སྨན་རྩིས་དྲ་བ། - ལོ་རྒྱུས།

འཚོ་བྱེད་གཞོན་ནུའི་རྣམ་ཐར་མདོ་ཙམ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 13.09.2015
ལོ་རྒྱུས། >>

     

༄༅། །སྨན་པའི་རྒྱལ་པོ་འཚོ་བྱེད་གཞོན་ནུའི་ཐུན་མོང་གི་རྣམ་པར་ཐར་པ་མདོ་ཙམ་བཤད་པ་བཞུགས་སོ།།

- རྗེ་དམུ་དགེ་བསམ་གཏན་རྒྱ་མཚོ།

 

 

 

 

གཉིས་མེད་ཡེ་ཤེས་སྒྱུ་མའི་རོལ་གར་ལས།།

ཕྱི་ནང་གསང་བའི་རིམས་ནད་དགྲ་སྡེའི་ཚོགས།།

ཡོངས་སུ་འཇོམས་པའི་རྒྱལ་ཐབས་ལ་རོལ་བ།།

གཉེན་གཅིག་དྲང་སྲོང་དེ་ཡིས་ཤིས་པ་སྩོལ།།

    དེ་ལ་འདིར་སྨན་པའི་རྒྱལ་བོ་འཚོ་བྱེད་གཞོན་ནུ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་ཐུན་མོང་གི་རྣམ་པར་ཐར་བ་མདོ་ཙམ་ཞིག་བརྗོད་པར་བྱ་སྟེ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཞལ་བཞུགས་པའི་དུས་ཙམ་ན། འཕགས་ཡུལ་གྱི་ཡུལ་མ་ག་ངྷཱིའི་རྒྱལ་བོ་བཟོ་སྦྱངས་གཟུགས་ཅན་སྙིང་བོ་ལ་སྲས་གསུམ་ཡོད་དེ། ཁབ་ཀྱི་བཙུན་མོ་ལས་བཙས་པ་རྒྱལ་བུ་མ་སྐྱེས་དགྲ། ཡངས་པ་ཅན་གྱི་ཨྰམྲ་སྐྱོང་མ་ལས་བཙས་པ་རྒྱལ་བུ་གཞོན་ནུ་འཇིགས་མེད། རྒྱལ་བོའི་ཁབ་ཀྱི་ཁྱིམ་བདག་ཅིག་གི་ཆུང་མ་ལས་བཙས་པ་རྒྱལ་བུ་འཚོ་བྱེད་གཞོན་ནུ་སྟེ་གསུམ་མོ།། རྒྱལ་བུ་གཞོན་ནུ་འཇིགས་མེད་དང་འཚོ་བྱེད་གཞོན་ནུ་གཉིས་ཆེན་པོར་གྱུར་པ་ན། འཚོ་བྱེད་གཞོན་ནུས། གཞོན་ནུ་འཇིགས་མེད་ལ་སྨྲས་པ། བདག་ཅག་གི་ནུ་བོ་རྒྱལ་བུ་མ་སྐྱེས་དགྲ་ནི་རྒྱལ་བོར་འགྱུར་གྱི། བདག་ཅག་གིས་བཟོ་ཅུང་ཟད་བསླབ་ན། བདག་ཅག་གི་ཕྱི་དུས་ཀྱི་འཚོ་བར་འགྱུར་རོ། །ཞེས་དེ་གཉིས་ཀྱིས་དེ་ལྟར་གྲོས་བྱས་པ་ལས། གཞོན་ནུ་འཇིགས་མེད་ཀྱིས་ཤིང་རྟ་བཟོ་མཁན་དག་མཐོང་བའི་རྐྱེན་བྱས། བདག་གིས་ཡབ་ལ་ཞུས་ནས་ཤིང་རྟ་བཟོ་བ་བསླབ་སྙམ་ནས། ཡབ་གཟུགས་ཅན་སྙིང་བོ་ལ་ཞུས་པས། རྒྱལ་བོས་བཀས་གནང་སྟེ། ཤིང་རྟ་བཟོ་བ་བསླབ་པར་བརྩམས་སོ། །འཚོ་བྱེད་གཞོན་ནུས། སྨན་པ་གོས་དཀར་པོ་གོན་པ། མི་གོས་དཀར་པོ་གོན་པ་རྣམས་ཀྱིས་བསྐོར་ཏེ་རྒྱལ་བོའི་ཕོ་བྲང་དུ་ཞུགས་པ་མཐོང་ནས། གཞན་དག་ལ་དྲིས་པ། འདི་སུ་ཞིག་རེད། དེ་དག་གིས་སྨན་པ་རེད་ཟེར། འཚོ་བྱེད་གཞོན་ནུས་བསམས་པ་བདག་གིས་སྨན་དཔྱད་བསླབ་པར་བྱ་སྙམ་ནས། དེ་ཕའི་གམ་དུ་སོང་སྟེ། ལྷ་གནང་བར་མཛོད་ཅིག་བདག་གིས་སྨན་དཔྱད་བསླབ་ལགས་སོ།  །ཞེས་ཞུས། རྒྱལ་བོས་སྨྲས་པ། །ཁྱོད་རྒྱལ་བོའི་སྲས་ཡིན་ན་སྨན་དཔྱད་ཀྱིས་ཅི་བྱ། འཚོ་བྱེད་གཞོན་ནུས། རྒྱལ་བོའི་བུས་ནི་བཟོ་ཐམས་ཅད་བསླབ་པར་བགྱི་ལགས་སོ་ཞུས་པས། ཕས་བུ་གལ་ཏེ་དེ་ལྟ་ན་སློབས་ཤིག་ཅེས་བཀའ་ཐོབ་སྟེ་དེས་སྨན་དཔྱད་སློབ་པར་བརྩམས་ཏེ་བསླབ་པ་ན་སྨན་དཔྱད་ལོབས་ནས་མཁས་པར་གྱུར་ནའང། དེས་ཀླད་པའི་ཐོད་པ་དབྱེ་བའི་དཔྱད་མ་ཤེས། དེས་ཡུལ་རྡོ་འཇོག་ན་སྨན་པའི་རྒྱལ་པོ་རྒྱུན་ཤེས་ཀྱི་བུ་ཞེས་བྱ་བ་ཡོད་པ་དེས་ཀླད་པའི་ཐོད་པ་འབྱེད་པའི་དཔྱད་ཤེས་སོ། །ཞེས་ཐོས་ནས། དེ་ཡབ་རྒྱལ་བོའི་དྲུང་དུ་སོང་སྟེ་སྨྲས་པ། ལྷ་རྡོ་འཇོག་ཏུ་མཆིའོ། །རྒྱལ་བོས་ཅི་ཞིག་གི་ཕྱིར། དེས་ཡུལ་དེ་ན་སྨན་པའི་རྒྱལ་བོ་རྒྱུན་ཤེས་ཀྱི་བུ་ཞེས་བགྱི་བ་མཆིས་ཏེ། དེས་ཀླད་པའོ་ཐོད་པ་འབྱེད་པའི་དཔྱད་འཚལ་བས་དེ་སློབ་ཏུ་མཆིའོ། །རྒྱལ་བོས་སྨྲས་པ། བུ་ཁྱོད་འདིས་འཚོའམ་ཟེར། དེས་ལྷ་ཡང་ན་ནི་དཔྱད་མི་བསླབ། ཡང་ན་ནི་ལེགས་པར་བསླབ་པར་བགྱིའོ། །རྒྱལ་བོས་བུ་གལ་ཏེ་དེ་ལྟ་ན་སོངས་ཤིག ཅེས་དགོངས་པ་བསྩལ་ནས་ཡུལ་རྡོ་འཇོག་གི་རྒྱལ་བོ་པདྨའི་སྙིང་བོ་ལ་ཡི་གེ་སྤྲིངས་པ། བདག་གི་བུ་འདི་སྨན་དཔྱད་སློབ་ཏུ་རྒྱུན་ཤེས་ཀྱི་བུའི་དྲུང་དུ་འོང་གིས། འདིའི་དགོས་པ་ཐམས་ཅད་ཁྱོད་ཀྱིས་སྦྱོར་ཅིག ཅེས་བྲིས། འཚོ་བྱེད་གཞོན་ནུ་རིམ་གྱིས་ཡུལ་རྡོ་འཇོག་ཏུ་ཕྱིན་པ་དང། རྒྱལ་བོ་པདྨའི་སྙིང་བོས་ཀྱང་སྤྲིངས་ཡིག་བཀླགས་ཏེ་རྒྱུན་ཤེས་ཀྱི་བུ་ལ་གཏད་ནས། རྒྱལ་བོའི་བུ་འདི་ཁྱོད་ཀྱི་དྲུང་དུ་ཆེད་དུ་འོངས་ཀྱིས་འདི་ལ་སྨན་དཔྱད་སློབས་ཤིག ཅེས་བསྒོས་པས། རྒྱུན་ཤེས་ཀྱི་བུས་འཚོ་བྱེད་ལ་སྨན་དཔྱད་སྟོན་པར་བྱེད་པ་ན། སློབ་དཔོན་དེས་ཉུང་ཟད་ཅིག་བསྟན་ཀྱང་འཚོ་བྱེད་ཀྱིས་ཁྱད་པར་དང་བཅས་པ་ལོབས་སོ།།

    རྒྱུན་ཤེས་ཀྱི་བུའི་ཀུན་ཏུ་སྤྱོད་པ་ནི་གང་གི་ཚེ་ནད་པ་ལྟར་འགྲོ་བའི་ཚེ་བྲམ་ཟེའི་ཁྱེའུ་ཞིག་ཁྲིད་དེ་འགྲོ་བ་ཡིན་པས་དུས་གཞན་ཞིག་ན་འཚོ་བྱེད་ཁྲིད་དེ་སོང་ནས་ནད་པ་ལ་བལྟས་ཏེ་དེས་སྨན་འདི་དག་བྱིན་ཅིག་ཅེས་སྨྲས་ནས་སྒོར་བྱུང་ངོ་། །འཚོ་བྱེད་ཀྱིས་བསམས་པ། འདི་ནི་མཁན་པོས་ཉེས་ཏེ། གལ་ཏེ་འདིས་སྨན་འདི་ཟོས་ན་དེང་ཉིད་དུ་འཆི་བར་འགྱུར་ཏེ། མཁན་པོས་བསྟན་པ་ནི་ལེགས་པ་མ་ཡིན་ཕྱིས་ཐབས་ཤིག་བྱའོ་སྙམ་ནས། དེ་རྒྱུན་ཤེས་ཀྱི་བུ་དང་ལྷན་ཅིག་ཏུ་སྒོར་བྱུང་ཡང་སླར་ནང་དུ་ཞུགས་ཏེ། མཁན་པོས་འདི་སྐད་ཅེས་གསུང་ངོ་། །ཁོ་བོས་སྨན་བསྟན་པ་གང་ཡིན་པ་དེ་མ་སྦྱིན་པར་འདི་དང་འདི་དག་བྱིན་ཅིག་ཟེས་ཟེར་རོ། །ནད་པ་དེས་དེ་བཞིན་དུ་བྱས་པས་སོས་པར་གྱུར་ཏོ། །ཇི་ཙམ་ཉི་མ་གཞན་ཞིག་ན་རྒྱུན་ཤེས་ཀྱི་བུ་ནད་པ་དེའི་ཁྱིམ་དུ་སོང་ནས། ན་བ་ཇི་ལྟར་སོས་པར་གྱུར་པ་དྲིས་ནས། སང་ཡང་སྨན་དེ་ཉིད་བྱིན་ཅིག་ཟེར། ཁྱིམ་མི་དེ་དག་གིས་ཅི་སྔ་མ་ལགས་སམ། འོན་ཏེ་སླད་ཀྱིས་བསྟན་པ་ལགས་ཞེས་ཞུས། སྨན་པས་ཅི་བདག་གིས་སྔ་ཕྱི་གཉིས་བསྟན་ཏམ་ཟེར། དེ་དག་གིས་སྨྲས་པ། འདི་དག་ནི་ཁྱོད་ཀྱིས་མངོན་སུམ་དུ་བསྟན་ཏོ། །འདི་ནི་འཚོ་བྱེད་ལ་འཕྲིན་སྤྲིངས་པ་རེད་ཟེར། དེས་བསམས་པ། བདག་གིས་ཉེས་ཀྱིས་འཚོ་བྱེད་ནི་ཤེས་རབ་ཅན་ཡིན་ནོ་སྙམ་ནས་སྨྲས་པ། འཚོ་བྱེད་ཀྱིས་བསྟན་པ་གང་ཡིན་པ་དེ་བྱིན་ཅིག་ཟེར། དེ་ནས་རྒྱུན་ཤེས་ཀྱི་བུ་འཚོ་བྱེད་ལ་དགའ་བ་སྐྱེས་པས་དེ་གང་དུ་འགྲོ་བ་དེར་འཚོ་བྱེད་ཁྲིད་དོ། །བྲམ་ཟེའི་ཁྱེའུ་གཞན་རྣམས་ཀྱིས་སྨྲས་པ། མཁན་པོ་ཁྱོད་རྒྱལ་པོའི་བུའོ་སྙམ་ནས་འདི་ལ་ནི་སྤྲོ་བས་སྟོན་པར་མཛད་ཀྱི། བདག་ཅག་ལ་ནི་མི་མཛད་དོ་ཟེར། མཁན་པོས་སྨྲས་པ། འཚོ་བྱེད་ནི་ཤེས་རབ་ཅན་ཡིན་པས་ངས་བསྟན་པ་གང་ཡིན་པ་དེ་རང་གིས་རྣམ་པར་འབྱེད་ནུས་ཀྱི་ཁྱེད་ཅག་གིས་ནི་དེ་ལྟ་མ་ཡིན་ནོ་ཟེར། དེ་རྣམས་ཀྱིས་སྨྲས་པ། མཁན་པོས་ཇི་ལྟར་མཁྱེན། མཁན་པོས་གལ་ཏེ་དེ་ལྟ་ན་ངས་ཁྱེད་ཅག་གིས་མངོན་སུམ་དུ་རིག་པར་བྱའོ། །ཞེས་སྨྲས་ནས་དུས་གཞན་ཞིག་ན། མཁན་པོས་བྲམ་ཟེའི་ཁྱེའུ་རྣམས་ལ་མི་རེ་རེ་ལ། ཁྱོད་ཀྱིས་རྫས་ཆེ་གེ་མོ་ཞིག་གི་རིན་དྲིས་ཤིག་ཁྱོད་ཀྱིས་ནི་རྫས་གཞན་ཞིག་ཆེ་གེ་གོའི་རིན་དྲིས་ཤིག་ཅེས་དེ་རྣམས་ཚོང་འདུས་སུ་བཏང། འཚོ་བྱེད་ལའང་ཁྱོད་ཀྱིས་ཀྱང་རྫས་ཆེ་གེ་མོ་ཞིག་གི་རིན་དྲིས་ཤིག ཅེས་བསྒོས། དེ་ཐམས་ཅད་ཚོང་འདུས་སུ་ཕྱིན་ནས་བྲམ་ཟེའི་ཁྱེའུ་རྣམས་ཀྱི་མཁན་པོས་ཇི་སྐད་བསྟན་པ་ཁོ་ནའི་རིན་དྲིས་ཀྱི་གཞན་མ་དྲིས་སོ།། འཚོ་བྱེད་ཀྱིས་ཀྱང་ཇི་སྐད་བསྟན་པ་བཞིན་བྱས་ནས་བསམ་པ་གལ་ཏེ་མཁན་པོས་རྫས་གཞན་གྱི་རིན་འདྲི་བར་བྱས་ན་བདག་གིས་ཇི་སྐད་བརྗོད་པར་བྱ། ཐམས་ཅད་དུ་རྫས་ཐམས་ཅད་ཀྱི་རིན་དྲིའོ་སྙམ་ནས་དྲིས་སོ། །དེ་དག་ཐམས་ཅད་མཁན་པོའི་དྲུང་དུ་སོང་ནས། མཁན་པོས་སྔར་ཇི་སྐད་བསྟན་པའི་རྫས་དེ་དག་གི་རིན་སྨྲས་སོ།། རྒྱུན་ཤེས་ཀྱི་བུས་མ་བསྟན་པའི་རྫས་ཀྱི་རིན་དྲི་བར་བརྩམས་ཏེ། བྲམ་ཟེའི་ཁྱེའུ་ཞིག་ལ་རྫས་ཆེ་གེ་མོ་ཞིག་གི་རིན་ཇི་ཙམ། དེས་སྨྲས་པ་མ་འཚལ་ལོ། །གཞན་དག་ལ་དྲིས་པས། སྨྲས་པ་མ་འཚལ་ལགས་སོ། །འཚོ་བྱེད་ལ་དྲིས་པ་དང་དེས་རྫས་ཐམས་ཅད་ཀྱི་རིན་སྨྲས་སོ། །རྒྱུན་ཤེས་ཀྱི་བུས་སྨྲས་པ། བྲམ་ཟེའི་ཁྱེའུ་རྣམས་ཀྱིས་ཐོས་སམ། དེ་དག་གིས་ཐོས་ལགས་སོ་ཟེར། ངས་འཚོ་བྱེད་ནི་ཤེས་རབ་ཅན་ཡིན་ཏེ་ཅུང་ཟད་བསྟན་ན་ཡང་དེ་ལ་རང་གིས་རྣམ་པར་འབྱེད་ནུས་སོ་ཞེས་སྨྲས་པ་ནི་དོན་དེ་ཡིན་ནོ། །གཞན་མཁན་པོས་ཡང་མངོན་སུམ་དུ་བྱའོ་ཞེས་དེ་རྣམས་ལ་སྨྲས་པ། ཐང་ཤིང་ཅན་གྱི་རིར་དོང་ལ་སྨན་མ་ཡིན་པ་དེ་དག་ཁྱེར་ཏེ་ཤོག་ཅིག དེ་དག་ཐང་ཤིང་ཅན་གྱི་རི་ལ་དོང་ནས། གཞན་རྣམས་ཀྱིས་སྨན་མ་ཡིན་སྙམ་པ་གང་དང་གང་བཏུས་སོ། །འཚོ་བྱེད་ཀྱིས་བསམ་པ་སྨན་མ་ཡིོན་པ་ཅིང་ཟད་ཀྱང་མེད་དོ་སྙམ་ནས། དེས་འདམ་བུ་མདའ་རྒྱུའི་རྩ་བ་དང། རྡོའི་དུམ་བུ་ཞིག་བླངས་སོ། །ཇི་ཙམ་ན་དེ་དག་ལམ་གྱི་ཕྱེད་ན་སླེབས་ཚེ། ཕྱུགས་རྫི་མོ་ཞིག་གི་མིག་ན་ནས་ཞོའི་བུམ་པ་དང་ཕྲུམ་ཚུད་(འོ་མ་དང་དར་བ་བསྐོལ་བའི་སྙིགས་མ།)ཁྱེར་ཏེ་རྒྱུན་ཤེས་ཀྱི་བུའི་དྲུང་དུ་འགྲོ་བ་དང་འཕྲད། འཚོ་བྱེད་ཀྱིས་གང་དུ་འགྲོ། ཅེས་དྲིས་པས། དེས་ཞིབ་པར་སྨྲས། འཚོ་བྱེད་ཀྱིས་གནས་དེ་ཉིད་ན་ཡོད་པའི་སྨན་ཞིག་བླངས་ནས་དཔྱད་བྱས་པས། དེ་མོད་ལ་སོས་པར་གྱུར་ཏོ། །དེ་དགའ་བ་སྐྱེས་ནས་སྨྲས་པ། ཞོའི་བུམ་པ་དང་ཕྲུམ་ཚུད་འདི་ཁྱོད་སྣོམས་ཤིག འཚོ་བྱེད་ཀྱིས་ཕྲུམ་ཚུད་བླངས་ཏེ། ཞོའི་བུམ་པ་དེ་ཉིད་ལ་ཕར་བྱིན། ཕྲུམ་ཚུད་དེ་ཁྱེར་ཏེ་སོང་བ་ལས་ཇི་ཙམ་ན་བྲམ་ཟེའི་ཁྱེའུ་རྣམས་ཀྱིས་ལམ་གྱི་དབུས་ན་གླང་བོ་ཆེའི་རྗེས་ཞིག་མཐོང་ནས། དེ་རྣམས་ཀྱིས་དེ་ལ་བརྟག་པར་བརྩམས་པ་དང་། འཚོ་བྱེད་ཀྱང་འོངས་ནས་སྨྲས་པ། འདི་ཅི་ཡིན། གླང་པོ་ཆེའི་རྗེས་སོ། །འཚོ་བྱེད་ཀྱིས་འདི་གླང་བོ་ཆེའི་རྗེས་མ་ཡིན་གྱི། འདི་ནི་བལ་གླང་མོའི་རྗེས་ཡིན་ཏེ། དེ་ཡང་མིག་གཡས་པ་ཞར་བ་དེ་རིང་ཁོ་ནར་གླང་བོ་ཆེའི་ཕྲུ་གུ་འབྱུང་བར་འགྱུར་བ་ཞིག་ཡིན་ལ། དེ་ལ་ཞོན་པ་ནི་བུད་མེད་ཡིན་ལ། དེ་ཡང་མིག་གཡས་པ་ཞར་བ་སྦྲུམ་ན་དེ་རིང་ཉིད་དུ་བུ་ཕོ་བཙའ་བར་འགྱུར་བ་ཞིག་ཡིན་ནོ། །ཞེས་སྨྲས། ཅི་ཙམ་ན་དེ་དག་རྒྱུན་ཤེས་ཀྱི་བུའི་དྲུང་དུ་འོངས་ནས་གང་གིས་གང་ཁྱེར་ཏེ་འོངས་པའི་རྫས་དག་བསྟན་ཏོ། །རྒྱུན་ཤེས་ཀྱི་བུས་སྨྲས་པ། བྲམ་ཟེའི་ཁྱེའུ་དག་འདི་ཐམས་ཅད་ནི་སྨན་ཡིན་ཏེ། ཆེ་གེ་མོ་འདི་ནི་ནད་ཆེ་གེ་མོ་ལ་ཕན་པའི་སྨན་ཡིན་ལ་དེ་བཞིན་དུ་གཞན་དག་ཀྱང་འདི་དང་འདིའི་སྨན་ཡིན་ནོ་ཞེས་སྨྲས་ནས། འཚོ་བྱེད་ལ་དྲིས་པ་ཁྱོད་ཀྱིས་ཅི་ཁྱེར་ཏེ་འོངས། འཚོ་བྱེད་ཀྱིས་སྨྲས་པ། མཁན་པོ་ཐམས་ཅད་སྨན་ལགས་ཏེ། སྨན་མ་ལགས་པ་ནི་ཅི་ཡང་མ་མཆིས་སོ། །འོན་ཀྱང་བདག་གིས་འདམ་བུ་རྩ་རུའི་རྩ་བ་དང། རྡོའི་དུམ་བུ་དང་ཕྲུམ་ཚུད་ཅིག་འཚལ་ཏེ་མཆིས་སོ། །འདི་དག་ཅི་ལ་དགོས་ན། སྡིག་པས་(སྡིག་པ་ར་ཙ།)ཟིན་པ་ལ་འདམ་བུ་མདའ་རྒྱུའི་རྩ་བའི་དུད་པས་བདུག་གོ། །ཕྲུམ་ཚུད་ཀྱིས་ནི་གླན་པར་བགྱིའོ། །རྡོའི་དུམ་བུ་ནི་སྟོན་ཁའི་དུས་ན་ཞོའི་བུམ་པ་འཆག་པར་འགྱུར་རོ་ཟེར། (ཞོ་ལེགས་པར་འཆག་བྱེད་ཀྱི་རྫས་ཤིག་ཡིན་ནམ།)རྒྱུན་ཤེས་ཀྱི་བུ་འཛུམ་པ་དང་། བྲམ་ཟེའིུ་ཁྱེའུ་རྣམས་ཀྱིས་བསམ་པ། མཁན་པོ་ནི་འདི་ལ་ཁྲོས་སོ་སྙམ་ནས་དེ་རྣམས་ཀྱིས་སྨྲས་པ། མཁན་པོ་འདི་གཅིག་པུས་འདི་ལྟར་སྙམ་མམ། བདག་ཅག་མཆི་བ་ན་ལམ་གྱི་དབུས་སུ་གླང་བོ་ཆེའི་རྗེས་ཤིག་མཐང་བ་ན་འདི་བལ་གླང་མོའི་རྗེས་ཡིན་ཏེ། དེ་ཡང་མིག་གཡས་པ་ཞར་བ་སྦྲུམ་མ་དེ་རིང་ཁོ་ནར་གླང་པོ་ཆེའི་ཕྲུ་གུ་འབྱུང་བར་འགྱུར་བ་ཞིག་ཡིན་ལ། དེ་ལ་ཞོན་པ་ནི་བུད་མེད་ཡིན་ལ་དེ་ཡང་མིག་གཡས་པ་ཞར་བ་སྦྲུམ་མ་དེ་རིང་ཉིད་དུ་བུ་ཕོ་བཙའ་བར་འགྱུར་རོ་ཞེས་མཆིའོ། །རྒྱུན་ཤེས་ཀྱི་བུས་དྲིས་པ་འཚོ་བྱེད་བདེན་ནམ། མཁན་པོ་མད་དོ། དེ་བལ་གླང་མོའི་རྗེས་ཡིན་པ་ཇི་ལྟར་ཤེས། དེས་སྨྲས་པ། མཁན་པོ་བདག་ནི་རྒྱལ་བོའི་རིགས་ལས་ཆེན་པོར་གྱུར་པ་ལགས་ན་ཅི་སྟེ་མ་འཚལ། གླང་བོ་ཆེའི་རྗེས་ནི་ཟླུམ་མོ། བལ་གླང་མོའི་རྗེས་ནི་ཆུར་རིང་ངོ་། མིག་གཡས་པ་ཞར་བ་ནི་ཇི་ལྟར་ཤེས། གཡོན་ཕྱོགས་སུ་རན་འཚལ་ཞིང་མཆིས་པ་ལགས་སོ།།(གཡོན་ཕྱོགས་ཀྱི་རྩྭ་ལེགས་པ་དག་ཟོས་ནས་གཡོན་ཕྱོགས་སུ་སོང་བའི་དོན།) སྦུམ་མ་ཇི་ལྟར་ཤེས། རྐང་བ་གཉིས་གནོན་ཅིང་མཆིས་པས་སོ། །དེང་ཁོ་ནར་འབྲང་བར་འགྱུར་བ་(བཙའ་བ།)ཇི་ལྟར་ཤེས། གཅིན་བེའུ་སྣབས་དང་བཅས་པ་འབྱུང་བས་སོ། །གླང་བོ་ཆེའི་ཕྲུ་གུ་ཕོ་ཡིན་པ་ཇི་ལྟར་ཤེས། རྐང་བ་གཡས་པ་ལྷག་པར་གནོན་ཅིང་མཆིས་པས་སོ། །དེ་ལ་བུད་མེད་ཞོན་པ་ཇོ་ལྟར་ཤེས། བབས་ནས་རྐང་བའི་བར་དུ་གཅུས་པ་ལས་སོ། །དེ་ཡང་མིག་གཡས་པ་ཞར་བ་ཇི་ལྟར་ཤེས། གཡོན་ཕྱོགས་སུ་མེ་ཏོག་འཐུ་ཞིང་མཆིས་པས་སོ། །དེ་ཡང་སྦུམ་མ་ཇི་ལྟར་ཤེས། དེའི་རྐང་བའི་རྟིང་བ་ཕལ་ཆེར་གནོན་ཅིང་མཆིས་པས་སོ། །དེང་ཁོ་ནར་བཙའ་བར་འགྱུར་བ་ཇི་ལྟར་ཤེས། གཅིན་ལྗན་ལྗིན་དང་བཅས་ཏེ་འབྱུང་བ་ལས་སོ། །དེ་ལྟར་ལགས། གལ་ཏེ་མཁན་པོ་ཐུགས་མི་ཆེས་ན་མགྲོན་པོ་དེ་གནས་པའི་ཕྱོགས་དེར་བྲམ་ཟེའི་ཁྱེའུ་ཞིག་བལྟ་རུ་མངག་ཏུ་གསོལ། མཁན་པོས་བྲམ་ཟེའི་ཁྱེའུ་ཞིག་བཏང་ནས་ལྟར་བཅུག་པས། འཚོ་བྱེད་ཇི་སྐད་སྨྲས་པ་བཞིན་དུ་གྱུར་ཏོ། །རྒྱུན་ཤེས་ཀྱི་བུས་བྲམ་ཟེའི་ཀྱེའུ་རྣམས་ལ་སྨྲས་པ། བྲམ་ཟེའི་ཁྱེའུ་དག་ཁྱེད་ཅག་གིས་ཐོས་སམ། འཚོ་བྱེད་ནི་དེ་འདྲ་ཤེས་རབ་ཅན་ནོ། །འཚོ་བྱེད་ཀྱིས་ཀླད་པའི་ཐོད་པ་འབྱེད་པའི་དཔྱད་མ་གཏོགས་པ་ཐམས་ཅད་བསླབས་སོ། །ཇི་ཙམ་ན་མི་ཞིག་ཀླད་ནད་ཀྱིས་ཐེབས་ནས་རྒྱུན་ཤེས་ཀྱི་བུའི་དྲུང་དུ་སོང་སྟེ་སྨྲས་པ། རྒྱུན་ཤེས་ཀྱི་བུ། བདག་ལ་དཔྱད་མཛོད་ཅིག དེས་སྨྲས་ལ། ཀྱེ་ནང་རྗེ་དེ་རིང་དོང་རྐོས་ལ་ལྕི་བ་དག་སྟ་གོན་གྱིས་ཤིག་དང་སང་བདག་གིས་ཁྱོད་ལ་དཔྱད་བྱའོ། །འཚོ་བྱེད་ཀྱིས་དེ་ཐོས་ནས་ནད་པ་དེའི་ཕྱི་བཞིན་སོང་སྟེ། ཀྱེ་ནང་རྗེ་བདག་གིས་ཅུང་ཟད་བསླབས་པ་གང་ཡིན་པ་དེ་ཐམས་ཅད་ནི་སེམས་ཅན་ལ་ཕན་པའི་ཕྱིར་ཡིན་ན། བདག་གིས་ཀླད་པའི་ཐོད་པ་དབྱེ་བ་མ་བསླབས་ཀྱིས། སང་ཁྱོད་ལ་དཔྱད་བྱེད་པའི་སྐབས་ཇི་ལྟར་བྱེད་བལྟ་དགོས་པས། ཁྱེད་ཀྱི་བདག་དབེན་པ་ཞིག་ཏུ་ཞོག དེས་སྨྲས་པ། དེ་བཞིན་དུ་བགྱིའོ། །དེས་ལྐོག་ཏུ་འཚོ་བྱེད་ཁྲིད་དེ་ཁྱིམ་གྱི་ཕྱོགས་དབེན་པ་ཞིག་ཏུ་བཞག དེ་ནས་རྒྱུན་ཤེས་ཀྱི་བུ་འོངས་ནས་མི་དེ་དོང་དུ་བཅུག་སྟེ་ཐོད་པ་དབྱེ་བའི་དཔྱད་ཀྱིས་ཐོད་པ་ཕྱེ་ནས་སྐམ་པས་སྲིན་བུ་དེ་ལེན་པར་བརྩམས་པ་ན་འཚོ་བྱེད་ཀྱིས། མཁན་པོ་གཟུ་ལུམས་སུ་མ་ལེན་རིགས་ཀྱི་བུ་འདི་དེང་ཉིད་དུ་འགུམ་པར་འགྱུར་རོ། །ཞེས་སྨྲས་པས། མཁན་པོས་འཚོ་བྱེད་འོངས་སམ། མཁན་པོ་བདག་མཆིས་སོ།། མཁན་པོས་སྲོག་ཆགས་འདི་ཇི་ལྟར་བླངས་པར་བྱ་ཟེར། འཚོ་བྱེད་ཀྱིས་མཁན་པོ་སྐམ་པ་ཚ་བར་མཛད་དེ་རྒྱབ་ཏུ་རེག་ནས་རྐང་ལག་འཁུམ་པར་གྱུར་བ་དང་དེ་ནས་བོར་ཅིག ཅེས་སྨྲས་པ་ལྟར་བྱས་པས་ནད་པ་དེ་སོས་པར་གྱུར་ཏོ། །རྒྱུན་ཤེས་ཀྱི་བུས་སྨྲས་པ། འཚོ་བྱེད་ཁོ་བོ་ཤིན་ཏུ་མགུ་བར་གྱུར་གྱིས་ཁྱེད་ཀྱིས་ཁྲུས་བྱོས་ལ་ཤོག་ཅིག་དང་ཀླད་པའི་ཐོད་པ་འབྱེད་པའི་དཔྱད་སྦྱིན་ནོ། །འཚོ་བྱེད་ཀྱིས་ཁྲུས་བྱས་ནས་འོངས་པ་དང་དེས་དེ་ལ་ཀླད་པའི་ཐོད་པ་འབྱེད་པའི་དཔྱད་བྱིན་ནས་སྨྲས་པ། འཚོ་བྱེད་བདག་ཅག་ནི་འདིས་འཚོ་བ་ཡིན་གྱིས། ཡུལ་འདིར་ཁྱེད་ཀྱིས་མ་བྱ་ཞིག འཚོ་བྱེད་ཀྱིས་རྒྱུན་ཤེས་ཀྱི་བུ་ལ་མཁན་པོ་དེ་ལྟར་བགྱིའོ་ཟེར་ནས་རྒྱུན་ཤེས་ཀྱི་བུ་ལ་ཕྱག་བྱས་ནས་རྒྱལ་པོ་པད་མའི་སྙིང་པོའི་དྲུང་དུ་སོང་སྟེ་ཕྱག་བྱས་ནས། བདག་གིས་སྨན་དཔྱད་བསླབས་ལགས་ཀྱིས་མཆིའོ། །ཞེས་སྨྲས།

    དེའི་ཚེ་རྒྱལ་པོ་པད་མའི་སྙིང་པོ་དང་མི་མཐུན་པ་མཐའ་འཁོབ་པ་སྐྱ་བསེང་ཞེས་བྱ་བ་དག་ཅིག་ཡོད། རྒྱལ་པོས་སྨྲས་པ། འཚོ་བྱེད་བདག་དང་མི་མཐུན་པ་མཐའ་འཁོབ་པ་སྐྱ་བསེང་ཞེས་བྱ་བ་ཞིག་ཡོད། ཁྱོད་ནི་ཤེས་རབ་ཅན་དང་ནུས་པ་ཅན་ཡིན་པས་རེ་ཞིག་དེ་ཕོབ་ལ་ཕྱིས་སོང་ཞིག་ཟེར་བ་འཚོ་བྱེད་ཀྱིས་ཀྱང་ཁས་བླངས་པ་དང་། རྒྱལ་པོ་དེས་དཔུང་གི་ཚོགས་ཡན་ལག་བཞི་པོ་བསྡུས་ཏེ་བཏང་བ་ལས་དེས་མཐའ་འཁོབ་པ་སྐྱ་བསེང་དེ་རྣམས་ཕབ་ནས་གཏེ་བོ་བཟུང་དཔུང་བླངས་ཏེ་སླར་བདེ་བར་འོངས་ནས་ཁྱེར་ཏེ་འོངས་པ་དེ་བཞིན་དུ་རྒྱལ་པོ་ལ་ཕུལ་བ་དང་། དེ་ཤིན་ཏུ་དགའ་ནས་རྗེས་སུ་ཡི་རངས་ཏེ་བྱ་དགའ་གནང་བ་དག་འཚོ་བྱེད་ཀྱིས་རྒྱུན་ཤེས་ཀྱི་བུ་ལ་ཕུལ་ཏོ། །དེ་ནས་འཚོ་བྱེད་འགྲོ་བར་བརྩམས་ཏེ་རིམ་གྱིས་གྲོང་ཁྱེར་བཟང་བྱེད་དུ་ཕྱིན་ནས་དེ་ཉིད་དུ་དབྱར་གནས་ཏེ། འབྱུང་པོ་ཐམས་ཅད་ཀྱི་སྐད་ཅེས་བྱ་བའི་བསྟན་བཅོས་བསླབས། གྲོང་ཁྱེར་བཟང་བྱེད་ནས་ཆས་ཏེ་འགྲོ་བའི་ཚེ་ལམ་དུ་མི་ཞིག་གིས་ཤིང་ཁུར་གཅིག་འཁུར་ནས་གྲོང་ཁྱེར་དུ་འཇུག་པ་དེའི་རུས་པ་དང་པགས་པ་ཁྲག་དང་རྩ་དང་བཅས་པ་མཐོང་བ། འཚོ་བྱེད་ཀྱིས་མཐོང་ནས། དེ་ལ་སྨྲས་པ། ཀྱེ་ནང་རྗེ་ཅི་ཞིག་གིས་གནས་སྐབས་འདི་ལྟ་བུར་གྱུར། དེས་སྨྲས་པ། བདག་གིས་ཀྱང་མི་ཤེས་ཤིང་ཁུར་འདི་ཁྱེར་ནས་བདག་གནས་སྐབས་འདི་འདྲར་གྱུར་ཏོ། །འཚོ་བྱེད་ནི་ཤིང་བརྟག་པ་ལ་མཁས་པ་ཡིན་པས། ཀྱེ་ནང་རྗེ་ཤིང་ཁུར་འདི་འཚོང་ངམ། དེས་འཚོང་ངོ་། རིན་ཇི་ཙམ། ཀར་ཥ་པ་ཎ་ལྔ་བརྒྱའོ། །འཚོ་བྱེད་ཀྱིས་དེ་ཉོས་ནས་བལྟས་པ་ན། ཤིང་དེའི་ནང་དུ་འབྱུང་པོ་ཐམས་ཅད་དང་བར་བྱེད་པ་ཞེས་བྱ་བའི་ནོར་བུ་ཡོད་པ་མཐོང་། དེའི་མཐུ་ནི་འདི་འདྲ་སྟེ། གང་གི་ཚེ་ནད་པའི་མདུན་དུ་བཞག་པ་དེའི་ཚེ་མར་མེ་ཁྱིམ་ན་ཡོད་པའི་རྫས་བཞིན་དུ་ནད་དེ་ལྟ་བ་བཞིན་དུ་སྣང་ངོ་། །དེ་རིམ་གྱི་ཨུ་དུམ་ཝ་རར་ཕྱིན་པ་དང་། དེ་ན་མི་བྲེས་འབྲུ་འཇལ་བ་ཞིག་ཡོད་པ་དེས་གཞལ་ནས་བྲེས་མགོ་ལ་བསྣུན་པ་འཚོ་བྱེད་ཀྱིས་མཐོང་ནས་སྨྲས་པ། ཀྱེ་ནང་རྗེ་ཅིའི་ཕྱིར་དེ་ལྟར་བྱེད། དེས་བདག་གི་ཀླད་པ་ལྷག་པར་གཡའ་བོ་ཟེར། ཚུར་ཤོག་བལྟའོ་ཞེས་དེས་དེ་བསྙལ་ནས་ཀླད་པ་ལ་བལྟས། དེ་ནས་འཚོ་བྱེད་ཀྱིས་འབྱུང་པོ་ཐམས་ཅད་དང་བར་བྱེད་པའི་ནོར་བུ་དེ་ཀླད་པའི་སྟེང་དུ་བཞག་པ་དང་ཇི་ཙམ་ན་སྲིན་གྱི་མེད་ཅིག་སྣང་ངོ་། །ཀྱེ་ནང་རྗེ་ཁྱེད་ཀྱི་ཀླད་པ་ན་སྲིན་གྱི་མེད་ཡོད་དོ། །དེས་འཚོ་བྱེད་ཀྱི་རྐང་བ་གཉིས་ལ་གཏུགས་ཏེ་སྨྲས་པ། བདག་ལ་དཔྱད་མཛོད་ཅིག འཚོ་བྱེད་ཀྱིས་ཁས་བླངས་ཏེ་བསམས་པ། མཁན་པོས་ཇི་སྐད་བསྟན་པ་དེ་བཞིན་དུ་འདིའི་དཔྱད་བྱའོ་སྙམ་ནས་དེ་ལ་སྨྲས་པ། ཀྱེ་ནང་རྗེ་རེ་ཞིག་དེ་རིང་དོང་རྐོས་ལ་ལྕི་བ་དག་སྟ་གོན་བྱོས་ཤིག་དང་སང་དཔྱད་བྱའོ། །དེས་དེ་བཞིན་སྟ་གོན་བྱས། འཚོ་བྱེད་ཀྱིས་དེའི་ཕྱི་ཉིན་འོངས་ནས་དེ་དོང་དུ་བཅུག་སྟེ་ཀླད་པའི་ཐོད་པ་འབྱེད་པའི་དཔྱད་ཀྱིས་ཀླད་པའི་ཐོད་པ་ཕྱེས་ནས་སྐམ་པ་ཚ་བས་སྲིན་གྱི་མེད་ཀྱི་རྒྱབ་ལ་རེག་པ་བྱས་ཏེ་དེས་རྐང་ལག་འཁུམ་པ་དང་སྐམ་པས་བླངས་ཏེ་བོར་བས་སོས་པར་གྱུར་ཏོ། །དེས་འཚོ་བྱེད་ལ་ཡོན་ཀར་ཥ་པ་ཎ་ལྔ་བརྒྱ་བྱིན་པ་དང་དེ་ཀྱང་རང་གི་སློབ་དཔོན་རྒྱུན་ཤེས་ཀྱི་བུ་ལ་བསྐུར་རོ། །དེ་ནས་འཚོ་བྱེད་ཡུལ་རོ་ཧི་ཏ་ཀ་ཞེས་བྱ་བར་ཕྱིན་པ་དང་། ཡུལ་དེ་ན་སྐྱེད་མོས་ཚལ་ཡིད་དུ་འོང་བ་ཞིག་ཡོད་པ་དེར་སོང་ནས་བསྡད། དེར་མི་དམུ་ཆུའི་ནད་ཀྱིས་ཐེབས་པ་སྨན་པ་ཐམས་ཅད་ཀྱིས་ཐབས་མ་རྙེད་པར་སྤངས་པ་ཞིག་ཡོད། འཚོ་བྱེད་ཀྱིས་དེ་ལ་དྲིས་པ། ནང་རྗེ་ཁྱོད་ཅིའི་ཕྱིར་འདི་ལྟ་བུའི་གནས་སྐབས་སུ་གྱུར། དེས་འཚོ་བྱེད་ལ་ཇི་ལྟར་གྱུར་པ་དག་སྨྲས་པ་དང་། འཚོ་བྱེད་ཀྱིས་དེ་ལ། ལ་ཕུག་གི་ས་བོན་མར་བྱུང་བའི་དར་བར་བཏགས་པ་འཐུང་དུ་བཅུག་སྟེ་དཔྱད་བྱས་པས་སོས་པར་གྱུར་ཏེ། མི་དེས་ཀྱང་འཚོ་བྱེད་ལ་ཀར་ཥ་པ་ཎ་ལྔ་བརྒྱ་བྱིན་པ་དང་། དེ་ཡང་རང་གི་སློབ་དཔོན་རྒྱུན་ཤེས་ཀྱི་བུ་ལ་བསྐུར་རོ། །དེ་ནས་འཚོ་བྱེད་རིམ་གྱིས་བཅོམ་བརླག་ཏུ་ཕྱིན་ནས་བཅོམ་བརླག་གི་ཕྱི་རོལ་ན་ཤིང་ཞིག་གི་དྲུང་དུ་ངལ་གསོ་ཞིང་འདུག་གོ། ཇི་ཙམ་ན་གྱད་ཀྱིས་གྱད་གཅིག་བརྡབས་ནས་དེའི་ནང་ཁྲོལ་རྣམས་འཁྲུགས་ནས་དེ་ཤིའོ་ཞེས་ཕྱི་རོལ་དུ་སྒྲ་བྱུང་ངོ་། །དེ་ནས་འཚོ་བྱེད་ལངས་ཏེ་རོའི་དྲུང་དུ་སོང་ནས། དེ་གར་གནས་པའི་མི་དག་ལ་དྲིས་པ། ཤེས་ལྡན་དག་འདི་ཅི་ཞིག དེ་རྣམས་ཀྱིས་སྨྲས་པ། གྱད་ཀྱིས་གྱད་བརྡབས་པས་ཤི་བ་རེད། འཚོ་བྱེད་ཀྱིས་སྨྲས་པ། ཞོག་ཅིག་དང་བལྟའོ། །དེ་རྣམས་ཀྱིས་བཞག་པ་དང་། དེ་ནས་འཚོ་བྱེད་ཀྱིས་འབྱུང་བོ་ཐམས་ཅད་དང་བར་བྱེད་པའི་ནོར་བུ་ཀླད་པར་བཞག་ནས་བརྟགས་པ་ན། ཇི་ཙམ་ན་ནང་ཁྲོལ་རྣམས་འཁྲུགས་པར་བྱས་པ་མཐོང་ནས་སྨྱུག་མའི་སྦུབས་སུ་སྨན་གྱི་ཕྱེ་མ་བླུགས་ཏེ་བུས་པ་དང་ཕྱེ་མས་ནང་ཁྲོལ་ལ་རེག་ནས་སོས་པར་གྱུར་ཏོ། །གྱད་དེས་ཀྱང་འཚོ་བྱེད་ལ་ཀར་ཥ་པ་ཎ་ལྔ་བརྒྱ་བྱིན་པ་དང་། འཚོ་བྱེད་ཀྱིས་ཡང་རྒྱུན་ཤེས་ཀྱི་བུ་ལ་བསྐུར་རོ། །བཅོམ་བརླག་ན་ཁྱིམ་བདག་ཅིག་གི་ཆུང་མ་གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་པ་ཞིག་ཡོད་པ་དེའི་མོ་མཚན་དུ་སྲིན་འབུ་གདུག་པ་ཅན་ཞིག་གྲུབ་ནས། དེ་དང་ལྷན་ཅིག་དང་དགའ་མགུར་སྤྱོད་པ་ཐམས་ཅད་ཤི་བས། དེ་ནས་དེ་དང་དགའ་ཡང་ལྷན་ཅིག་དགའ་མགུར་སྤྱོད་པར་མི་བྱེད་དོ། །བུད་མེད་དེས་སྨན་པ་འཚོ་བྱེད་དེར་འོངས་སོ་ཞེས་ཐོན་ནས་དེ་དེའི་དྲུང་དུ་སོང་སྟེ་སྨྲས་པ། འཚོ་བྱེད་བདག་ལ་བྲོ་ནད་མཆིས་ཀྱིས་དཔྱད་མཛོད་ཅིག འཚོ་བྱེད་ཀྱིས་དེ་མཐོང་ཞིང་སྨྲ་བའི་ཚིག་ཐོས་ནས་ཐབས་དྲན་ཏེ་སྨྲས་པ། ཁྱོད་ཀྱིས་དམ་ཞིག་བཅའ་བར་བྱ་དགོས་ཏེ། བདག་དང་ལྷན་ཅིག་དགའ་མགུར་སྤྱད་ན་དཔྱད་བྱའོ། །དེས་སྨྲས་པ། གཡར་ཚ་ལགས་སོ། །འཚོ་བྱེད་ཀྱིས་སྨྲས་པ། ཁྱོད་ཀྱི་ནད་ལ་ཕན་པའི་དཔྱད་གཞན་ནི་མེད་དོ། །བདག་ལས་ཕངས་པ་གཞན་མེད་པས་དེས་ཁས་བླངས་སོ། །དེ་ནས་འཚོ་བྱེད་ཀྱིས་མོ་སྒྲོན་མོར་ཕྱུང་སྟེ་བཟོ་བཅོས་བུས་ནས་མོ་མཚན་གྱི་སྒོར་ཤའི་དུམ་བུ་ཞིག་བཞག་པ་ལས། དེ་ནས་སྲིན་བུ་དེ་དེ་ལ་ཆགས་པ་དང་དེས་དེ་བླངས་ནས་བོར་ཏེ་སོས་པར་གྱུར་ཏོ། །དེ་འདོད་པའི་འདོད་ཆགས་ལ་ལྷག་པར་ཞེན་པས་འཚོ་བྱེད་ལ་བརྡ་ཞིག་སྨྲས་པ་དང་འཚོ་བྱེད་ཀྱིས་རྣ་བ་གཉིས་བཀག་སྟེ་སྨྲས་པ། ཁྱོད་ཁོ་བོའི་སྲིང་མོ་དང་འདྲ་སྟེ་ཁྱོད་ཀྱི་དཔྱད་དེ་ཡིན་པས་ཁོ་བོས་དེ་ལྟར་བྱས་པར་ཟད་དོ། །བུད་མེད་དེས་ཀྱང་འཚོ་བྱེད་ལ་ཀར་ཥ་པ་ཎ་ལྔ་བརྒྱ་བྱིན་པ་དང་། དེ་ཡང་རྒྱུན་ཤེས་ཀྱི་བུ་ལ་བསྐུར་རོ།།

དེ་ནས་འཚོ་བྱེད་རིམ་གྱིས་ཆུ་བོ་ཡ་མུ་ནའི་འགྲམ་དུ་ཕྱིན་པ་དང་། དེས་དེ་ན་མི་རོ་ཞིག་ཡོད་པ་དེའི་རྟིང་བའི་ཕྱོགས་ན་རྒྱུས་པའི་བྲེང་ཡོད་པ་ཉ་རྣམས་ཀྱིས་དྲངས་པ་ལས་དེའི་མིག་འབྱེད་པ་དང་འཛུམ་པ་མཐོང་ནས། འཚོ་བྱེད་ཀྱིས་དེ་ཐམས་ཅད་བརྟགས་ཏེ། ཇི་ལྟར་རྒྱུས་པ་དང་ལོང་མོ་ལ་སོགས་པའི་ཚིགས་ཀྱི་འབྲེལ་ཐབས་ནི་དེ་ཁོ་ན་ལྟར་འདུག་གོ་སྙམ་ནས། དེ་རིམ་གྱིས་ཡངས་པ་ཅན་དུ་ཕྱིན་པ་དང་། ཇི་ཙམ་ན་གྱད་ཀྱིས་གྱད་གཅིག་ལ་ཐལ་མོས་བསྣུན་པས། མིག་གི་འབྲས་བུ་འཕགས་པ་དང་། འཚོ་བྱེད་དེའི་དྲུང་དུ་སོང་ནས། དེའི་རྟིང་བའི་རྒྱུས་པའི་བྲེང་ནས་དྲངས་པ་དང་སླར་ཚུད་པར་གྱུར་ཏོ། །དེས་ཀྱང་འཚོ་བྱེད་ལ་ཀར་ཥ་པ་ཎ་ལྔ་བརྒྱ་བྱིན་པ་དང་། འཚོ་བྱེད་ཀྱིས་རང་གི་ཕུ་བོ་གཞོན་ནུ་འཇིགས་མེད་ཀྱི་མ་ཨྰམྲ་སྐྱོང་མ་ལ་བྱིན་ནོ། །ཡངས་པ་ཅན་ན་མི་ཞིག་གི་རྣ་བར་སྲིན་གྱི་མེད་ཞུགས་ཏེ། དེར་དེ་ལས་ཕྲུ་གུ་ལྔ་བརྒྱ་བྱུང་བས་དེ་རྣ་བའི་ནད་ཀྱིས་ཉེན་པར་གྱུར་ནས་འཚོ་བྱེད་ཀྱི་དྲུང་དུ་སོང་སྟེ་སྨྲས་པ། དཔྱད་མཛོད་ཅིག འཚོ་བྱེད་ཀྱིས་བསམས་པ། སྔར་ནི་བདག་གིས་མཁན་པོས་བསྟན་པའི་ལས་བྱས་ཀྱི། ད་ནི་རང་གི་བློས་ལས་བྱའོ་སྙམ་ནས། དེས་མི་དེ་ལ་བསྒོ་བ། ཀྱེ་ནང་རྗེ་སོང་ལ་ལོ་མའི་སྤྱིལ་བོ་བྱོས་ཏེ་རས་སྔོན་པོས་གཡོག་ལ་དེའི་འོག་ཏུ་རྔ་ཞིག་ཞོག་སྟེ་ས་ཡང་དྲོན་པོར་གྱིས་ཤིག མི་དེས་ཇི་སྐད་བསྟན་པ་བཞིན་ཐམས་ཅད་བྱས་སོ། །དེ་ནས་འཚོ་བྱེད་ཀྱིས་མི་དེ་ས་ལ་བསྙལ་ནས་ས་དེར་ཆུས་ཆག་ཆག་བཏབ་ནས། དེ་ནས་རྔ་བརྡུང་བ་དང་སྲིན་བུ་གྱི་མེད་ཀྱིས་དབྱར་གྱི་དུས་ལ་བབ་པོ་སྙམ་ནས་ཕྱིར་བྱུང་ངོ་། །འཚོ་བྱེད་ཀྱིས་དེའི་རྣ་བའི་དྲུང་དུ་ཤ་དུམ་བུ་ཞིག་བཞག་པ་དང་། དེ་སླར་ཡང་ནང་དུ་ཞུགས་ཏེ་ཕྲུ་གུ་རྣམས་ཁྲིད་དེ་བྱུང་ནས་ཕྲུ་གུ་རྣམས་དང་ལྷན་ཅིག་ཤའི་དུམ་བུ་ལ་ཆགས་པ་དང་། དེ་ནས་འཚོ་བྱེད་ཀྱིས་དེའི་མོད་ལ་ཤའི་དུམ་བུ་བོར་བ་དང་མི་དེ་སོས་པར་གྱུར་ཏོ། །མི་དེས་ཀར་ཥ་པ་ཎ་ལྔ་བརྒྱ་བྱིན་པ་དང་། དེ་ཡང་འཇིགས་མེད་ཀྱི་མ་ལ་བྱིན་ནོ།།

འཚོ་བྱེད་རིམ་གྱིས་རྒྱལ་པོའི་ཁབ་ཏུ་ཕྱིན་པ་དང་། རྒྱལ་པོ་གཟུགས་ཅན་སྙིང་པོས་འཚོ་བྱེད་ཇི་ལྟར་འོངས་པ་ཐོས་ནས། དེས་གཞོན་ནུ་མ་སྐྱེས་དགྲ་ལ་བསྒོ་བ། བུ་ཁྱོད་ཀྱི་ཕུ་བོ་འོངས་ཀྱིས་བསུར་སོང་ཞིག དེ་བསུར་འོང་བ་དང་འཚོ་བྱེད་ཀྱིས་མ་སྐྱེས་དགྲ་བསུར་འོངས་པ་ཐོས་ནས་དེས་བསམས་པ། གལ་ཏེ་བདག་གིས་དེས་བསུར་འོངས་པ་རང་གིར་བྱས་ན། དེ་ནམ་རྒྱལ་པོར་གྱུར་པ་དེའི་ཚེ་བདག་ལ་གནོད་པ་བྱེད་པར་འགྱུར་རོ་སྙམ་ནས། དེ་སླར་ལོག་སྟེ་གཞན་ཞིག་ནས་ཞུགས་སོ།།

དུས་གཞན་ཞིག་ན་འཚོ་བྱེད་སྐྱེ་བོའི་ཚོགས་ཆེན་པོས་ཡོངས་སུ་བསྐོར་ཏེ་གཡེང་ཞིང་སོང་བ་དང་། ཇི་ཙམ་ན་བྲམ་ཟེ་ཞིག་མིག་ནད་ཀྱིས་ཐེབས་ནས་འཚོ་བྱེད་ཀྱི་དྲུང་དུ་སོང་སྟེ་བདག་ལ་སྨན་སྟོན་ཅིག འཚོ་བྱེད་ཚིག་པ་ཟ་བའི་རྣམ་པས་ཐལ་བ་ཐོབ་ཅིག་སྨྲས། དེ་དྲང་པོ་ཞིག་ཡིན་པས་མིག་ལ་ཐལ་བ་བཏབ་པ་དང་སོས་པར་གྱུར་ཏོ། །མིག་ནད་ཀྱིས་ཐེབས་པ་གཞན་ཞིག་འཚོ་བྱེད་ཀྱི་དྲུང་དུ་འགྲོ་བ་དེ་སྔར་གྱི་བྲམ་ཟེ་དེས་མཐོང་ནས་དྲིས་པ། ཀྱེ་ནང་རྗེ་གང་དུ་འགྲོ། དེས་ཇི་ལྟར་གྱུར་པ་སྨྲས་པ་དང་བྲམ་ཟེ་དེས་སྨྲས་པ། ཁྱོད་ལ་འཚོ་བྱེད་ཅི་དགོས། འཚོ་བྱེད་ཀྱིས་ཁོ་བོ་ལ་གང་བསྟན་པ་དེ་བྱོས་ཤིག དེ་ཡིད་ཆེས་པར་གྱུར་ནས་དེས་མིག་ལ་ཐལ་བ་བཏབ་པ་དང་ལོང་བར་གྱུར་ཏོ། །དུས་གཞན་ཞིག་ན་རྒྱལ་པོ་གཟུགས་ཅན་སྙིང་པོའི་སྤྱི་བོར་ཕོལ་མིག་བྱུང་སྟེ། དེས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་སྨན་པ་རྣམས་ཁུག་ཅིག བློན་པོ་རྣམས་ཀྱིས་སྨན་པ་རྣམས་བཀུག་པ་དང་། རྒྱལ་པོས་སྨྲས་པ། ཤེས་ལྡན་དག་ངའི་སྤྱི་བོར་ཕོལ་མིག་བྱུང་བ་ལ་དཔྱད་བྱོས་ཤིག དེ་རྣམས་ཀྱིས་སྨྲས་པ། ལྷ་སྨན་པ་ཆེན་པོ་འཚོ་བྱེད་མཆིས་ན་བདག་ཅག་གིས་བགྱི་བ་ཅི་འཚལ། རྒྱལ་པོས་སྨྲས་པ། ཤེས་ལྡན་དག་འཚོ་བྱེད་ཁུག་ཅིག དེ་རྣམས་ཀྱིས་བཀུག་པ་དང་། རྒྱལ་པོས་སྨྲས་པ། འཚོ་བྱེད་དཔྱད་བྱོས་ཤིག འཚོ་བྱེད་ཀྱིས་སྨྲས་པ། ལྷ་དམ་ཞིག་བཅའ་སྟེ། གལ་ཏེ་ལྷ་ལ་བདག་ཉིད་ཀྱིས་ཁྲུས་བགྱིད་དུ་གནང་ན་བགྱིའོ། །རྒྱལ་པོས་དེ་བཞིན་གྱིས་ཤིག་གསུངས་པས། དེ་ནས་འཚོ་བྱེད་ཀྱིས་སྐྱུ་རུ་རའི་ཁུ་བ་བསྐུས་ཤིང་སྨིན་པར་འགྱུར་བའི་རྫས་དག་བཏབ་ནས་སྨིན་པར་འགྱུར་པའི་རྫས་རྣམས་དང་བསྲེས་པའི་ཆུ་བུམ་པ་ལྔ་བརྒྱ་བླུགས་ནས་སྨིན་པ་དེ་ཚེ་ན་མ་ཚོར་བར་སྤུ་གྲིས་རེག་པར་བྱས་པ་དང་རྡོལ་ཏེ། འཚོ་བར་འགྱུར་བའི་རྫས་དག་བཏབ་སྟེ་འཚོ་བར་འགྱུར་བའི་རྫས་རྣམས་དང་བསྲེས་པའི་ཆུ་བུམ་པ་ལྔ་བརྒྱ་བླུགས་པ་དང་། རྨ་དེ་སོས་ཤིང་པགས་པ་སོར་ཆུད། སྐྲ་ཡང་མཉམ་པར་གྱུར་ཏོ། །ཉིན་གཅིག་རྒྱལ་པོས་ཁྲུས་བྱས་མ་ཐག་སྨྲས་པ། འཚོ་བྱེད་དཔྱད་བྱོས་ཤིག དེས་སྨྲས་པ། ལྷ་རེ་ཞིག་བཤོས་གསོལ་ཅིག རྒྱལ་པོས་བཤོས་གསོལ་ནས་འཚོ་བྱེད་དཔྱད་བྱོས་ཤིག འཚོ་བྱེད་ཀྱིས་ལྷ་བགྱིས་ལགས་སོ།། དེ་ཡིད་མ་ཆེས་ནས་ལག་པས་བྱུགས་ན་ཕྱོགས་གང་ན་རྨ་ཡོད་པ་མ་ཤེས། མེ་ལོང་བླངས་ཏེ་བལྟས་ན་ཡང་མ་མཐོང་། བཙུན་མོ་ལ་དྲིས་ན་དེས་ཀྱང་ཕྱོགས་གང་ན་རྨ་ཡོད་པ་མ་ཤེས་སོ། །རྒྱལ་པོ་མཆོག་ཏུ་ངོ་མཚར་སྐྱེས་ནས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་འཚོ་བྱེད་སྨན་པའི་རྒྱལ་པོར་དབང་སྐུར་ཅིག མི་ལོང་བ་དེས་རྒྱལ་པོ་ལ་སྨྲས་པ། ལྷ་ཅི་སྲས་ལ་བྱམས་པས་སམ། འོན་ཏེ་སྨན་ལ་མཁས་པས་དབང་བསྐུར་བར་མཛད། རྒྱལ་པོས་སྨྲས་པ། སྨན་ལ་མཁས་སོ། །གལ་ཏེ་དེ་ལྟར་ལགས་ན་འདིས་བདག་ནི་སོས་པར་མ་བགྱིས་སོ། །འཚོ་བྱེད་ཀྱིས་སྨྲས་པ། ཀྱེ་ནང་རྗེ་བདག་གིས་ཁྱོད་མཐོང་ཡང་མ་མཐོང་ན་སོས་པར་ལྟ་ག་ལ་བྱས། དེས་སྨྲས་པ། དེ་ནི་མད་ལ་འོན་ཀྱང་ཁྱོད་ཀྱིས་གང་ལ་བསྟན་པ་དེས་བདག་ལ་བསྟན་ཏོ། །ཅི་ཞིག་བསྟན། ཆེ་གེ་མོ་ཞིག་གི་མིག་ལ་ཐལ་བ་བཏབ་པས་སོས་པ་དེས་བདག་ལ་བསྟན་པ་ལྟར་བྱས་ནས་ལོང་བར་གྱུར་ཏོ། །འཚོ་བྱེད་ཀྱིས་སྨྲས་པ། དེའི་ཁམས་ཀྱང་གཞན་ལ་ཁྱོད་ཀྱི་ཁམས་ཀྱང་གཞན་ཡིན་གྱིས། ད་ནི་འདི་དང་འདི་དག་བྱོས་ཤིག་དང་སོས་པར་འགྱུར་རོ།། དེས་དེ་ལྟར་བྱས་ནས་སོས་པར་གྱུར་པ་དང་། རྒྱལ་པོ་ལ་སྨྲས་པ། ལྷ་འདི་སྨན་པའི་རྒྱལ་པོར་དབང་བསྐུར་བར་མཛད་དུ་གསོལ། དེ་ནས་འཚོ་བྱེད་གླང་པོ་ཆེ་ལ་བསྐྱོན་ནས་དཔལ་གྱི་འབྱོར་བ་ཆེན་པོས་སྨན་པའི་རྒྱལ་པོར་དབང་བསྐུར་ཏོ།།

ཡང་རྒྱལ་པོའི་ཁབ་ན་ཁྱིམ་བདག་ཅིག་ཡོད་པ་སྐྲན་ནད་ཀྱིས་ཐེབས་ནས། སྨན་པ་ཐམས་ཅད་ཀྱིས་དཔྱད་བྱས་ཀྱང་མ་སོས་པས་སྨན་པ་ཐམས་ཅད་ཀྱིས་སྤངས་པ་དང་། དེའི་བསམ་པ་ལ། འཚོ་བྱེད་ཀྱི་དྲུང་དུ་འགྲོ། དཔྱད་ཅིག་བྱས་ན་ལེགས། གལ་ཏེ་མ་བྱས་ན་བདག་ཉིད་འཆིའོ་སྙམ་ནས། དེ་འཚོ་བྱེད་ཀྱི་དྲུང་དུ་སོང་ནས། འཚོ་བྱེད་བག་ལ་དཔྱད་མཛོད་ཅིག འཚོ་བྱེད་ཀྱིས་སྨྲས་པ། ཀྱེ་ནང་རྗེ་ཁྱོད་ཀྱི་སྨན་འདི་ནི་རྙེད་པ་དཀའོ། །དེས་བསམས་པ། འཚོ་བྱེད་ཀྱིས་ཀྱང་སྤངས་ན་འདི་ལ་ཅི་བྱར་ཡོད། དུས་ལ་བབ་ཀྱིས་བདག་ནི་འཚིའོ་སྙན་ནས། དེ་དུར་ཁྲོད་དུ་སོང་། དེ་ན་རོ་སྲེག་པའི་མེ་འབར་བར་ནེའུ་ལེ་གདུག་པ་ཞིག་དང་སྲོག་ཆགས་གོ་དྷ་ཙན་དན་ཞེས་བྱ་བ་འཐབ་སྟེ་མེར་ལྷུང་བ་དང་དེ་བཀྲེས་པས་ཉེན་པས་དེ་གཉིས་ཟོས་ཏེ། དུར་ཁྲོད་དུ་ཆར་བབ་པའི་ཆུ་འཁྱིལ་བ་འཐུངས་ནས་དུར་ཁྲོད་དང་ཧ་ཅང་མི་རིང་བ་ཞིག་ན་གནག་ལྷས་ཡོད་པ་དེར་སོང་སྟེ། ཀོ་དྲའི་ཆན་དང་མར་ཕྱུང་བའི་ཞོ་འཐུངས་པས་སྐྲན་རྡོལ་ཏེ་ཡར་རློན་མར་འཁྲུས་ནས་སྔོན་ཇི་ལྟ་བ་བཞིན་དུ་གྱུར་ཏོ།།

དུས་གཞན་ཞིག་ན་བཙུན་མོ་ལུས་འཕགས་མོའི་འདོམས་ཀྱི་ཕྱོགས་སུ་ཕོལ་མིག་བྱུང་ངོ་། །དེས་རྒྱལ་པོ་ལ་སྨྲས་པ་དང་རྒྱལ་པོས་འཚོ་བྱེད་ལ་བསྒོ་བ། མ་ཡར་མོ་ལ་དཔྱད་བྱོས་ཤིག་དེས་ཁས་བླངས་ནས། ཟན་བྱས་ཏེ་མ་མ་ལ་བྱིན་ནས་ཁྱོད་འདི་སྟེང་དུ་སྡོད་ཅིག་དེས་དེ་ལྟར་བསྡད་པས་ཟན་གྱི་ཐོག་ཏུ་ཕོལ་མིག་གི་རྗེས་ཡོད་པས་འཚོ་བྱེད་ཀྱིས་ཕོལ་མིག་ཡོད་པའི་ཕྱོགས་དེ་ཤེས་ནས་ཕོལ་མིག་སྨིན་པར་འགྱུར་བའི་རྫས་དག་བཏབ་སྟེ། སྨིན་པར་ཤེས་པའི་སྐབས་སུ་ཟན་གྱི་ནང་དུ་གཙག་བུ་སྦས་ཏེ་མ་མ་ལ་བསྒོ་བ། ཁྱོད་འདིའི་སྟེང་དུ་འདི་ལྟར་སྡོད་ཅིག བཙུན་མོས་དེ་བཞིན་བྱས་པས་གཙག་བུས་ཕོལ་མིག་ལ་རེག་མ་ཐག་རྡོལ་བར་གྱུར་ཏོ། །དེ་ནས་འཚོ་བར་འགྱུར་བའི་རྫས་དང་བསྲེས་པ་བསྐ་བའི་ཆུས་བཀྲུས་ཏེ་འཚོ་བར་འགྱུར་བའི་རྫས་རྣམས་བཏབ་པས་སོས་པར་གྱུར། དེ་ནས་འཚོ་བྱེད་རྒྱལ་པོས་དྲུང་དུ་སོང་བ་དང་རྒྱལ་པོས་སྨྲས་པ། འཚོ་བྱེད་ཁྱོད་ཀྱིས་མ་ཡར་མོ་ལ་དཔྱད་བྱས་སམ། ལྷ་བགྱིས་སོ། །ཁྱོད་ཀྱིས་སྒྲེན་མོར་ཕུད་དེ་མ་བལྟས་གྲང་། ལྷ་མ་བལྟས་སོ། །ཇི་ལྟར་བྱས། དེས་ཇི་ལྟར་གྱུར་པ་རྣམས་སྨྲས་པ་དང་རྒྱལ་པོ་མཆོག་ཏུ་ངོ་མཚར་སྐྱེས་ནས། བློན་པོ་རྣམས་ལ་སྨྲས་པ། འཚོ་བྱེད་ལན་གཉིས་པར་སྨན་པའི་རྒྱལ་པོར་དབང་སྐུར་ཅིག མི་སྐྲན་ཅན་ལ་འཚོ་བྱེད་ཀྱིས་ཁྱོད་ཀྱི་སྨན་རྙེད་པར་དཀའ་འོ་ཞེས་སྨྲས་པ་གང་ཡིན་པ་དེས་རྒྱལ་པོ་ལ་སྨྲས་པ། ལྷ་ཅི་སྲས་ལ་སྡུག་པས་སམ། འོན་ཏེ་སྨན་ལ་མཁས་པས་དབང་བསྐུར་བར་མཛད། རྒྱལ་པོས་སྨྲས་པ། སྨན་ལ་མཁས་པས་སོ། །དེས་གལ་ཏེ་དེ་ལྟར་ལགས་ན་འདིས་བདག་ནི་སོས་པར་མ་བགྱིས་སོ། །འཚོ་བྱེད་ཀྱིས་སྨྲས་པ། ཀྱེ་ནང་རྗེ་ངས་ཁྱོད་ལ་དཔྱད་ནི་མ་བྱས་ཀྱི། འོན་ཀྱང་ངས་ཁྱོད་ཀྱི་སྨན་ནི་རྙེད་པར་དཀའ་འོ་ཞེས་སྨྲས་སོ། །དེས་སྨྲས་པ། བདག་གི་སྨན་ཇི་ལྟ་བུ་དག་ཡིན། འཚོ་བྱེད་ཀྱིས་སྨྲས་པ། གལ་ཏེ་ཟླ་བ་མར་གྱི་ངོ་ཚེས་བཅུ་བཞི་ལ་མི་སེར་སྐྱ་ཞིག་ཤི་ནས་དེ་དུར་ཁྲོད་དུ་སྲེག་པ་ན་ནེའུ་ལེ་གདུག་པ་དང་སྲོག་ཆགས་གོ་གྷ་ཙན་དན་འཐབས་ནས་མེར་ལྷུང་བ་དང་དེ་གཉིས་ཁྱོད་ཀྱིས་ཟོས་ལ་དུར་ཁྲོད་དུ་ཆར་བབ་ཏེ་འཁྱིལ་བའི་ཆུ་དེ་འཐུངས་ལ། ཀོ་དྲའི་ཟས་ཟོིས་ཤིང་མར་ཕྱུང་བའི་ཞོ་འཐུངས་ན་དེ་ལྟ་ན་ཁྱོད་སོས་པར་འགྱུར་ཏེ། བདག་གིས་དེ་ལ་བསམས་ནས་སྨན་རྙེད་དཀའོ་ཞེས་སྨྲས་པ་ཡིན་ནོ། །དེས་སྨྲས་པ། ཤིན་ཏུ་ལེགས་པར་ཤེས་ཏེ། དེ་བཞིན་དུ་བདག་གིས་ཟོས་སོ། །དེ་ནས་མི་དེ་དགའ་བར་གྱུར་ནས་རྒྱལ་པོ་ལ་སྨྲས་པ། ལྷ་འདིས་སྨན་པའི་རྒྱལ་པོའི་རྔོ་ཐོགས་ཀྱི་དབང་བསྐུར་དུ་གསོལ། ལན་གཉིས་སུ་སྨན་པའི་རྒྱལ་པོར་དབང་བསྐུར་ཏོ། །གང་གི་ཚེ་མི་དགེ་བའི་གྲོགས་པོ་ལྷས་བྱིན་གྱིས་མ་སྐྱེས་དགྲ་བསླུས་ནས་ཕ་རྒྱལ་པོ་གཟུགས་ཅན་སྙིང་པོ་སྲོག་དང་བྲལ་བར་བྱས་པ་དེའི་ཚེ་མ་སྐྱེས་དགྲ་སྐྲན་གྱི་ནད་ཀྱིས་ཐེབས་པར་གྱུར། དེས་སྨན་པ་རྣམས་ལ་སྨྲས་པ། ང་ལ་དཔྱད་གྱིས་ཤིག སྨན་པ་རྣམས་ཀྱིས་སྨྲས་པ། ལྷ་ལྷའི་གཅེན་སྨན་པའི་རྒྱལ་པོ་བླ་ན་མེད་པ་འཚོ་བྱེད་འདི་མཆིས་བཞིན་དུ་བདག་ཅག་གིས་དཔྱད་བགྱིད་པ་རྔོ་ག་ལ་ཐོགས་རྒྱལ་པོས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་འཚོ་བྱེད་ཁུག་ཤོག དེ་རྣམས་ཀྱིས་བཀུག་པ་དང་། འཚོ་བྱེད་ང་ལ་སྐྲན་ནད་བྱུང་གིས་དཔྱད་བྱོས་ཤིག ལྷ་བགྱིའོ། །འཚོ་བྱེད་ཀྱིས་བསམས་པ། རྒྱུ་གཉིས་ཀྱིས་སྐྲན་རྡོལ་བར་འགྱུར་ཏེ། ལྷག་པར་དགའ་བའམ། ལྷག་པར་ཁྲོས་པས་ཡིན་ན་སེམས་ཅན་གདུག་པ་ཅན་འདི་ལྷག་པར་དགའ་བར་ག་ལ་འགྱུར་གྱི། རྣམ་པ་ཐམས་ཅད་དུ་ཁྲོས་པར་བྱའོ་བསམས་ནས་སྨྲས་པ། ལྷ་དམ་ཞིག་བཅའ་དགོས་ཏེ། གལ་ཏེ་གཞོན་ནུ་འཆར་བྱེད་བཟང་བོའི་ཤ་གསོལ་བ་ལྟ་ན་དཔྱད་བགྱིའོ། །འཆར་བྱེད་བཟང་པོ་ནི་རྒྱལ་པོ་མ་སྐྱེས་དགྲ་ཁོ་རང་གི་བུའོ། །རྒྱལ་པོས་ཐོས་ནས་ཁྲོས་ཏེ་སྨྲས་པ། ལེགས་སོ་ངས་ནི་ཕ་སྲོག་དང་བྲལ། ཁྱོས་ཀྱིས་ཀྱང་འཆར་བྱེད་བཟང་པོ་སྲོག་དང་ཕྲོལ། ང་ཡང་ནད་ཀྱིས་ཤི་ནས་ཁྱོད་ནི་རྒྱལ་པོར་འགྱུར་མོད། དེས་སྨྲས་པ། ལྷ་དཔྱད་ནི་འདི་ལགས་ཏེ། གཞན་གྱིས་སོས་པར་རྔོ་མི་ཐོགས་ལགས་སོ། །བདག་དང་འདྲ་བའི་ཕངས་པ་མེད་པས་རྒྱལ་པོས་ཁས་བླངས་སོ། །དེ་ནས་འཚོ་བྱེད་ཀྱིས་གཞོན་ནུ་འཆར་བྱེད་བཟང་པོ་རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་རྒྱལ་པོ་ལ་ཕུལ་ཏེ། ལྷ་གཞོན་ནུ་འཆར་བྱེད་བཟང་པོ་ལ་ལེགས་པར་གཟིགས་པ་དེ་ལྟར་མཛད་དུ་གསོལ། ཕྱིས་གཟིགས་པར་མི་འགྱུར་རོ། །དེ་ནས་དེ་ལྟར་བསྟན་ནས་ཁྱིམ་དུ་ཁྲིད་ནས་བཞག་གོ། །དེ་ནས་འཚོ་བྱེད་ཤའི་དོན་དུ་བསིལ་བའི་ཚལ་གྱི་དུར་ཁྲོད་དུ་སོང་བ་ལས་བསིལ་བའི་ཚལ་གྱི་དུར་ཁྲོད་ནི་རོས་སྟོང་བ་མ་ཡིན་པས་དེ་ནས་རོའི་ཤ་བླངས་ཏེ་ཡོ་བྱད་ཀྱི་ཁྱད་པར་དག་དང་གཡོས་བྱས་ནས། རྒྱལ་པོའི་དྲོ་ལ་བབ་པའི་དུས་སུ་བསྟབས་སོ། །དེ་ནས་མ་སྐྱེས་དགྲས་ཤ་ཁུའི་ཕོར་བ་བླངས་ནས་ཟ་བར་གཟས་པ་དང་འཚོ་བྱེད་ཀྱིས་འཕྲོགས་ནས་ཀླད་དུ་བསྣུན་ཏེ་སྡིག་ཅན་ཁྱོད་ཀྱིས་ཕ་ཆོས་དང་ལྡན་པ་ཆོས་ཀྱི་རྒྱལ་པོ་སྲོག་དང་བྲལ་ལ་བུའི་ཤ་ཡང་ཟ་བར་བྱེད་དམ། དེས་རྔམ་ནས་སྨྲས་པ། གལ་ཏེ་དེ་ལྟ་ན་ཅིའི་ཕྱིར་གསད་ཅེས་མི་བཟོད་པ་དྲག་པོ་སྐྱེས་པས་དེའི་སྐྲན་རྡོལ་ནས་ཡང་རློན་མར་འཁྲུས་ཏེ། ཁ་ནས་ཁྲག་དང་བཅས་པར་བྱུང་བ་དེ་ཁོ་རང་གི་ས་མཐོང་ནས་བརྒྱལ་ཏེ་ས་ལ་འགྱེལ་ཏོ། །དེ་ནས་ཆུ་གཏོར་ནས་དབུགས་སླར་བྱུང་བ་དང་ཁྲུས་བྱས་ཏེ་འཕྲོད་པའི་ཟས་བྱིན་པས་སྔོན་ཇི་ལྟ་བ་བཞིན་གྱུར་ཏོ། །དེ་ནས་འཚོ་བྱེད་ཀྱིས་གཞོན་ནུ་འཆར་བྱེད་བཟང་པོ་རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་ཁྲིད་དེ་རྒྱལ་པོའི་དྲུང་དུ་སོང་ནས་རྐང་བ་གཉིས་ལ་གཏུགས་ཏེ་སྨྲས་པ། ལྷ་གཞོན་ནུ་འཆར་བྱེད་བཟང་པོ་འདི་ལགས་ཏེ། བདག་སྲོག་ཆགས་གྲོག་སྦུར་ཡང་སྲོག་དང་བྲལ་བར་བགྱིད་མི་ཕོད་ན་གཞོན་ནུ་ལྟ་སྨོས་ཀྱང་ཅི་འཚལ། འོན་ཀྱང་ཐབས་འདིས་ལྷ་འཚོ་བར་འགྱུར་བས་བདག་གིས་ཐབས་བཤམས་པར་བགྱིས་པས་སོ། །རྒྱལ་པོ་མཆོག་ཏུ་ངོ་མཚར་སྐྱེས་ནས། བློན་པོ་རྣམས་ལ་བསྒོ་བ། འཚོ་བྱེད་སྨན་པའི་རྒྱལ་པོར་དབང་སྐུར་ཅིག བློན་པོ་རྣམས་ཀྱིས་འཚོ་བྱེད་གླང་པོ་ཆེ་ལ་བསྐྱོན་ནས་དཔལ་གྱི་འབྱོར་བ་ཆེན་པོས་ལན་གསུམ་པར་ཡང་སྨན་པའི་རྒྱལ་པོར་དབང་བསྐུར་ཏོ།།

དེ་ནས་འཚོ་བྱེད་དྲེགས་པ་སྐྱེས་ནས་བདག་དང་མཉམ་པའི་སྨན་པ་འགའ་ཡང་ཡོད་པ་མ་ཡིན་ཏེ། བདག་ནི་ལུས་ཀྱི་དཔྱད་བྱེད་པ་རྣམས་ཀྱི་མཆོག་ཡིན་ལ། བཅོམ་ལྡན་འདས་ནི་སེམས་ཀྱི་དཔྱད་མཛད་པ་རྣམས་ཀྱི་མཆོག་ཡིན་ནོ་སྙམ་ནས། དུས་གཞན་ཞིག་ན་འཚོ་བྱེད་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་བ་ལས་དེ་དྲེགས་པའི་སྙེམས་པས་བདེན་པ་མ་མཐོང་ངོ་། །བཅོམ་ལྡན་འདས་ཀྱིས་དགོངས་པ། སྨན་པའི་རྒྱལ་པོ་འཚོ་བྱེད་ཀྱིས་དགེ་བའི་རྩ་བ་བསྐྱེད་ན་ཅིའི་ཕྱིར་བདེན་པ་མ་མཐོང་བར་གྱུར་སྙམ་ན། དྲེགས་པའི་སྙེམས་པ་ལས་གྱུར་པར་གཟིགས་ནས། དེའི་དྲེགས་པ་སྤང་བར་བྱའོ་སྙམ་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་སྨན་པའི་རྒྱལ་པོ་འཚོ་བྱེད་ལ་བཀའ་སྩལ་པ། འཚོ་བྱེད་ཁྱོད་ཀྱིས་རིའི་རྒྱལ་པོ་གངས་ཅན་མཐོང་ངམ། བཙུན་པ་མ་མཐོང་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྨན་པའི་རྒྱལ་པོ་འཚོ་བྱེད་ཁྲིད་ནས། རིའི་རྒྱལ་པོ་གངས་ཅན་གང་ན་བ་དེར་གཤེགས་པ་དང་། དེ་ན་སྨན་རྣམ་པ་སྣ་ཚོགས་སྒྲོན་མེ་བཞིན་དུ་འོད་འབར་བ་ཡོད། བཅོམ་ལྡན་འདས་ཀྱིས་སྨན་པའི་རྒྱལ་པོ་འཚོ་བྱེད་ལ་འདི་སྐད་ཅེས་བཀའ་སྩལ་ཏེ། འཚོ་བྱེད་སྨན་ཅི་ཙམ་འདོད་པ་ལོངས་ཤིག དེ་སོང་ནས་སྨན་རྣམ་པ་སྣ་ཚོགས་དག་བླངས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འོངས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཚོ་བྱེད་སྨན་འདིའི་མིང་ཅི་ཡིན། དེས་གསོལ་བ། བཅོམ་ལྡན་འདས་ཆེ་གེ་མོ་ལགས་ཏེ། ཆོ་ག་འདིས་ནད་ཆེ་གེ་མོ་ཞིག་ཞི་བར་འགྱུར། འདི་ནི་ཆེ་གེ་མོ་ཞིག་ལགས་ཏེ་ནད་ཆེ་གེ་མོ་ཞིག་རབ་ཏུ་ཞི་བར་འགྱུར་ལ། གཞན་རྣམས་ཀྱི་མིང་ཡང་མི་ཤེས་སོ། །མ་ཤེས་པ་གང་ཡིན་པ་དེ་དག་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། འཚོ་བྱེད་འདི་ནི་ཆེ་གེ་མོ་སྟེ་ཆོ་ག་ཆེ་གེ་མོས་ནད་ཆེ་གེ་མོ་ཞིག་རབ་ཏུ་ཞི་བར་འགྱུར་རོ། །འདི་ཡང་ཆེ་གེ་མོ་ཞིག་ཅེས་བྱའོ། །དེ་ལྟར་རེ་རེ་བཞིན་གསུངས་པས་འཚོ་བྱེད་ཀྱིས་གསོལ་བ། བཅོམ་ལྡན་འདས་ཀྱིས་སྨན་དཔྱད་ཀྱང་མཁྱེན་ལགས་སམ། ཞེས་ཞུས་པས། དེ་ནས་བཅོམ་ལྡན་འདས་ཀྱིས་འཚོ་བྱེད་ལ་བཀའ་སྩལ་པ།

    འཚོ་བྱེད་སྨན་ཟུག་རྔུ་འབྱིན་པ་ཡན་ལག་བཞི་དང་ལྡན་པ་དགོས་ཏེ། བཞི་གང་ཞེ་ན། ནད་ལ་མཁས་པ། ནད་ཀུན་ནས་སློང་བ་ལ་མཁས་པ། ནད་བྱུང་བ་སྤོང་བ་ལ་མཁས་པ། སྤངས་པ་ཕྱིས་མི་འབྱུང་བ་ལ་མཁས་པའོ། །དང་པོ་ནད་ལ་མཁས་པ་ནི། ནད་འདི་ནི་འདི་ལྟ་བུ་དང་འདི་ལྟ་བུ་ཡིན་ནོ་ཞེས་ཤེས་པའོ། །གཉིས་པ་ནད་ཀུན་ནས་སློང་བ་ལ་མཁས་པ་ནི། ནད་འདི་ནི་རླུང་གིས་ཀུན་ནས་བསླང་བའམ། མཁྲིས་པས་ཀུན་ནས་བསླང་བའམ། བད་ཀན་གྱིས་ཀུན་ནས་བསླང་བའམ། བདག་ལས་གྱུར་བའམ། གཞན་ལས་གྱུར་བའམ། འདུས་པ་ལས་གྱུར་བའོ་ཞེས་ཤེས་པའོ། །གསུམ་པ་ནད་བྱུང་བ་སྤོང་བ་ལ་མཁས་པ་ནི། ནད་འདི་ནི་མིག་སྨན་ནམ། སྐུ་མཉེའམ། སྐྱུག་སྨན་ནམ། བཀྲུ་སྨན་ནམ། སྣར་བླུགས་པའམ། དུ་བས་བདུག་པའམ། ནན་རྩིའི་ལས་ཀྱིས་སྤང་བར་འགྱུར་བ་ལ་སོགས་པ་ཤེས་པའོ། །བཞི་པ་ནད་སྤངས་པ་ཕྱིས་མི་འབྱུང་བ་ལ་མཁས་པ་ནི། ནད་འདི་ལ་ནི་འཕྲོད་པའི་ཆོ་ག་འདི་དང་འདི་ལྟ་བུ་བྱས་ཏེ་སྤངས་ན་ཕྱིས་མི་འྱུང་ངོ་ཞེས་ཤེས་པའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡན་ལག་བཞི་དང་ལྡན་པ་ཡང་སྨན་པ་ཟུག་རྔུ་འབྱིན་པ་བླ་ན་མེད་པ་ཞེས་བྱའོ། །འཚོ་བྱེད་བཞི་གང་ཞེ་ན། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ། །འདི་ནི་སྡུག་བསྔལ་འགོག་པའོ། །འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །འཚོ་བྱེད་དེ་བཞིན་གཤེགས་པས་ནི་སྐྱེ་བའི་རྩ་བ་ཅན་གྱི་སྡུག་བསྔལ་རྣམས་སྤང་བའི་སྨན་མཁྱེན་ཏོ། །རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པའི་རྩ་བ་ཅན་གྱི་སྡུག་བསྔལ་རྣམས་སྤང་བའི་སྨན་མཁྱེན་ཏོ། །ཞེས་གསུངས་པ་དང་། འཚོ་བྱེད་གཞོན་ནུའི་རྒྱུད་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ།།

    སྨྲས་པ། ཕྲ་རགས་རིམས་ནད་འཇོམས་པའི་སྨན་མཆོག་གིས། །སྐྱེ་འགྲོའི་ཟུག་རྔུ་མཐའ་དག་རབ་བཅོམ་ནས། །གཏན་བདེའི་བདུད་རྩི་སྨན་མཆོག་ལ་རོལ་བའི། །སྐལ་བ་མཆོག་ལ་སྤྱོད་པ་ཨེ་མ་རྨད། །ཅེས་པ་འདི་ནི་འཚོ་བྱེད་གཞོན་ནུའི་གདུང་འཚོ་བ་དམ་པ་སྨན་པ་བསྟན་ཁོས་བསྐུལ་ངོར་ཐ་སྙད་པ་བསམ་གཏན་རྒྱ་མཚོས་འདུལ་བ་ལུང་ལས་བཏུས་པ་ཡིན་ལ། གསར་བུ་རྣམས་རྩོམ་ལུགས་སྣ་ཚོགས་ལ་རྒྱུས་མངའ་ཆེད། ཚིག་སྦྱོར་འདུལ་ལུང་བཞིན་བྱས་སོ།། །།


མཐའ་མའི་འདོན་ཐེངས་།: 14.09.2015 ཉིན། 9:34 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

གཙང་སྨན་པའི་བསླབ་བྱ་དང་སྐྱོ་མགུར།

གཙང་སྨན་པའི་སྨན་གྱི་འདྲ་དཔེ།

སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྨན་རྩིས་རིག་གནས་ཐད་ཀྱི་མཛད་རྗེས་གཙོ་བོ།

སྨན་རྩིས་ཁང་འགན་འཛིན་མཆོག་གི་གསུང་བཤད།

ཡོ་ག་ལག་ལེན་དམར་ཁྲིད་དབུ་ཚུགས་པ།

རིགས་ལམ་ངོ་སྤྲོད་སོགས་ཀྱི་འཆད་ཁྲིད་མུ་མཐུད་གནང་རྒྱུ།

ལོ་ངོ་ ༡༠༡ འཁོར་བའི་དུས་དྲན་མཛད་སྒོ།

བརྟག་ཐབས་རིག་པའི་རྒྱལ་ཡོངས་ཚོགས་འདུའི་སྒོ་འབྱེད་གཏམ་བཤད།

གཏེར་བདག་གླིང་པ།

ཉི་ཐང་སྨན་མཁྱེན་བློ་བཟང་རྒྱ་མཚོ།

རྒྱལ་བ་ལྔ་པ་ཆེན་པོ།

བྱང་ངོས་ནང་སོ་དར་རྒྱས།

འཚོ་བྱེད་བློ་གྲོས་བརྟན་པའམ་རིན་སྡིངས་བློ་བཟང་རྒྱ་མཚོ།

བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ།

བདེ་ཆོས་སྨན་པ་རཏྣའི་མིང་ཅན།