དང་སྐུ་བཅར་སྤྱི་ཁྱབ་མཁན་པོ་སོགས་ཀྱིས་མཁྱེན་རྟོགས་བྱུང་སྟེ་དགའ་ལྡན་ཁྲི་ཟུར་བྱམས་པ་ཆོས་གྲགས་དང་། ཕུར་ལྕོག་ཡོངས་འཛིན་མཆོག་སྤྲུལ་རིན་པོ་ཆེ་གདན་ཞུས་ཀྱིས་མན་ཌལ་སྐུ་གསུང་ཐུགས་རྟེན་དང་བཅས་སྐུ་ཚེ་ཞབས་པད་བརྟན་པའི་གསོལ་འདེབས་གནང་བར་གཟིམ་ཆུང་མཇལ་ཁར་གཏོང་གནང་མཛད་མེད། གསོལ་སྨན་ཞབས་ཞུ་སྨན་པ་བྱམས་པ་ཡེ་ཤེས་ཀྱིས་ཀྱང་ཕྱག་རྩ་ཞུ་རྒྱུ་དང་། གསོལ་སྨན་ཕུལ་རྒྱུ་འབུལ་མུས། གནས་ཆུང་ཆོས་རྒྱལ་ཆེན་པོས་བརྐྱང་ཕྱག་དང་བཅས་གསོལ་འདེབས་དང་གསོལ་སྨན་ཞིག་ཀྱང་འབུལ་ཞེས་མཛད། སྙུན་གཞི་འཕར་ལྡིང་གི་ཚུལ་གྱིས་རིམ་ལྕིར་གྱུར་པར་ཞབས་བརྟན་སོགས་བློ་ངོར་མི་ཤོང་བ་ལྟ་བུ་བསྒྲུབས་ཀྱང་ཕན་བཞེས་དྭངས་སྐྱེད་ཀྱི་རྣམ་པ་ཅུང་ཟད་ཀྱང་མ་ཤར་བར་ཟླ་དེའི་ཚེས་སུམ་ཅུའི་ཉིན་དགོང་དྲོའི་དུས་ཚོད་གསུམ་དང་ཕྱེད་ཀ་ཙམ་ལ་ནོར་གླིང་སྤྱན་གསལ་གླིང་ཁའི་གཟིམ་ཆུང་འཆི་མེད་མཆོག་འཁྱིལ་ནང་དུ་སྙིགས་འགྲོ་བསོད་ནམས་ཤིན་ཏུ་དམན་པའི་འབྲས་བུར་ལུགས་འབྱུང་འཆི་རིམ་གྱི་ལམ་རྣམས་མ་འཆོར་སྐུ་ཉམས་སུ་བསྟར་བས་སྟོང་པ་གསུམ་རིམ་གྱིས་ཐིམ་པའི་མཐར་ཐུགས་ཟད་མེད་དོན་དམ་འོད་གསལ་ཆོས་ཀྱི་དབྱིངས་སུ་ཞུགས་ཏེ་གཟུགས་སྐུ་རགས་པའི་བཀོད་པ་ཉེ་བར་བསྡུས་ཏེ་སྐྱབས་མཆོག་སྨྲ་བའི་ཉི་མ་གཞོན་ནུ་འཇིག་རྟེན་ནས་ཉུབ་པར་གྱུར་ཏོ།   

   

ཤིང་ཁྱི་སྤྱི་ལོ་༡༩༣༤ ལོར་རྭ་སྒྲེང་རྒྱལ་ཚབ་མཆོག་ཁྲིར་ཕེབས་པ་དང༌།  སྲིད་བློན་གླང་མདུན་ཀུན་དགའ་དབང་ཕྱུག་གིས་ཕྱག་རོགས་གནང་བའི་སྐབས་སུ་ཡང་སྨན་རྩིས་ཁང་ལ་སྔར་མུས་ལྟར་གཟིགས་སྐྱོང་ཆེ་བ་མ་ཟད། རང་གཞུང་རྩེ་ཡིག་ཚང་ལ་བཀའ་ཕེབས་པ་ལྟར་མཁས་དབང་མཁྱེན་རབ་ནོར་བུ་མཆོག་ལ་མཁན་ཆུང་གི་གོ་གནས་སྩལ་བ་དང༌།  སྐུ་མཆེད་ཐུབ་བསྟན་ལྷུན་གྲུབ་ལ་རྩེ་དྲུང་ལས་ཚན་གནས་ལྔ་བའི་ཐོབ་ཐང་སོགས་སྩལ།    ས་སྟག་སྤྱི་ལོ་༡༩༣༨ལོར་སྨན་རྩིས་ཁང་མུ་མཐུད་ཡར་རྒྱས་ཡོང་བ་དང༌།   ཆབ་འབངས་བདེ་རྩར་ཕན་ཐོགས་ཡོང་ཆེད་སྔར་ཡོད་དགོན་སྡེ་ཁག་ནས་སྨན་རྩིས་སློབ་ཕྲུག་གཏོང་སྲོལ་ཡོད་པ་དེའི་སྟེང་དམག་སྒར་ཁག་ནས་ན་གཞོན་དྲག་གྲས་བདམས་ཏེ་སྨན་རྩིས་ཁང་ལ་སློབ་གཉེར་བྱེད་པར་ཡོང་རྒྱུའི་སྐོར་ལ་བཀའ་ཤག་ནས་རྒྱལ་ཚབ་ར་སྒྲེང་རིན་པོ་ཆེར་སྙན་ཞུ་འབུལ་གནང་མཛད་པར་ཕྱག་རྟགས་ཕེབས།   དེ་དུས་ཀ་དང་སྐུ་སྲུང་དམག་སྒར་དང༌།   ཁ་དང་གྲ་བཞི་རྒྱ་སྦྱོང་དམག་སྒར།   ག་དང་གཞིས་རྩེ་རྒྱ་སྦྱོང་དམག་སྒར།  ང་དང་རྒྱལ་རྩེ་དམག་སྒར།  ཅ་དང་དིང་རི་དམག་སྒར།  ཆ་དང་མེ་སྒྱོགས་དམག་སྒར།  ད་དུང་ཇ་དང༌། ཉ་དང༌།  ཏ་དང༌།  ཐ་དང༌།   ད་དང་བཅས་ཀྱི་དམག་སྒར་བཅས་ནས་མང་བར་སྨན་རྩིས་སློབ་ཕྲུག་མི་གྲངས་བཞི་དང༌། ཉུང་བར་མི་གཉིས་སྨན་རྩིས་སློབ་གཉེར་བྱེད་པར་གཏོང་རྒྱུའི་འགོ་ཚུགས།   སྐབས་དེར་དམག་སྒར་ཁག་གི་སློབ་ཕྲུག་ཚོར་བོད་དམག་སྤྱི་མཚུངས་ལྟར་ཟླ་རེ་དམག་ཕོགས་དང་། གླ་བདག་ནས་དབྱར་དགུན་གྱོན་དོད།  ཡི་གེ་སྦྱང་རྒྱུའི་སྦྱང་ཤིང་བཅས་དམག་སྤྱི་ཁང་ནས་གནང་གི་ཡོད་ཀྱང༌།  དགོན་སྡེ་ཁག་གི་སྨན་རྩིས་སློབ་གཉེར་བྱེད་མཁན་ལ་གཞིས་དགོན་གྱི་འགྱེད་ཕོགས་ཁོ་ན་ལས་གཞན་གྱི་ཐོབ་ཆ་མེད་པར་བརྟེན་ཁོང་ཚོའི་འཚོ་བར་དཀའ་ངལ་ཆེ་ཙམ་ཡོད་པ་ཐག་གཅོད་ཆེད་དུ།རྒྱལ་ཚབ་ར་སྒྲེང་རྒྱལ་ཐོག་སྐབས་གྲྭ་གཞོན་སློབ་ཕྲུག་རྣམས་ལ་དམག་མི་དཀྱུས་མའི་དམག་ཕོགས་ཟླ་རེ་འབྲུ་ཁལ་གཉིས་དང༌།  རློན་དོད་དངུལ་སྲང་དོ་སྤྲོད་རྒྱུར་དམིགས་བསལ་གྱི་བདག་རྐྱེན་གསོལ་རས་སྩལ།  དེ་ནས་བཟུང་གྲྭ་ཕོགས་ཀྱི་ཕོགས་འཛིན་བཀའ་ཤག་དང༌།  དམག་མིའི་ཕོགས་འཛིན་དམག་སྤྱི་ཁང་ལ་ཞུ་རྒྱུ་མ་ཟད། སྨན་རྩིས་དགེ་རྒན་གཉིས་ལ་སྡིང་དཔོན་གྱི་ཕོགས་ཐོབ་འབྲུ་ཁལ་བཞི་དང་དམག་མི་གཉིས་ཀྱི་དམག་དོད་དངུལ་སྲང་བརྒྱད་ཅུ་ཐམ་པ་ལེན་རྒྱུའི་ཆོག་མཆན་གནང་བ་བཅས་ཀྱིས་དགེ་སློབ་ཚོའི་འཚོ་བ་ལྡབ་འགྱུར་གྱི་དྲག་ཏུ་ཕྱིན་པ་དང༌།  ཐོས་བསམ་སློབ་གཉེར་བྱེད་རྒྱུར་བསྐུལ་མ་ངེས་ཅན་ཞིག་ཐེབས་བཅུག་པར་མ་ཟད།  སྨན་རྩིས་ཁང་གི་ནུབ་ངོས་སུ་སློབ་ཁང་གསར་བཞེངས་དང༌། ལས་ཤག མཁས་དབང་མཁྱེན་རབ་ནོར་བུ་མཆོག་ལ་གཟིམ་ཤག་སོགས་ཨར་ལས་གསར་སྐྲུན་གྱི་ལས་སྒོ་རྒྱ་ཆེ་མཛད།


ཆུ་ལུག་སྤྱི་ལོ་༡༩༤༣ལོར།  སྨན་རྩིས་ཁང་གི་ཐེངས་གསུམ་པའི་ཁྲོག་སྨན་སྨན་ངོ་ཉིན་བདུན་རིང་སྔར་སྲོལ་ལྟར་གཏོར་རྒྱག་གླིང་ཀར་སྒར་རྒྱག་ཐོག་སྨན་སྣ་ལྔ་བརྒྱ་བདུན་ཅུ་དོན་ལྔའི་ངོས་འཛིན་རྒྱས་བཤད་གངས་ལྗོངས་སྨན་པའི་གྲོང་ཁྱེར་ལྕགས་རི་འགྲོ་ཕན་རིག་བྱེད་གླིང་གི་འཁྲོག་སྨན་འཁྲུངས་དཔེ་བསྡུས་པ་ཡིད་བཞིན་འདོད་འཇོའི་བུམ་བཟང་གཞིར་བཟུང་མཛད་པ་དང༌།  སྨན་དགེ་རྣམས་ཀྱིས་སྨན་སློབ་སོ་སོའི་སྦྱངས་འབྲས་ལ་གཞིགས་ནས་ཨང་རིམ་ལྟར་བྱ་དགའ་གསོལ་རས་སྩལ། དེ་སྐབས་སྨན་ངོ་ཨང་དང་པོ་མལ་གྲོ་རིན་ཆེན་གླིང་གི་སྨན་སློབ་ངག་དབང་དགེ་འདུན་དང༌།  ཨང་གཉིས་པ་མཚོ་སྣ་དགོན་པ་རྩེའི་སྨན་སློབ་འཇམ་དབྱངས་བཀྲ་ཤིས། ཨང་གསུམ་པ་དྭགས་པོ་དགའ་ལྡན་རབ་རྒྱས་ཀྱི་སྨན་པ་ཚུལ་ཁྲིམས་བཅས་ལ་བང་རིམ་བཞིན་མཚན་གྲངས་གཟིགས་བཟོས་གསོལ་རས་སྩལ།


མེ་ཕག་སྤྱི་ལོ་༡༩༤༧ ལོར་རྒྱལ་ཁབ་ཏུ་ནང་སྲིད་རྩོད་རྙོག་གི་དུས་ཟིང་ཡམ་ཡོམ་ཆེ་ཡང༌། སྟག་བྲག་རྒྱལ་ཚབ་རིན་པོ་ཆེ་ནས་སྨན་རྩིས་ཁང་ལ་སྔར་བཞིན་གཟིགས་བསྐྱངས་ཆེ་བའི་ཁར་མཁས་དབང་མཁྱེན་རབ་ནོར་བུའི་སྐུ་མཆེད་ཐུབ་བསྟན་ལྷུན་གྲུབ་མཆོག་ལ་མཁན་ཆུང་གི་གོ་གནས་སྩལ་ཏེ་ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་བ་དང༌།  སྟག་བྲག་རྒྱལ་ཚབ་རྣམ་གཉིས་ཀྱི་སྐུའི་བླ་སྨན་གཅིག་ལྕོགས་བསྐོ་བཞག་གནང༌།  དེ་དུས་རང་གཞུང་བཀའ་ཤག་བརྒྱུད་མདོ་དབུས་ཁམས་གསུམ་ནས་སློབ་ཕྲུག་བསྡུ་བཞེས་ཀྱི་གསལ་བསྒྲགས་གནང་བ་དང༌།  དེའི་སྟེང་འབྲུག་དང༌། ལ་དྭགས་བཅས་པའི་སློབ་ཕྲུག་ཁྱོན་བསྡོམས་དགེ་སློབ་མི་གྲངས་བརྒྱད་ཅུ་ཙམ་ལ་འཕེལ་རྒྱས་ཕྱིན།   དེ་སྔོན་ནས་དཀའ་ངལ་འཕྲད་བཞིན་པའི་སྨན་རྩིས་ཁང་གི་དགེ་སློབ་ཚོའི་མེ་ཤིང་གནད་དོན་ཐག་གཅོད་མ་བྱུང་བ་དེ་དག་བོད་དམག་བྱིངས་དང་འདྲ་མཚུངས་འདམ་ར་ནས་ལ་མག་རྒྱག་ཆོག་པའི་ཆོག་མཆན་དང༌། ཕྱོགས་མཚུངས་སློབ་ཕྲུག་ཚོའི་སློབ་གཉེར་ལ་ཤུགས་རྐྱེན་མི་ཡོང་བའི་ཆེད་དུ་བཀའ་ཤག་ནས་སོ་ནམ་ལས་ཁུངས་བརྒྱུད་སྟོད་ལུང་ཁུལ་ནས་སྨན་བརྫོགས་གླ་པ་མི་དྲུག་ཉར་འགུགས་གནང་ཆོག་པའི་ཆོག་མཆན་སྩལ་བ་སོགས་དམིགས་བསལ་ཆེ།


ལྕགས་སྟག་སྤྱི་ལོ་༡༩༥༠ལོར་ྋསྐྱབས་མགོན་ྋརྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་རྒྱལ་སྲིད་བཞེས་པ་དང༌།   རང་གཞུང་བཀའ་ཤག་ནས་ཕྱག་རྟགས་ཕེབས་པ་ལྟར་སླར་ཡང་སྨན་རྩིས་ཁང་གསར་རྒྱག་རྒྱ་བསྐྱེད་གནང་སྟེ་སྒོ་ར་ཤར་ནུབ་དབྱེ་བ་མེད་པ་གཅིག་གྱུར་དང༌།   མདུན་ལ་སློབ་ཕྲུག་གི་ལས་ཤག་ཁང་མིག་བཅུ་དྲུག་དང༌།   སྒོ་ར་རྒྱབ་ཀྱི་ཐོག་ས་ཉིས་ཐོག་དབུས་སུ་ཚོམས་ཆེན་ཀ་བ་དྲུག   དེའི་རྒྱབ་སྨན་སྦྱོར་ཁང་ཀ་བ་བཞི། ནུབ་ཏུ་སྨན་བཅོས་ཁང་ཀ་བ་གཉིས།  ཤར་ཏུ་རྩིས་ཁང་ཀ་བ་གཉིས། མཁྱེན་རབ་ནོར་བུ་དང་ཐུབ་བསྟན་ལྷུན་གྲུབ་གཉིས་ཀྱི་གཟིམ་ཤག་ཀ་གཅིག་ལྕམ་གང་མ་རེ། དཔེ་མཛོད་ཁང་ཀ་བ་གཉིས་རེ་བཅས་དང༌།  གཞན་ཡང་སྨན་དགེ་དང་རྩིས་དགེ་རྣམ་པའི་གཟིམ་ཤག སློབ་ཕྲུག་གི་སྡོད་ཤག་དོས་ཁང༌།  གསོལ་ཐབ།  གཉེར་ཚང་སོགས་ལ་བསྡོམས་པས་རྒྱ་ཁྱོན་དེང་སང་ཡོད་མུས་ཀྱི་བོད་ལྗོངས་སྨན་རྩིས་ཁང་ཞེས་པའི་རྒྱ་ཁྱོན་ཙམ་དེ་བཞིན་གསར་བསྐྲུན་བྱུང༌།


མེ་སྤྲེལ་སྤྱི་ལོ་༡༩༥༧ལོའི་ལོ་མཇུག་ཏུ། མཁས་དབང་མཁྱེན་རབ་ནོར་བུ་མཆོག་ལ་ྋགོང་ས་ྋརྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་ནས་སྐུ་བཅར་མཁན་ཆེན་དར་ཧན་གྱི་གོ་གནས་སྩལ་ཞིང་དུས་ཡུན་རིང་པོ་མ་སོང་བར་སྤྱན་གཉིས་སྐྱ་འགྲིབ་ཀྱིས་མི་གསལ་བ་ལྟ་བུར་གྱུར་ནའང་སྨན་རྩིས་ཁང་གི་འཛིན་སྐྱོང་དང་འཆད་ཉན་གྱི་བྱ་བ་མུ་མཐུད་སྤེལ་བཞིན་ཡོད།

མཁས་དབང་མཁྱེན་རབ་ནོར་བུ་མཆོག་ནི་རབ་བྱུང་བཅོ་ལྔ་བའི་ཆུ་ལུག་སྤྱི་ལོ་༡༨༨༣ལོར་ལྷོ་ཁ་རྩེད་ཐང་དུ་སྐུ་འཁྲུངས་ཤིང༌། ཐོག་མར་རྩེད་ཐང་ལྔ་མཆོད་ཁང་གི་ཆོས་སྒོར་ཞུགས། དེ་ནས་ལྕགས་རི་རིག་བྱེད་གླིང་ལ་སྨན་གྲྭ་བསྡུ་རྒྱུ་རྩེ་ཡིག་ཚང་གིས་བཀའ་བརྒྱ་ཕེབས་པ་ལྟར་སློབ་ཞུགས་མཛད།  བཀྲས་ཁང་སྤྱི་ཁྱབ་མཁན་པོ་སྐུའི་བླ་སྨན་བྱམས་པ་ཐུབ་དབང་མཆོག་དང་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་སོགས་མཁས་དབང་བཅུ་ཕྲག་ལ་ཉེ་བ་སློབ་དཔོན་དུ་བསྟེན་ནས་སྒྲ་སྙན་སྨན་རྩིས་ཀྱིས་མཚོན་པའི་ཤེས་བྱའི་གནས་མཐའ་དག་ལ་སྦྱངས་བརྩོན་ལྷོད་མེད་བྱས་ཏེ་མཁས་པའི་གོ་འཕང་བརྙེས།   དགུང་ལོ་ཉེར་དགུའི་ཐོག་འབྲས་སྤུངས་དགོན་པའི་སྨན་སྦྱིན་པའི་ཐུགས་འགན་བཞེས།


མེ་འབྲུག་སྤྱི་ལོ་༡༩༡༦ལོར་ྋརྒྱལ་དབང་བཅུ་གསུམ་པའི་བཀའ་དགོངས་བཞིན་སྨན་རྩིས་ཁང་དང་ལྕགས་རི་རིག་བྱེད་གྲྭ་ཚང་གཉིས་ཀའི་སྤྱི་འདོམས་གཅིག་ལྕོགས་ཀྱི་ཐུགས་འགན་བཞེས།


མེ་བྱ་སྤྱི་ལོ་༡༩༥༧ལོར་གོང་ས་སྐུ་ཕྲེང་བཅུ་བཞི་བ་ཆེན་པོས་སྐུ་བཅར་མཁན་ཆེན་དར་ཧན་ཞེས་པའི་གོ་གནས་སྩལ། དགུང་ལོ་བརྒྱད་ཅུའི་བར་གཞན་དོན་གྱི་འཕྲིན་ལས་རྒྱ་ཆེར་བསྐྱངས་ཏེ་རབ་རྒྱལ་ཆུ་སྟག་སྤྱི་ལོ་ ༡༩༦༢ལོ་དབྱུག་ཟླའི་ཚེས་ཉེར་བརྒྱད་ལ་དགོངས་པ་ཆོས་དབྱིངས་སུ་བསྡུས།


ས་ཕག་སྤྱི་ལོ་༡༩༥༩ ལོར་རྒྱ་དམར་སྲིད་གཞུང་གིས་བོད་ཀྱི་སྲིད་དབང་ཡོངས་རྫོགས་བཙན་འཕྲོག་བྱས་པ་མ་ཟད།  དམངས་གཙོ་བཅོས་བསྒྱུར་སོགས་མིང་སྙན་པོ་སྣ་ཚོགས་ལ་ཁ་གཡར་ནས་ྋརྒྱལ་དབང་ལྔ་བའི་སྐབས་ནས་བཙུགས་པའི་འཛིན་སྐྱོང་སྡེ་ཚན་ཡོད་ཚད་མེད་པར་བཟོས་པའི་དུས་མཚུངས་སུ།   བོད་ཀྱི་སྨན་རྩིས་གཉིས་ཀྱི་རིག་གཞུང་རྒྱུད་འཛིན་པ་གསོ་སྐྱོང་བྱེད་སའི་ལྟེ་གནས་ཡིན་པའི་སྨན་རྩིས་ཁང་དེ་བཞིན་སྨན་ཁང་ཙམ་ལ་བསྒྱུར་བ་དང༌།  ཆབས་ཅིག་ལྕགས་པོ་རི་དང་སྨན་རྩིས་ཁང་གཉིས་ཟླ་བསྒྲིལ་བཏང་སྟེ་མིང་ཙམ་ཡང་མ་བཞག་པར་ལྷ་ས་གྲོང་ཁྱེར་དམག་དོན་བཀག་སྡོམ་ཨུ་ཡོན་ལྷན་ཁང་གི་སྒོ་བསྟེན་སྨན་ཁང་ཨང་གཉིས་པ་ཞེས་བཏགས་ཏེ་མཁས་དབང་མཁྱེན་རབ་ནོར་བུ་མཆོག་ལ་དེའི་ཡོན་ཀྲང་འགན་འཛིན་ཞེས་པའི་མིང་ཙམ་ལས་བདག་དབང་ཡོད་ཚད་རྒྱ་དམར་དྲག་པོའི་སྲིད་གཞུང་གིས་བཟུང༌།    ཡ་ང་སྙིང་རྗེ་བྲལ་བའི་རྒྱ་དམར་གྱི་དྲག་པོའི་འགལ་རྐྱེན་དུ་མ་ལ་བརྟེན་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་དང༌།  བོད་མི་ཁྲི་ཕྲག་ཁ་ཤས་བོད་བདེ་ལྡན་ཞིང་དུ་བཞུགས་མ་ཐུབ་པར་ཁྱིམ་མཚེས་ཡུལ་གྲུ་རྒྱ་གར་དང༌། འབྲུག འབྲས་ལྗོངས།  བལ་ཡུལ་སོགས་སུ་བཙན་བྱོལ་དུ་ཕེབས་རྗེས་སུ། 


རྒྱ་དམར་སྲིད་གཞུང་ནས་ཡང་བསྐྱར་སྨན་རྩིས་ཁང་གི་རྗེས་ཤུལ་ཙམ་ཡང་ལྷག་མེད་བཟོ་བའི་ངན་ཇུས་བཏང་སྟེ།  ལྕགས་བྱི་སྤྱི་ལོ་༡༩༦༠ལོའི་ལོ་མཇུག་ཙམ་ལ།  སྨན་རྩིས་ཁང་དུ་གྲོང་ཁྱེར་མི་དམངས་སྨན་ཁང་སྤོ་རྒྱུ་དང༌།  དེའི་ཁོངས་སུ་བོད་སྨན་སྡེ་ཁག་གཅིག་འཛུགས་རྒྱུ།   མཁས་དབང་མཁྱེན་རབ་ནོར་བུའི་བཞུགས་ཡུལ་གཞན་ལ་སྤོ་རྒྱུ་སོགས་བྱས་ཀྱང༌།  སྐབས་དེར་ཁོ་ཚོས་ཁ་འཇམ་དམངས་གཙོ་བཅོས་བསྒྱུར་གྱི་སྲིན་ལག་གིས་མི་གསོད་ཁྲག་སྦྱོར་གྱི་འཁོར་ལོ་བསྐོར་བཞིན་ཡོད་སྟབས་ཉིན་རེར་ནད་པ་མི་གྲངས་བརྒྱ་དང་ལྔ་བཅུ་ནས་ཉིས་བརྒྱ་བར་འཕར་སྣོན་བྱུང་ཡོད་པའི་རྐྱེན་གྱིས་འགྱུར་ལྡོག་གཏོང་མ་ཐུབ་པར་ད་བར་མུ་མཐུད་འཛིན་སྐྱོང་བྱེད་དགོས་བྱུང་ཡོད་པ་བཅས་སོ།། །།


 

དཔྱད་གཞིའི་ཡིག་ཆ། 

༡  གསོ་རིག་ལོ་རྒྱུས།     (བྱམས་པ་འཕྲིན་ལས།)

༢  འགྲོ་ཕན་སྨན་རྩིས་ཁང་གི་བྱུང་རབས་བརྗོད་པ་ཀ་ལ་པིང་ཀའི་གྲེ་འགྱུར།  (བོད་གཞུང་སྨན་རྩིས་ཁང་།)

༣   འཚོ་མཛད་སློབ་དཔོན་རྣམ་གསུམ་གྱི་མཛད་འཕྲིན་གནད་བསྡུས།   ( བོད་གཞུང་སྨན་རྩིས་ཁང་།)

༤   འགྲོ་ཕན་སྨན་རྩིས་ཁང་གི་གདན་རབས་དྲི་མེད་ཤེལ་གྱི་མེ་ལོང་།    (བོད་གཞུང་སྨན་རྩིས་ཁང་།)



 

 

མཐའ་མའི་འདོན་ཐེངས་།: 23.08.2016 ཉིན། 2:44 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཟི་ན་ངག་དབང་ཚུལ་ཁྲིམས་དར་རྒྱས།

སུམ་པ་ཡེ་ཤེས་དཔལ་འབྱོར།

ཆུ་བཟང་བློ་བཟང་བསྟན་པའི་རྒྱལ་མཚན།

ཆུ་བཟང་སྐུ་ཕྲེང་དང་པོ་རྣམ་རྒྱལ་དཔལ་འབྱོར།

ཀོང་རོང་སྨན་བླ་དོན་གྲུབ།

དངུལ་ཆུ་གྲུབ་པའི་བསྟན་བཅོས།

སྨན་གྱི་བསྟན་བཅོས་སྨན་མིང་རྒྱ་མཚོ།

རྡོ་རྗེ་དབྱུག་པའི་བྱ་བ་བཞུགས།

སྨན་རྩིས་ཁང་གི་སྨན་དུ་བརྫུས་ནས་བསླུ་ཁྲིད་བྱེད།

སྡེ་དགེ་བསྟན་པ་ཚེ་རིང་།

རིག་འཛིན་ཆེན་པོ་ངག་དབང་འཇམ་དཔལ།

ཚེ་རིག་འཛིན་པ་ངག་དབང་སངས་རྒྱས་དཔལ་བཟང་།

ཆགས་པ་ཆོས་འཕེལ།

སྡེ་སྲིད་སངས་རྒྱས་རྒྱ་མཚོ།

རྣམ་གླིང་པཎ་ཆེན་དཀོན་ཅོག་ཆོས་གྲགས།