སྨན་རྩིས་དྲ་བ། - ལོ་རྒྱུས།

༄༅། །གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས། པར་གཞི་དང་པོ།
(གསོ་རིག་མཁས་དབང་རིམ་བྱོན་གྱི་དཀར་ཆག)

1
2
3
4
5
6
7
8
9
10
11
12
13
14
15
16
17
18
19
20
21
22
23
24
25
26
27
28
29
30
31
32
33
34
35
36
37
38
39
40
41
42
43
44
45
46
47
48
49
50
51
52
53
54
55
56
57
58
59
60
61
62
63
64
65
66
67
68
69
70
71
72
73
74
75
76
77
78
79
80
81
82
83
84
85
86
87
88
89
90
91
92
93
94
95
96
97
98
99
100
101
102
103
104
105
106
107
108
109
110
111
112
113
114
115
116
117
118
119
120
121
122
123
124

རྒྱུད་བཞིའི་བླ་མ་བརྒྱུད་པའི་རྣམ་ཐར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 08.07.2022
ལོ་རྒྱུས། >>

 

རྒྱུད་བཞིའི་བླ་མ་བརྒྱུད་པའི་རྣམ་ཐར།

༼ ༡ ༽

༄༅། །བརྒྱུད་པའི་རྣམ་ཐར་མེད་ཐབས་མེད་པ་བཞུགས་སོ།།

༄༅། །སྐུ་ལྔ་ལྷུན་གྲུབ་ལས་བྱུང་བའི། །གསོ་བ་རིག་པའི་རྒྱུད་ཆེན་འདི། །སྔོན་གྱི་བསྐལ་པ་དང་པོ་ལ། །བསྟན་པའི་གཙོ་བོ་བཞུགས་དུས་སུ། །ཨོ་རྒྱན་ཡུལ་གྱི་ཞིང་ཁམས་དེར། །ལྟ་ན་སྡུག་གི་གྲོང་ཁྱེར་དུ། །སངས་རྒྱས་སྨན་བླའི་བྱིན་བརླབས་ཀྱིས། །དྲང་སྲོང་རིག་པའི་ཡེ་ཤེས་དང་། །དྲང་སྲོང་ཡིད་ལས་སྐྱེས་པ་ཡིས། །རྒྱུད་སྡེ་བཞི་ཡི་ཞུས་ལན་མཛད། །སྡུད་པའི་བདག་པོ་དྲང་སྲོང་གིས། །རིན་ཆེན་གསེར་གྱི་གླེགས་བམ་ལ། །བཻ་ཌཱུརྱ་ཡི་ཞུན་མས་བྲིས། །ཟ་འོག་ཉི་མ་རས་ཀྱིས་གྲིལ། །དེ་སྟེང་དར་མིན་ཤེས་རབ་གྲིལ། །དྲང་སྲོང་ཆེན་པོ་རྒྱུན་ཤེས་དང་། །འཚོ་བྱེད་གཞོན་ནུ་གཉིས་ལ་གཏད། །དྲང་སྲོང་ཆེན་པོ་རྒྱུན་ཤེས་དེས། །ནམ་(ནབས་)སོ་སྐྱེས་དང་ཐང་ལ་འབར། །རྐང་གཉིས་སྤྱོད་དང་འདྲོབ་སྐྱོང་བུ། །མེ་བཞིན་འཇུག་དང་ལུག་སྣ་དང་། །རྒྱ་སྐྱེགས་སྣ་དང་མདའ་ཡི་མཆོག །ལན་ཚྭའི་ལག་དང་དཔལ་ལྡན་འཕྲེང་། །དཔལ་ལྡན་ཕུན་ཚོགས་ཡིད་ལས་སྐྱེས། །ཉི་མ་ཟླ་བའི་སྙིང་པོ་དང་། །ཟླ་བའི་འོད་ཟེར་ལ་སོགས་པའི། །དྲང་སྲོང་རྣམས་ལ་རིམ་པར་བརྒྱུད། །སྨན་པ་འཚོ་བྱེད་གཞོན་ནུ་ཡིས། །སློབ་དཔོན་ཀླུ་སྒྲུབ་ཉིད་ལ་བརྒྱུད། །ཀླུ་སྒྲུབ་ཟླ་བ་འོད་ཟེར་གྱིས། །དཔལ་ལྡན་ཕ་གོལ་ཉིད་ལ་བཤད། །དེ་ཡིས་ཁ་ཆེ་ཟླ་དགའ་ལ། །དེ་ལ་བཻ་རོ་ཙ་ནས་ཞུས། །ཁྲི་སྲོང་ལྡེ་བཙན་ཁོང་ལ་གཏད། །མངའ་བདག་ཁྲི་སྲོང་ལྡེ་བཙན་དེས། །བསམ་ཡས་དབུ་རྩེ་རིགས་གསུམ་གྱི། །བར་ཁང་ཀ་བའི་ནང་དུ་སྦས། །དེ་ནས་འདོད་ལྷའི་ཞག་གསུམ་ནས། །གྲྭ་པ་མངོན་ཤེས་ཅན་གྱིས་བཏོན། །འཛམ་བུ་གླིང་གི་བདག་པོར་གྱུར། །དེ་ལ་དབུས་པ་དར་གྲགས་ཀྱིས། །གསེར་གཡུ་རྟ་ཁྲབ་ཡོན་གྱིས་བླུས། །དེ་ལ་འཚོ་བྱེད་དཀོན་སྐྱབས་ཀྱིས། །དྲུག་དམར་དཀར་ཆེན་ནམ་མཁའ་གསལ། །བསིལ་ཁལ་སྟོང་དང་སྔོས་ནས་ཕུལ། །དེ་ལ་གཡུ་ཐོག་མགོན་པོ་ཡིས། །སྒ་སྲབ་བཅས་པའི་རྟ་ཕོ་དང་། །རྒྱས་པ་འབུམ་གཉིས་ཕུལ་ནས་ཞུས། །དྲང་སྲོང་གཡུ་ཐོག་མགོན་པོ་དེས། །དོན་གྱི་ཁོག་དབུབ་སྟོང་ཐུན་མཛད། །བསྡུས་དོན་གཞུང་ལ་ས་མཚམས་ཕྱེ། །དཀའ་འཕྲེང་འབྲུ་འགྲེལ་ཡིག་ཆུང་བཀོད། །མ་ཆད་གབ་འཁྲུགས་གསལ་བར་བསྔབས(བསྡེབས)། །གཞན་ལ་མ་སྤེལ་ཡིད་(ཡི་)དམ་མཛད། །འཛམ་བུ་གླིང་དུ་གྲགས་པ་ཐོབ། །ཁོ་བོ་དུ་མཚམས་སུམ་པའི་བུ། །ཛྙཱ་ན་དྷ་ར་བདག་འདྲ་ཡིས། །དཔོན་ཁང་གི་སྙན་པ་རྒྱང་ནས་ཐོས། །མཚན་ཐོས་པ་ཙམ་གྱི་མོས་པ་སྐྱེས། །ལམ་དཀའ་བ་སྤྱད་ནས་སྤྱན་སྔར་ཕྱིན། །ཞལ་མཐོང་བ་ཙམ་གྱིས་བྱིན་རླབས་ཕོག །ལོངས་སྤྱོད་འབུལ་ནོར་མི་ཆེ་ཡང་། །ཕ་ཞིང་རྟ་རུ་བཙོངས་ནས་ཕུལ། །ལུས་ཀྱི་ཞབས་ཏོག་མ་གྲུབ་ཀྱང་། །བླ་མ་ཅི་གསུང་བཀའ་མ་གཅག(བཅག) །ཚིག་དོན་སྤྱོད་ཁམ་མི་ཆེ་ཡང་། །གཡེལ་འཁྲུལ་མེད་པར་ལོ་གསུམ་བསླབས། །རྒྱ་ཕྱེད་སྐན་གྲོང་བསྡོད་དུས་སུ། །གདམས་པའི་རྩ་བ་མ་ཆོད་ཀྱང་། །ལན་ཅིག་སྨོན་ལམ་ཐུགས་རྗེ་ཡིས། །གསོ་བ་རིག་པའི་རྒྱུད་འདི་གནང་། །ཟབ་ལྷག་མེད་པའི་དབུ་དབྱུང་བཞེས། །དྲང་སྲོང་བརྒྱུད་པའི་བྱིན་རླབས་མཛད། །ཆིག་བརྒྱུད་རྒྱུན་མི་གཅད་པའི་ཕྱིར། །ད་རེས་ཁྱེད་ལ་གཏད་པ་ཡིན། །ད་ཡང་མི་སྤེལ་གཏེར་དུ་སྦེད། །མཆེད་གྲོགས་གཞན་གྱིས་མ་མཐོང་བར། །ཕུག་ཏུ་ཡིག་ཆུང་ཟིན་བྲིས་ཐོབ། །ལོ་སྐོར་གཅིག་ཏུ་གསང་ཐུབ་ཀྱིས། །དེ་ཡིས་དངོས་གྲུབ་ཐོབ་བོ་གསུང་། །གསུངས་པ་བཞིན་དུ་ལག་ལན་བྱས། །རེས་འགའ་རི་བོའི་རྩེ་ལ་བྲིས། །རེས་འགའ་གྲོག་པོའི་ཕུགས་སུ་བྲིས། །རེས་འགའ་ཤིང་གསེབ་རྩིག་ཕག་བྲིས། །ད་ནས་ལོ་གྲངས་བཅུ་གསུམ་ན། །གནམ་ལོ་རྒྱལ་པོ་རྟ་ལོ་ལ། །གཡས་རུ་དཔལ་སྐོར་ལྷ་ཁང་དུ། །ཕྱི་མོ་ཟིན་བྲིས་དཔེ་ལ་བཤུས། །སྔོན་ཆད་ཟོས་ཆོར་མཐོང་བ་མེད། །ད་ནི་མཁའ་ལ་ཉི་ཤར་བཞིན། །འགྲོ་བའི་དཔལ་དུ་ཤད་པར་ཤོག།   །།སརྦ་མངྒལཾ།།

 

༼ ༢ ༽

༄༅། །གསོ་རིག་རྒྱུད་བཞིའི་བླ་མ་བརྒྱུད་པའི་རྣམ་ཐར་བཀའ་རྒྱ་མ་

གཙང་རུ་མཚམས་སུམ་པ་ཛྙཱན་དྷརའི་གསུང་འཕྲོས་

གྱིམ་ཕྱོགས་འཚོ་བྱེད་གཞོན་ནུ་ལ་

གདམས་པ་བཞུགས་སོ།།

-          སུམ་སྟོན་ཡེ་ཤེས་གཟུངས།

 

༄༅། །སྭསྟི། སྐུ་ལྔ་ལྷུན་གྲུབ་ལས་བྱུང་བའི། །གསོ་བ་རིག་པའི་རྒྱུད་ཆེན་འདི། །སྔོན་གྱི་བསྐལ་པ་དང་པོ་ལ། །བསྟན་པའི་གཙོ་བོ་བཞུགས་དུས་སུ། །ཨོ་རྒྱན་ཡུལ་གྱི་ཞིང་ཁམས་དེར། །ལྟ་ན་སྡུག་གི་གྲོང་ཁྱེར་དུ། །སངས་རྒྱས་སྨན་བླའི་བྱིན་བརླབས་ཀྱིས། །དྲང་སྲོང་རིག་པའི་ཡེ་ཤེས་དང་། །དྲང་སྲོང་ཡིད་ལས་སྐྱེས་པ་ཡིས། །རྒྱུད་ཆེན་བཞི་ཡི་ཞུ་ལན་མཛད། །སྡུད་བདག་དྲང་སྲོང་ཡིད་སྐྱེས་ཀྱིས། །བཻཌཱུརྱ་ཡི་གླེགས་བམ་ལ། །རིན་ཆེན་གསེར་གྱི་ཞུན་མས་བྲིས། །རིན་པོ་ཆེ་ཡི་སྒྲོམ་བུར་བཙལ། །ཚེ་ཡི་རིག་པའི་དབང་ཐོབ་པ། །དྲང་སྲོང་ཆེན་པོ་རྒྱུན་ཤེས་དང་། །འཚོ་བྱེད་གཞོན་ནུ་ཉིད་ལ་གཏད། །དྲང་སྲོང་ཆེན་པོ་རྒྱུན་ཤེས་ཀྱིས། ། ནབས་སོ་སྐྱེས་དང་ཐང་ལ་འབར། །དཀའ་གཉིས་སྤྱོད་དང་འགྲོ་སྐྱོང་བུ། །མེ་བཞིན་འཇུག་དང་ལུས་ནག་དང་། །རྒྱ་སྐྱག་སྣ་དང་མདའ་ཡི་མཆོག །ལན་ཚྭའི་ལག་དང་དཔལ་ལྡན་ཕྲེང་། །དཔལ་ལྡན་ཕུན་ཚོགས་ཡིད་ལས་སྐྱེས། །ཉི་མ་ཟླ་བའི་སྙིང་པོ་དང་། །ཟླ་བའི་འོད་ཟེར་ལ་སོགས་པ། །དྲང་སྲོང་རྣམས་ལ་རིམ་པར་བརྒྱུད། །སྨན་པ་འཚོ་བྱེད་གཞོན་ནུ་ཡིས། །འཚོ་བྱེད་སངས་རྒྱས་བཞུགས་དུས་བྱོན། །འཕགས་པ་ཀླུ་སྒྲུབ་ཉིད་ལ་བརྒྱུད། །དེ་ནས་ཟླ་བའི་འོད་ཟེར་གྱིས། །དཔལ་ལྡན་ཕ་གོལ་ཉིད་ལ་བཤད། །དེ་ཡིས་ཁ་ཆེ་ཟླ་དགའ་ལ། །དེ་ལ་བཻ་རོ་ཙ་ནས་ཞུས། །ཁྲི་སྲོང་ལྡེ་བཙན་ཆེ་ལ་གཏད། །མངའ་བདག་ཁྲི་སྲོང་ལྡེ་བཙན་གྱིས། །བསམ་ཡས་དབུ་རྩེ་རིགས་གསུམ་ན། །བར་ཁང་ཀ་བའི་ཁོལ་དུ་སྦས། །དེ་ནས་འདོད་ལྷའི་ཞག་གསུམ་ན། །གྲྭ་པ་མངོན་ཤེས་ཅན་གྱིས་བཏོན། །འཛམ་བུ་གླིང་གི་བདག་པོར་གྱུར། །དེ་ལ་དབུས་པ་དར་གྲགས་ཀྱིས། ལུས་ངག་ཡིད་ཀྱི་དཀའ་བ་སྤྱད། །གསེར་གཡུ་རྟ་ཁྲབ་ཡོན་གྱིས་བསླུས(བླུས)། །དེ་ལ་འཚོ་བྱེད་དཀོན་སྐྱབས་ཀྱིས། །དྲུག་དམར་སྐར་ཆེན་ནམ་མཁའ་གསལ། །བསིལ་ཁལ་སྟོང་དང་བཅས་ཏེ་ཕུལ། །བཀའ་རྒྱ་བཅས་པར་དགྱེས་བཞིན་གནང་། །དེ་ལ་གཡུ་ཐོག་མགོན་པོ་ཡིས། །ལོ་གྲངས་དུ་མར་ཞབས་ལ་བཏུད། །སྒོ་གསུམ་གུས་པས་མཆོད་པའི་མཐར། །གླིང་བཞི་བདེ་འཁོར་ཅང་ཤེས་རྟ། །སྒ་སྲབ་རུ་གར་ཅན་བཅས་པ། །རྒྱས་པར་གསེར་འབུམ་ཕུལ་ནས་ཞུས། །དྲང་སྲོང་གཡུ་ཐོག་མགོན་པོ་དེས། །དོན་དགོངས་ཁོག་དབུབ་སྟོང་ཐུན་མཛད། །བསྡུས་དོན་གཞུང་ལ་ས་མཚམས་ཕྱེ། །དཀའ་འཕྲེང་འབྲུ་འགྲེལ་ཡིག་ཆུང་བཀོད། །མ་ཚང་གབ་འཁྲུགས་གསལ་བར་ བསྡེབས། །གཞན་དུ་མ་སྤེལ་ཡི་དམ་མཛད། །འཛམ་གླིང་གསལ་བའི་གྲགས་པ་ཐོབ། །ཁོ་བོ་རུ་མཚམས་སུམ་པའི་བུ། །ཛྙཱ་ན་དྷ་ར་བདག་འདྲ་ཡིས། །རྗེ་དེའི་སྙན་པ་རྒྱང་ནས་ཐོས། །མཚན་ཐོས་པ་ཙམ་གྱིས་མོས་པ་སྐྱེས། །ལམ་དཀའ་བ་སྤྱད་དེ་སྤྱན་སྔར་ཕྱིན། །ཞལ་མཐོང་བ་ཙམ་གྱིས་མོས་པ་སྐྱེ། །གསུང་བྱོན་མ་ཐག་ཏུ་བྱིན་བརླབས་གཡོས། །ལོངས་སྤྱོད་ཡོ་ལང་མི་ཆེ་ཡང་། །ཕ་གཞི་རྟ་རུ་བཙོངས་ནས་ཕུལ། །ཞབས་ཏོག་ཁམས་ཅན་མ་འགྲུབ་ཀྱང་། །བླ་མ་ཅི་གསུང་བཀའ་མ་བཅག །ཚིག་དོན་སྤྱོད་ཁམས་མི་ཆེ་ཡང་། །གཡུ་འགྲུབ་ཉིན་གཅིག་མ་ཤོར་བའི། །ཉིན་མཚན་མེད་པར་ལོ་གསུམ་བསླབས། །དེ་ནས་ད་དུང་ཡིད་མ་ཚིམ། །གདམས་པའི་རྩ་བ་མ་ཆོད་ནས། །རྒྱ་ཕྱེད་རྐང་གྲོང་བཞུགས་དུས་སུ། །ཡང་ཡང་གསོལ་བ་དྲག་བཏབ་པས། །ལན་ཅིག་སྨོན་ལམ་ཐུགས་རྗེ་ཡིས། །གསོ་རིག་མན་ངག་རྒྱུད་བཞི་གནང་། །ཟབ་ལྷག་མེད་པའི་དབུ་སྙུང་བཞེས། །དྲང་སྲོང་བརྒྱུད་པའི་བྱིན་བརླབས་མཛད། །སྔོན་ཆད་གཞན་ལ་མ་བསྟན་ཏེ། །གཅིག་བརྒྱུད་རྒྱུན་མི་གཅད་པའི་ཕྱིར། །ད་ལན་ཁྱོད་ལ་གཏད་པ་ཡིན། །ད་ལྟ་སྤེལ་བའི་དུས་མིན་པས། །རིན་ཆེན་གཏེར་དུ་སྦ་བར་བྱ། །ཞེས་སོགས་གསུངས་བཞིན་བཀའ་རྒྱས་བཏབ། །མཆེད་གྲོགས་གཞན་གྱིས་མ་མཐོང་བར། །ཕག་ཏུ་ཟིན་བྲིས་ཡིག་ཆུང་བཀོད། །ལོ་སྐོར་གཅིག་ཏུ་གསང་ཐུབ་ན། །དེ་ཡིས་དངོས་གྲུབ་ཐོབ་བོ་གསུངས། །བཀའ་བཞིན་མ་ཉམས་ཉམས་ལེན་བྱས། །སྙན་རྒྱུད་ཟབ་མོའི་ཡིག་ཆ་ཡང་། །རེས་འགའ་རི་བོའི་རྩེ་ལ་བྲིས། །རེས་འགའ་གྲོག་པོའི་ཕུགས་སུ་བྲིས། །རེས་འགའ་ཞིང་གསེབ་རྩིག་ཕག་བྲིས། །རང་དོན་གཅིག་པོའི་ཕྱིར་མིན་ཞིང་། །ལྷག་བསམ་བཟང་པོས་གཉི་ར་བྱས། །དེ་ནས་ལོ་གྲངས་བཅུ་གསུམ་ནང་། །གནམ་ལོ་རྒྱལ་པོ་རྟ་ལོ་ལ། །གཡས་རུ་ལྷ་ཀན་ས་སྐོར་དུ། །ཕྱི་མོ་ཟིན་བྲིས་དཔེ་ལ་བཤུས། །ལྷག་ཆད་ནོར་འཁྲུལ་མེད་པ་ཡིས། །ཚར་འགའ་བཞེངས་ནས་བཀའ་རྒྱ་བཀྲོལ། །བླ་མས་གཅིག་བརྒྱུད་མ་གཏོགས་པ། །ཁ་བ་ཅན་གྱི་རྒྱལ་ཁམས་འདིར། །སྔོན་ཆད་མཐོང་ཐོས་ཚོར་བ་མེད། །ད་ནི་མཁའ་ལ་ཉི་ཤར་བཞིན། །འགྲོ་བའི་དཔལ་དུ་ཤར་བར་ཤོག །མཚུངས་མེད་གཡུ་ཐོག་མགོན་པོ་ཞེས། །གནས་ལྔ་རིག་པའི་པཎྜིཏ། །དྲང་སྲོང་རིག་པའི་ཡེ་ཤེས་འདྲ། །དངོས་རང་ཡིད་ལས་སྐྱེས་བསམ་སྙམ། །ཚེ་རབས་བླ་མ་ཡིན་པར་ངེས། །བསམ་ཀྱིན་སྐུ་དྲིན་ཆེ་བའི་ཕྱིར། །མི་བརྗེད་དུས་གསུམ་གཙུག་ཏུ་ཁུར། །རྒྱུན་ཆད་མེད་པར་བྱིན་གྱིས་རློབས། །དེ་ལ་སློབ་མ་གྲངས་མང་ཡང་། །སྐུ་ཚེིའི་སྟོད་ལ་གྲགས་པ་སྟེ། །རྩིབས་མདའི་ལྗང་སྨན་ལེབ་བེ་ཡིན། །ཆེ་འགྲན་དཔོན་ལ་བྱེད་བྱེད་ནས། །གདམས་པ་འདི་ཡི་རྩད་མ་ཆོད། །དེང་སང་གྲགས་པ་ཅི་ལ་བྱེད། །སྐུ་ཚེིའི་བར་ལ་གྲགས་པ་དེ། །ཁམས་ཀྱི་སྟོན་པ་ཨ་ཚེས་ཡིན། །བརྒྱད་པའི་བཤད་འགྲེལ་བསྒྲིགས་བསྒྲིགས་ནས། །གདམས་པ་འདི་ཡི་རྩད་མ་ཆོད། །དེང་སང་གཞུང་བཤད་གང་ལ་བྱེད། །སྐུ་ཚེའི་མཇུག་ཏུ་གྲགས་པ་དེ། །ནུབ་ལའི་དགེ་བཤེས་རོག་ཆུང་ཡིན། །རིགས་བརྒྱུད་ཆེ་ས་འཛིན་འཛིན་ནས། །གདམས་པ་འདི་ཡི་རྩད་མ་ཆོད། །དེང་སང་འཁོར་ལ་ཅི་ཡིས་ཁྲོ། །ཐོག་མཐའ་དབུས་མེད་བསྒྲིལ་བ་ཡིས། །སྲས་པོ་གཉིས་དང་མག་པ་གཉིས། །སློབ་དཔོན་གོམས་འདྲིས་ཁྱེར་ཁྱེར་ནས། །གདམས་པ་འདི་ཡི་རྩད་མ་ཆོད། །དེང་སང་བུ་སློབ་སུ་ཡིས་སྐྱོང་། །ཕྱོགས་ནས་བྱོན་པའི་སྨན་ཆུང་རྣམས། །ལ་ལ་གནང་ཚད་གཅེས་པར་འཛིན། །ལ་ལ་རྩད་གཅོད་ནན་ཞུས་བྱེད། །ལ་ལ་བྱུང་ཚད་ཡིག་སྣ་སྒྲུབ། །ལ་ལ་ཟོ་མེད་སྟོང་ལོག་བྱེད། །ལ་ལ་ལག་ལེན་བལྟས་ནས་འགྲོ། །ལ་ལ་བཞད་གད་འགའ་ཆོས་སྐྱོང་། །ལ་ལ་སྟོན་མེད་ལྡང་ལྡོམ་བྱེད། །གདམས་པ་འདི་ཡི་རྩད་མ་ཆོད། །དེང་སང་ནད་པ་ཅི་ཡིས་གསོ། །མཁས་གྲུབ་ཟླ་བ་མགོན་པོ་ཡི། །གདམས་པ་ཐོབ་པ་ཁོ་བོ་ཙམ། །གཡུ་ཐོག་བཀའ་བབས་བདག་ལ་བབས། །འཚོ་བྱེད་གཞོན་ནུ་བྱོན་ལེགས་ཀྱང་། །སྨན་དཔྱད་ཞུ་རྒྱུ་མེད་དམ་སྙམ། །བདག་ལ་སྙན་གྲགས་མི་བདོག་སྟེ། །བླ་མ་དྲང་སྲོང་དངོས་དང་མཇལ། །གདམས་པ་མི་ཟབ་བཀའ་ཐབས་མེད། །བུ་སློབ་ཆེས་ཆེར་གྲགས་ཏེ་མཆིས། །རྒྱུད་འདི་གང་ནས་སུ་འཆད་པ། །ཕྱི་མ་མངོན་མཐོ་བདེ་ལེགས་ཐོབ། །འདིར་ཡང་ཡོན་ཏན་རྒྱུན་མི་ཆད། །བཀྲ་ཤིས་ཞལ་དྲོ་བསམ་པ་འགྲུབ། །སྙན་གྲགས་རིགས་བརྒྱུད་ལོངས་སྤྱོད་ལྡན། །གཞན་དོན་ཕན་བདེ་འགྲུབ་པ་དང་། །བར་ཆད་མེད་པར་བྱིན་གྱིས་རློབས། །དེ་སླད་རུ་མཚམས་ཛྙཱན་དྷ་རས་ནི། །གྱིམ་ཕྱོགས་འཚོ་བྱེད་གཞོན་ནུ་ཡེ་ཤེས་ལ། །བདུད་རྩི་ཚིག་གསུམ་གསེར་དུ་བཞེངས་པ་ཡིས། །ཡོན་དུ་གསོ་རིག་མན་ངག་རྒྱུད་བཞི་ཕུལ། །དྲང་སྲོང་རིག་པའི་ཡེ་ཤེས་བཀའ་ལས་ཀྱང་། །སྨན་པའི་རྒྱུ་དྲུག་ཚོགས་པའི་སྐལ་ལྡན་ལ། །དྲང་སྲོང་ཆེན་པོའི་རྒྱུད་འདི་གཏད་པར་བགྱིས། །དེས་ཀྱང་མཉེས་པའི་ཡོན་གྱིས་མི་སླུ་ན། །སྦྱིན་པར་མི་བྱ་དམ་པར་འཛིན་མི་འགྱུར། །དེ་སྐད་ལུང་ཆེན་དག་ཏུ་གསུངས་པ་བཞིན། །ཁྱེད་ལ་སྨན་པའི་རྒྱུ་དྲུག་ལྡན་པ་དང་། །གཏད་སའི་སྣོད་དང་ལྡན་པར་ལེགས་མཐོང་ནས། །སྙིང་བཞིན་གསོ་རིག་རྒྱུད་འདི་གཏད་པ་ཡིན། །འདི་ནི་ཨུ་དུམ་ཝ་རའི་མེ་ཏོག་བཞིན། །ནོར་བུ་རིན་ཆེན་ལྟ་བུར་དགོས་འདོད་འབྱུང་། །མཇལ་བར་གྱུར་པ་ཁྱོད་ཉིད་སྐལ་བ་བཟང་། །སྨན་བླ་དྲང་སྲོང་ཐུགས་རྗེས་ཟིན་པ་ཡིན། །སྔོན་གྱི་ལས་ཀྱི་སྨོན་ལམ་སད་པ་ཡིན། །ཆོས་དང་བདག་པོ་ཕྲད་ཅིང་འཛོམས་པ་ཡིན། །སྟོན་ཐུན་ཤོད་ལས་བུ་སློབ་ཤེས་རྒྱུད་ཁྲོལ། །ཚིག་སྙན་སྒྲོགས་ལ་འགྲོ་རྣམས་སྤྲོ་བ་སྐྱེད། །གདམས་པ་གསོངས་ལ་རང་གི་སྙིང་ནོར་བགྱིས། །སྙིང་རྗེ་སྐྱེད་ལས་ཉམ་ཐག་སྐྱབས་མགོན་མཛོད། །རྒྱུ་དྲུག་ཚོགས་པའི་སྐལ་ལྡན་བྱུང་སྲིད་ན། །གསེར་གཡུ་རྟ་ཁྲབ་མཉེས་པའི་ཡོན་འབུལ་ན། །བཀའ་རྒྱ་དམ་བཅའ་མནའ་དང་བཅས་པ་སྦྱིན། །དེ་ལྟ་མིན་ན་མི་སྦྱིན་བཀའ་རྒྱ་བཏབ། །མི་ཉག་རོང་ཆུང་ཀོ་ཆུང་པ་དང་ནི། །ལག་ཏུ་འགྲོ་བའི་རིགས་ལ་ཤིན་ཏུ་གསོངས། །སྤོངས་ལ་འཕེལ་ན་རྒྱལ་པོ་སྤུན་མང་འདྲ། །རྒྱལ་པོ་སྤུན་མང་མཁའ་ཐང་བཅད་རིས་ཆུང་། །སྟར་ཡུ་ཤིང་ནས་ཤོར་བ་ཤིང་གི་གཤེད། །ཀུན་གྱིས་ཤེས་ན་མཁས་པ་སུ་ཡིས་བྱེད། །དམ་ཚིག་མེད་པའི་སློབ་མ་གཡག་བདག་འདྲ། །རང་ལ་དགོས་པའི་ཚོང་ཐེབས་གཅིག་ལོན་ན། །དེ་རྗེས་གཡག་ལ་ཤི་དང་མ་ཤི་མེད། །དེ་བཞིན་ཟས་ནོར་ངག་འཇམ་བྲིད་མཁས་ཀྱིས། །གདམས་པ་ཐོབ་ནས་སློབ་དཔོན་རྒྱབ་ཏུ་བསྐྱུར། །དམ་ཚིག་ཉམས་དང་མ་ཉམས་ཁོ་ལ་མེད། །དེ་ཕྱིར་དེ་འདྲའི་རིགས་ལ་ཤིན་ཏུ་གསོངས། །བདག་གི་རྒྱ་ཡིས་ཇི་ལྟར་བཏབ་པ་བཞིན། །སྨན་བླ་དྲང་སྲོང་རང་སེམས་སྤང་(དཔང་)དུ་ཚུགས། །བཀའ་རྒྱ་འདས་ན་འདི་ཕྱི་གཉིས་ཀ་བརླག །དམ་ཚིག་ཐུབ་ན་སྙན་གྲགས་བསོད་ནམས་ཐོབ། །འདོད་དགུ་བསམ་པ་ཕུན་སུམ་ཚོགས་པར་འགྱུར། །བདག་གིས་རྒྱུད་འདི་ཁྱོད་ལ་གཏད་པ་ཡིས། །གསོ་བ་རིག་པའི་མཆོག་འདི་མགོ་ཐོན་ནས། །འཛམ་གླིང་མཛེས་བྱས་རྐང་གཉིས་དཔལ་གྱུར་ཤོག །དེ་ལས་དམིགས་མེད་དགེ་བ་གང་བྱུང་བ། །མཐའ་ཡས་སེམས་ཅན་རྣམས་ཀྱི་དོན་དུ་བསྔོ། །དང་པོ་དེ་ལྟར་གོང་མས་བདག་ལ་གདམས། །ཕྱིས་ནི་ཐུགས་སྲས་སྟོན་པར་འདོན་པའི་ལོ། །སྲང་གཅིག་ཕུལ་བས་མཉེས་ཤིང་ཐུགས་ཚིམ་ནས། །ད་ནི་ཅི་བདེར་སྤྱོད་ཅེས་བཀའ་རྒྱ་བཀྲོལ། །

ཨེ་མ་ཧོ། ད་ནི་མུན་ཁུང་སྒྲོན་མེ་གསལ་བ་བཞིན། །འགྲོ་ཀུན་རྨོངས་པའི་ནད་ལས་གྲོལ་བར་ཤོག །གསོ་བ་རིག་པའི་རྒྱུད་བཞིའི་རྣམ་ཐར་བཀའ་རྒྱ་ཞེས་བྱ་བ་རུ་མཚམས་ཀྱི་མཁས་གྲུབ་སུམ་པ་ཆེན་པོས་གྱིམ་ཕྱོགས་ཀྱི་འཚོ་བྱེད་གཞོན་ནུ་ལ་གསུང་བགྲོས་སུ་མཛད་པའོ།། །།

 

-          དཔལ་ལྡན་རྒྱུད་བཞིའི་བླ་བརྒྱུད་རྣམ་ཐར་འདི་ལ་མ་ཕྱི་གཉིས་ལག་སོན་བྱུང་བའི་ནང་ནས་དང་པོ་དེ་དབུ་ཅན་སུག་བྲིས་ཡིན་པ་མཚན་ལ་<<བརྒྱུད་པའི་རྣམ་ཐར་མེད་ཐབས་མེད་པ་བཞུགས་སོ་>>ཞེས་གསལ་བ་དང་། གཉིས་པ་དེ་ལས་ཅུང་ཟད་རྒྱས་པ་དེ་ཕྱི་ལོ་ ༢༠༡༤ ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་ཞུས་པ་<<རྒྱུད་བཞིའི་བླ་མ་བརྒྱུད་པའི་རྣམ་ཐར། གསོ་རིག་ཁོག་འབུབས་ལེགས་བསྡུས་>>ཞེས་པའི་དེབ་ནས་ཟུར་བཏོན་ཞུས་པ་ཡིན།








མཐའ་མའི་འདོན་ཐེངས་།: 12.07.2022 ཉིན། 12:52 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།