སྨན་རྩིས་དྲ་བ། - ལོ་རྒྱུས།

བོད་བཙན་པོའི་སྐབས་ནས་དགའ་ལྡན་ཕོ་བྲང་བར་གྱི་གསོ་རིག་ལོ་རྒྱུས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.08.2016
ལོ་རྒྱུས། >>


༄༅། །བོད་བཙན་པོའི་སྐབས་ནས་དགའ་ལྡན་ཕོ་བྲང་བར་གྱི་བོད་ཀྱི་གསོ་རིག་ལོ་རྒྱུས།

- གླིང་དབོན་ཆོས་ཉིད་བསམ་གྲུབ།

སྨན་རྩིས་མཐོ་སློབ་ཁང་གི་སྨན་དགེ།

 

 

ཨོཾསྭསྟིཿ བླ་མ་ཡི་དམ་མཁའ་འགྲོ་དང་། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དྲང་སྲོང་ལྷ་མོ་བཀའ་སྡོད་བཅས། །མཆོད་འོས་རྣམས་ལ་ཕྱག་འཚལ་ལོ།། ཞེས་མཆོད་བརྗོད་ཀྱིས་སྔོན་བསུས་ཏེ་སྐབས་དོན་གླེང་གཞི་བོད་བཙན་པོའི་སྐབས་ནས་དགའ་ལྡན་ཕོ་བྲང་བར་གྱི་བོད་ལུགས་གསོ་རིག་ལོ་རྒྱུས་འཆད་པར། རྩ་བའི་ས་བཅད་ཁག་བཞིར་དབྱེ་བར་བྱའོ།། དང་པོ། གདོད་མའི་བོད་ཀྱི་གསོ་རིག་བྱུང་ཚུལ། གཉིས་པ། སྤུ་རྒྱལ་གདུང་རབས་སྐབས་བོད་ཀྱི་གསོ་རིག་ལོ་རྒྱུས། གསུམ་པ། བསྟན་པ་སྔ་དར་སྐབས་བོད་ཀྱི་གསོ་རིག་ལོ་རྒྱུས། བཞི་པ། བསྟན་པ་ཕྱི་དར་སྐབས་བོད་ཀྱི་གསོ་རིག་ལོ་རྒྱུས། - སྤྱི་ལོ་ ༡༦༤༢ བར།


ས་བཅད་དང་པོ། གདོད་མའི་བོད་ཀྱི་གསོ་རིག་བྱུང་ཚུལ་དང་ཡིག་ཐོག་གི་ལོ་རྒྱུས་དུས་ཡུན།

འཛམ་གླིང་ཡུལ་གྲུ་སྤྱིའི་མིའི་རིགས་ཀྱི་བྱུང་བ་དང་འདྲ་བར་བོད་གངས་ཅན་ལྗོངས་སུའང་འགྲོ་བ་མིའི་རིགས་ནི་ཆེས་སྔ་མོ་ནས་བྱུང་ཡོད་པ་ནི་གདོན་མི་ཟ།  བོད་ཀྱི་ཆེས་གདོད་མའི་དུས་ཀྱི་མི་རྣམས་ཀྱིས་ཟས་སྐོམ་ནི་རང་བྱུང་གི་ཤིང་འབྲས་དང་མ་རྨོས་ལོ་ཏོག་དེ་བཞིན་གཡོས་སྦྱོར་སོགས་གང་ཡང་མ་བྱས་པའི་རྗེན་ཟས་དང་།  གྲང་མོ།   ཁེངས་པོ་སོགས་ཟས་རགས་པ་ཁོ་ནར་བརྟེན་ནས་འཚོ་གནས་བྱས་ཡོད།       རིམ་བཞིན་བསམ་གཞིགས་ཀྱི་ནུས་པ་ཇེ་ལེགས་སུ་ཕྱིན་ནས་འཚོ་བ་དངོས་ཀྱི་བདེ་སྡུག་རྣམས་ལ་རང་བྱུང་ཁམས་ཀྱི་ཐོན་ཁུངས་རྣམས་ཀྱི་ཕན་གནོད་རགས་པ་ཤེས་ཏེ་ཟས་གཡོས་སྦྱོར་བྱེད་པ་དང་ཆུ་ཁོལ་མས་མ་ཞུ་བའི་ནད་སེལ་ཐུབ་པའི་རིག་པ་རྙེད་པས་རང་ཉིད་བདེ་ཐང་ངང་གནས་རྒྱུར་གང་འཚམ་གྱིས་ཕན་བདེ་བསྐྲུན་ཐུབ་པ་བྱུང་ཡོད།      དེ་བཞིན་གློ་བུར་རྐྱེན་གྱིས་ལུས་ལ་རྨས་སྐྱོན་སྣ་ཚོགས་ཀྱིས་སྐྲངས་འབུར་ལ་སྦང་མའི་འཇིབ་བྱེད་པ་དང་། རྨ་གསར་ལ་མར་ཁུ་བཏང་ནས་རྩ་ཁ་སྡོམ་པ་སོགས་བོད་ཀྱི་གསོ་བ་རིག་པའི་གདོད་མའི་སྨན་དཔྱད་ཀྱི་ལག་ལེན་རགས་པ་ནི་འགྲོ་བ་མིའི་རིགས་བྱུང་བ་དང་ཧ་ལམ་དུས་མཉམ་དུ་བྱུང་ངོ་།།


འོན་ཀྱང་དུས་དེའི་ཚེ་འཚོ་བའི་གཞི་རྟེན་རགས་པ་ཙམ་གྱིས་འཚོ་གནས་ཐུབ་རྒྱུར་དཀའ་ཁག་སེལ་མི་ཐུབ་པས་ཕྱི་ནང་གི་འཕོ་འགྱུར་རྣམས་ལ་གདོང་ལེན་ཆེད་ཐབས་ཤེས་གསར་པ་དང་བློ་སྒོ་ཇེ་ཆེར་གཏོང་དགོས་པ་ནི་ཟློག་ཏུ་མེད་པའི་འོས་འགན་ཞིག་ཏུ་གྱུར།        དུས་ཕྱིས་ཞིང་འབྲོག་ཐོན་སྐྱེད་འཕེལ་རྒྱས་ཕྱིན་པ་དེས་མིའི་རིགས་ཀྱི་འཚོ་བའི་དགོས་མཁོ་དང་ལྷག་པར་སྨན་བཅོས་ཤེས་བྱ་ཕུན་སུམ་ཇེ་ཚོགས་སུ་འགྲོ་བར་སྐུལ་འདེད་བྱས་ཡོད་དེ་ཞིང་ལས་ངལ་རྩོལ་ལ་བརྟེན་ནས་འབྲུ་དང་འབྲས་བུའི་རིགས་ཀྱིས་བཀྲེས་ལྟོག་སེལ་ནུས་པ་དང་ནད་གཞི་མང་པོར་ཕན་ནུས་ཡོད་པ་ཤེས།            འབྲོག་ལས་ཐོན་སྐྱེད་ཀྱི་ཉམས་མྱོང་ནང་ཕྱུགས་རིགས་དང་རི་དྭགས་སོགས་ཀྱི་ཤ་ཁྲག་ལ་རང་རང་སོ་སོའི་འབྱུང་བའི་ནུས་སྟོབས་རེ་ཡོད་པ་ཤེས་རྟོགས་བྱུང་བས་འཚོ་བ་དངོས་ཀྱི་ནང་དགོས་མཁོ་གང་འཚམས་སྒྲུབ་ཐུབ་པ་བྱུང་ཡོད།       མདོར་ན་ཕྱི་རོལ་གྱི་འབྱུང་བའི་ཐོན་རྫས་གང་ལའང་ཕན་ནུས་ཡོད་པའི་ཤེས་བྱ་སྣ་ཚོགས་ཀྱིས་མིའི་རིགས་ཀྱི་དཔལ་ཡོན་དང་བདེ་ཐང་གནས་ཐབས་སུ་དུས་སྐབས་དང་བསྟུན་པའི་ལེགས་སྐྱེད་ཕུལ་ཡོད་པ་གོར་མ་ཆག


ཞར་བྱུང་དུ་བོད་ཀྱི་གསོ་རིག་གཞུང་ལུགས་ཀྱི་རྨང་གཞི་དང་ལག་ལེན་རྣམས་ཡིག་ཐོག་གི་ལོ་རྒྱུས་དུས་ཡུན་ནི་སངས་རྒྱས་ཆོས་ལུགས་བོད་དུ་དངོས་སུ་མ་དར་བའི་སྔོན་ཚུད་ནས་ཡོད་དེ་གནའ་བོའི་ཞང་ཞུང་གི་དཔལ་ཡོན་ནི་བོད་མིའི་ཤེས་རིག་གི་ས་བོན་ལྟ་བུར་གྱུར་ཡོད།   བོད་ཀྱི་གསོ་དཔྱད་བསྟན་པའི་དབུ་བརྙེས་པའི་དུས་མཚམས་ནི་ཞང་ཞུང་འོལ་མོ་ལུང་རིང་དུ་སྤྱི་ལོའི་སྔོན་གྱི་ལོ་༡༨༥༧འཁྲུངས་པར་བཞེད་པའི་བོད་ཀྱི་གནའ་བོའི་ཆོས་ལུགས་ཀྱི་སྲོལ་གཏོད་པ་པོ་བོན་སྟོན་གཤེན་རབ་མི་བོ་ཆེའི་སྐུ་དུས་སུ་བྱུང་ངོ། དེར་བརྟེན་གོང་གི་འཁྲུངས་ལོའི་བཞེད་པ་དེར་བསྟུན་ན་འདི་ལོ་༢༠༡༦བར་མི་ལོ་༣༨༧༣སོང་ཟིན།     དེང་སྐབས་བོད་ཀྱི་གསོ་རིག་ལོ་རྒྱུས་སྨྲ་བ་ཕལ་མོ་ཆེས་བོད་ཀྱི་གསོ་རིག་དབུ་བརྙེས་ནས་ད་བར་ལོ་ངོ་ཉིས་སྟོང་ལྔ་བརྒྱ་ཙམ་སོང་བར་བཞེད་པ་ནི་སངས་རྒྱས་ཆོས་ལུགས་ཀྱི་སྟོན་པ་ཤཱཀྱ་ཐུབ་པའི་འཁྲུངས་ལོ་སྤྱི་ལོའི་སྔོན་གྱི་ལོ་༩༦༡ལ་གཙོ་བོར་གཞིགས་ཏེ་གསུངས་པ་ཞིག་ཡིན་འོན་ཀྱང་བོད་དུ་གསོ་དཔྱད་བསྟན་པའི་དབུ་བརྙེས་པའི་དུས་ནི་བོད་ཀྱི་གནའ་བོའི་ཞང་ཞུང་གི་ཤེས་དཔལ་དང་ཁ་བྲལ་ཐབས་མེད་པ་ཞིག་ཡིན།


དེ་ན་སྟོན་པ་གཤེན་རབ་མི་བོ་ཆེས་དཔྱད་ཀྱི་རྒྱུད་སྡེ་ཆེན་པོ་ལྔ།  མདོ་སྡེ་ཆེན་པོ་སྡེ་དགུ། མན་ངག་ཡན་ལག་བརྒྱད་ལྡན། ཉིང་ལག་ཉིས་ཁྲི་ཆིག་སྟོང་སོགས་ཡིག་ཐོག་ཏུ་འཁོད་པའི་སྨན་དཔྱད་གཞུང་ལུགས་རྣམས་རང་གི་གདུང་སྲས་དཔྱད་བུ་ཁྲི་ཤེས་སོགས་ལ་སྨན་དཔྱད་གཞུང་ལུགས་རྣམས་སྤེལ་ཏེ་རྗེས་འཛིན་པ་མང་དུ་གསོ་སྐྱོང་མཛད།


གཤེན་རབ་མི་བོ་ཆེའི་སློབ་མའི་མཆོག་ཏུ་གྱུར་པ་རྒྱལ་སྲས་དཔྱད་བུ་ཁྲི་ཤེས་ཀྱིས་རང་གི་ཡབ་མེས་ཀྱིས་གསོ་དཔྱད་གདམས་པ་གནང་བ་རྣམས་རྨང་གཞིའི་ཐོག་ལྷག་པར་དུ་ཤ་གསོས་རུས་འབྱོར་རྒྱུས་མཐུད་ཀྱི་རྨ་བཅོས་གཞུང་ལུགས་དང་དུག་བཅོས་གཡུང་དྲུང་འཁྱིལ་བ་ཞེས་པ་དུག་ནད་ལ་མཆོག་གྱུར་གྱི་སྨན་སྦྱོར་གཞུང་ལུགས་བརྩམས་གནང་བ་སོགས་གདོད་མའི་བོད་ཀྱི་གསོ་དཔྱད་གཞུང་ལུགས་ལག་ལེན་དང་བཅས་པར་སྔར་བས་ཕུན་སུམ་ཇེ་ཚོགས་སུ་གྱུར་ཡོད།


ས་བཅད་གཉིས་པ། སྤུ་རྒྱལ་གདུང་རབས་སྐབས་བོད་ཀྱི་གསོ་རིག་ལོ་རྒྱུས།

བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་རྒྱལ་རབས་ཉེར་བདུན་པ་ཁྲི་རྗེ་ཐོག་རྗེ་བར་གྱི་གསོ་རིག་འཕེལ་རྒྱས་ཀྱི་ལོ་རྒྱུས་བྱིངས་ཀྱི་གནས་ཚུལ་ཐད་དཔྱད་གཞིའི་ཡིག་ཆ་དཀོན་པས་ཞིབ་ཕྲའི་ལོ་རྒྱུས་མི་གསལ་རུང་འདིར་ས་བཅད་མ་སྟོང་ཙམ་སྤྱི་ཁོག་ཙམ་བཀོད་པར་བྱ་སྟེ་ཞང་ཞུང་བོན་གྱི་སྨན་དཔྱད་གཞུང་ལུགས་ལག་ལེན་དང་བཅས་པའི་རྨང་གཞི་ཡོད་ཐོག་ལྷག་པར་གཉའ་ཁྲི་བཙན་པོ་རྗེ་བོར་མངའ་གསོལ་སྐབས་བོན་ཤེས་རྣམས་ལ་དོགས་པ་དྲུག་བཏོན་པ་སྟེ།   ས་མ་གི་ན་རྐུ་ཡོད།  སྡང་ཡོད།  དགྲ་ཡོད།  གཡག་ཡོད།  དུག་ཡོད།  བྱད་སྟེམས་ཡོད་ཅེས་གསུངས་པར་རྩིབ་ལྷ་སྐར་མ་ཡོལ་སྡེས་བོད་འདིར་རྐུ་ལ་ལན་ཡོད། སྡང་ལ་བྱམས་ཡོད། དགྲ་ལ་གཉེན་ཡོད།    གཡག་ལ་མཚོན་ཡོད།  དུག་ལ་སྨན་ཡོད།  བྱད་སྟེམས་འགྲོལ་ཐབས་ཡོད་ཅེས་དུག་གམ་ནད་ཀྱི་སྡུག་བསྔལ་སེལ་བྱེད་སྨན་དཔྱད་ཀྱི་ཐབས་ཡོད་ལ་དེའི་ཚེ་བོན་སྟོན་གཤེན་རབ་མི་བོ་ཆེས་སྲོལ་གཏོད་གནང་བའི་རྒྱུ་ཡི་བོན་བཞི་དང་འབྲས་བའི་བོན་ལྔ་ལ་སོགས་པ་སྔར་ནས་དར་རྒྱས་ཡོད་པའི་ཐོག་རྒྱལ་པོ་གཉའ་ཁྲི་བཙན་པོའི་སྐབས་རྒྱུ་ཡི་བོན་ཤེས་བཅུ་གཉིས་ཏེ་མགོན་ཤེས་ལྷ་བོན།  གཡང་ཤེས་ཕྱྭ་བོན།  འདྲེ་ཤེས་གླུད་གཏོང་།  འདུར་ཤེས་སྲིད་གཤེན།   གཙང་ཤེས་སེལ་འདེབས།   སྒྲོལ་ཤེས་ལྡ་བྱད།  ཕན་ཤེས་སྨན་དཔྱད།  སྐོས་ཤེས་རྩིས་མཁན། སྒྲ་ཤེས་གཏོ་རྐུ།  ལྡིང་ཤེས་ཤ་བ། འཕུར་ཤེས་ཅུ་ཏིག  འགྲོ་ཤེས་འཕྲུལ་བོན།  བཅས་དར་ཁྱབ་བྱུང་ཡོད།


རྒྱལ་རབས་བཅུ་པ་ཨེ་ཤོ་ལེགས་ཀྱི་སྐབས་སྨན་པ་ལྷ་བུ་མགོ་དཀར་བྱ་བ་ཞིག་ཡོད་ཅིང་དེའི་ཚེ་རུས་སྐྱོན་བཅད་པ་དང་ཤ་སྐྱོན་གཤག་པ།            པགས་རལ་བཙེམས་པ་སོགས་གཤགས་བཅོས་ལག་ལེན་ཐད་སྔར་དང་མི་འདྲ་བའི་ཚད་མཐོའི་ཡར་རྒྱས་ཕྱིན་ཡོད་ལ་བཅད་འབྱོར་སྨན་རིགས་ཉི་ཤུའི་ཕན་ནུས་དང་ལག་ལེན་ནང་བེད་སྤྱོད་ཇི་ལྟར་བྱ་དགོས་ཚུལ་སོགས་བསྟན་བཅོས་བརྩམས་ཡོད་པར་བཞེད།།


ས་བཅད་གསུམ་པ། བསྟན་པ་སྔ་དར་སྐབས་བོད་ཀྱི་གསོ་རིག་ལོ་རྒྱུས།

བོད་རྒྱལ་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐབས་སངས་རྒྱས་ཆོས་ལུགས་བོད་དུ་དབུ་བརྙེས་པ་དང་དུས་མཚུངས་རྒྱ་གར་གྱི་སྨན་པ་བི་བྱི་དགའ་བྱེད་དང་བི་དགའ་ལྷ་མཛེས་མིང་སྲིང་གཉིས་བོད་དུ་ཕེབས་ནས་འགྲོ་དོན་ཆེན་པོ་བྱུང་བས་རྒྱལ་པོས་ཕོ་བྲང་དུ་གདན་དྲངས་ནས་ཞབས་ཏོག་ཆེན་པོ་གནང་བ་དང་རྒྱ་གར་གྱི་གསོ་དཔྱད་བོད་དུ་དར་ཁྱབ་སླད་རྒྱལ་པོའི་སྲས་མོ་ཡིད་ཀྱི་རོལ་ཆ་ཞེས་པ་བི་བྱི་དགའ་བྱེད་ཀྱི་བཙུན་མོར་བསྩལ་བས་སྲས་ཤིག་བྱུང་བས་ཡབ་ཀྱི་དྲུང་ནས་གསོ་དཔྱད་གཞུང་ལུགས་ལ་མཁས་པར་བསླབས་ཏེ་མཚན་ལ་དུང་གི་ཐོར་ཅོག་ཅེས་གསོལ།           དེར་བརྟེན་བོད་རྒྱལ་ལྷ་ཐོ་ཐོ་རི་གཉན་བཙན་སྐབས་གདོད་མའི་གསོ་རིག་ཤེས་བྱའི་རྨང་གཞི་ཡོད་པའི་ཐོག་རྒྱ་གར་གསོ་དཔྱད་གཞུང་ལུགས་ཀྱི་ལེགས་ཆ་ཡང་བླངས་ཡོད།


བོད་རྒྱལ་སུམ་ཅུ་པ་འབྲོང་གཉན་ལྡེའུ་བཙན་རིམས་ནད་མཛེ་ཡིས་མནར་བས་དེའི་ཚེ་བཅོས་ཐབས་དཀའ་བས་རང་གི་གདུང་རྒྱུད་ལ་ནད་གདུག་ཅན་དེ་རིམས་ཀྱིས་མི་འགོ་བའི་ཆེད་བཙུན་མོ་མཆིམས་བཟའ་ཀླུ་རྒྱལ་དང་བཅས་གསོན་པོར་དུར་དུ་བཞུགས།   དེ་ལྟར་མཛེ་ནད་ནི་འགོས་ཁྱབ་རང་བཞིན་གྱི་ནད་ཅིག་ཡིན་པ་དང་དེར་སྔོན་འགོག་གི་ཐབས་ལམ་དང་ནད་དེ་རྒྱུ་རྐྱེན་གང་གིས་བསྐྱེད་པ་ཡིན་ཚུལ་སོགས་དུས་དེ་ཙམ་ནས་ཤེས་རྟོགས་བྱུང་ཡོད།


འབྲོང་གཉན་ལྡེའུ་བཙན་གྱི་བཙུན་མོ་མཆིམས་བཟའ་ཀླུ་རྒྱལ་ལ་སྲས་དམུས་ལོང་ཞིག་འཁྲུངས་པས་མཚན་ལ་དམུས་ལོང་དཀོན་པ་བཀྲས་ཞེས་བཏགས་ཁོང་དགུང་ལོ་ལྔར་ཕེབས་སྐབས་ཡབ་ཀྱི་བཀའ་བཞིན་བོད་ཤར་ཕྱོགས་ཀྱི་རྒྱལ་ཕྲན་འ་ཞའི་ཡུལ་ནས་སྨན་པ་འ་ཞ་རྗེ་བྱ་བ་ཕོ་བྲང་དུ་གདན་དྲངས་ཏེ་སྤྱན་གཤག་བཅོས་གནང་བས་སྐྱིད་ཤོད་སྟག་མོའི་རི་ལ་རི་དྭགས་གཉན་གཟིགས་པས་བོད་རྒྱལ་སོ་གཅིག་པ་སྟག་རི་གཉན་གཟིགས་ཅེས་པའི་མཚན་བཏགས་ཚུལ་ཡང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་རྟོགས་ཐུབ་ལ་ལྷག་པར་དུ་བོད་ཀྱི་སྨན་པས་དུས་དེའི་ཚེ་ན་གཤགས་བཅོས་ལག་རྩལ་གྱི་ཚད་གཞི་ཇི་ཙམ་སླེབས་མིན་ལོ་རྒྱུས་ཀྱིས་བདེན་དཔང་ཐུབ།


བོད་རྒྱལ་སོ་གསུམ་པ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་བོད་ཀྱི་ཆབ་དཔལ་རིག་སོགས་གང་ཅིའི་ཐད་དབྱར་མཚོ་ལྟར་འཕེལ་རྒྱས་ཕྱིན་པ་བཞིན་བོད་ཀྱི་གསོ་དཔྱད་རིག་པའི་བྱ་གཞག་ཐད་སྔར་ལས་ལྷག་པའི་འཕེལ་རྒྱས་བྱུང་ཡོད།


དེའང་སྐབས་དེའི་ཕྱི་ཕྱོགས་ཀྱི་སྲོལ་རྒྱུན་གསོ་རིག་གི་ལེགས་ཆ་དར་སྤེལ་དང་རྒྱལ་པོ་ཉིད་ཀྱི་བསྙུན་གསོ་བའི་ཆེད་རྒྱ་གར་ནས་སྨན་པ་བྷ་ར་རྡ་ཛ་དང་རྒྱ་ནག་ནས་སྨན་པ་ཧེན་ལྦན་ཧང་དེ། སྟག་གཟིག་གི་སྨན་པ་ག་ལེ་ནོས་བཅས་གདན་འདྲེན་ཏེ་ཁོང་རྣམ་པས་རང་རང་གི་ཡུལ་ལུགས་ཀྱི་གསོ་དཔྱད་ཀྱི་ཁྱད་ཆོས་རྣམས་གོ་བསྡུར་མཛད་དེ་སྨན་དཔྱད་ཀྱི་གཞུང་མི་འཇིགས་པའི་མཚོན་ཆ་ཞེས་པ་བམ་པོ་བདུན་ཡོད་པའི་གསོ་དཔྱད་ཀྱི་གསར་རྩོམ་གནང་ནས་སྲོང་བཙན་ལ་ཕུལ་བས་རྒྱལ་པོ་ཤིན་ཏུ་མཉེས་ནས་ཆེད་བསྟོད་དང་བྱ་དགའ་ཕུལ་བས་རྒྱ་དཀར་ནག་གི་སྨན་པ་གཉིས་ཕྱིར་རང་ཡུལ་དུ་ཕེབས། སྟག་གཟིག་གི་སྨན་པ་ག་ལེ་ནོས་སྔར་ཡོད་བླ་སྨན་བློ་གྲོས་བཤེས་གཉེན་གྱི་སྟེང་བླ་སྨན་དུ་དབང་བསྐུར་མཛད།  ཁོང་གིས་རོ་བཀྲ་ཆིངས་ཁྲེམས་འཕྲུལ་གྱི་མེ་ལོང་། མགོ་དཔྱད་མ་བཞི་བུ་དགུ། མདའ་བཅོས་ལེའུ་བཞི་པ་སོགས་གསོ་དཔྱད་ཀྱི་བསྟན་བཅོས་བརྩམས་གནང་བ་དང་ཕྱིས་སུ་ཁབ་བཞེས་པས་སྲས་གསུམ་བྱུང་བས་དེ་དག་ལ་གསོ་དཔྱད་བསླབས་པས་བི་ཇི་སྔ་དར་གྱི་སློབ་བརྒྱུད་ཅེས་ཟེར།

    

རྒྱལ་པོ་སྲོང་བཙན་ཉིད་ཀྱི་ཐུགས་དགོངས་ཆེར་བཞེས་ཀྱིས་བོད་ཀྱི་གསོ་རིག་གཞུང་ལུགས་ལག་ལེན་དང་བཅས་ཕུན་སུམ་ཇེ་ཚོགས་ཡོང་སླད་བྱ་ཐབས་རབ་དང་རིམ་པར་སྤེལ་བ་མ་ཟད་སྨན་དཔྱད་ལག་ལེན་པ་རྣམས་ལ་འཚོ་བྱེད་སྨན་པ་ཞེས་པའི་མཚན་གསོལ་གནང་བ་དང་སྨན་པ་རྣམས་ལ་མཐོང་ཆེན་གསོལ་རས་བླ་གཙིགས་བཅུ་གཉིས་ཞེས་ལེགས་བསྩལ་གནང་བ་སོགས་མཛད་རྗེས་ཤིན་ཏུ་ཆེ།


བོད་ཀྱི་རྒྱལ་རབས་སོ་བཞི་ནས་སོ་དྲུག་བར་གྱི་སྨན་དཔྱད་མཁས་པ་འགའ་ཡི་མཛད་རྣམ་རགས་ཙམ།

གཡུ་ཐོག་འདྲེ་རྗེ་རྒྱ་གར་བཛྲ་ནི་ཡབ་བླ་སྨན་བློ་གྲོས་བཤེས་གཉེན་དང་ཡུམ་དཀོན་ཅོག་བཟང་མོ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་ནར་སོན་ཙ་ན་གསེར་སོགས་རིན་ཆེན་མང་དུ་བསྣམས་ཏེ་རྒྱ་གར་དུ་འཕགས་པ་ཀླུ་སྒྲུབ་སོགས་ཀྱི་དྲུང་ནས་མགོ་ཐིག་རིན་པོ་ཆེའི་གནད་འགྲེལ་ཆ་ལག་ཁ་སྐོང་དང་བདུད་རྩི་སྨན་སྒྲུབ་ཆ་ལག་དང་བཅས་པའི་གདམས་པ་ཆ་ཚང་བ་ཞུས་ནས་བོད་དུ་བྱོན་ནས་བདུད་རྩི་སྨན་སྒྲུབ་ཀྱི་ཕྱག་ལེན་གྱི་རྒྱུན་སྤེལ་གནང་བ་དང་བཙན་པོའི་སྲས་མོ་དགའ་སྐྱོང་མ་ཁབ་ཏུ་བཞེས་པས་སྲས་གཡུ་ཐོག་ཁྱུང་པོ་རྡོ་རྗེ་འཁྲུངས། སྲས་ལ་ཡབ་ཀྱིས་རིག་གནས་སྤྱི་དང་ཁྱད་པར་སྨན་དཔྱད་ཀྱི་གཞུང་གདམས་མན་ངག་བཅས་ཆ་ཚང་བ་བསྩལ་ནས་སྨན་པ་མཁས་པར་གསོ་སྐྱོད་མཛད།


གཡུ་ཐོག་ཁྱུང་པོ་རྡོ་རྗེ་ནི་ཆུང་དུས་ནས་ཡབ་ཀྱི་དྲུང་ནས་ཡི་གེ་འབྲི་ཀློག་ནས་བརྩམས་ཏེ་རིག་གནས་སྤྱི་དང་སྨན་དཔྱད་གཞུང་ལུགས་ལ་མཁས་པར་བསླབ་སྟེ་ཡབ་མེས་དམ་པའི་ཕྱག་རྒྱུན་རྣམས་ཉམས་པ་མེད་པར་ལག་ལེན་གནང་བ་དང་རྒྱལ་རབས་སོ་དྲུག་པ་འདུས་སྲོང་མང་པོ་རྗེའི་བླ་སྨན་མཛད།


རྒྱལ་རབས་སོ་བདུན་པ་མེས་ཨག་ཚོམ་གྱི་སྐུ་དུས་སུ་རྒྱ་རྗེ་ཐང་ཀྲུང་ཙུང་གི་སྲས་མོ་གྱིམ་ཤིང་ཀོང་ཇོས་བསྣམས་པའི་སྨན་རྩིས་གཞུང་ལུགས་མང་དག་བོད་སྐད་དུ་བསྒྱུར་གནང་བ་དང་ལྷག་པར་རྒྱ་ནག་གི་སྨན་པ་ཧ་ཤང་མཧཱ་ཀྱིན་དང་།   རྒྱ་ཕྲུག་གར་མཁན།   བོད་ཀྱི་སྨན་རྩིས་མཁས་པ་ཁྱུང་པོ་ཙེ་ཙེ།     ཁྱུང་པོ་དམ་ཚུགས།  ལྕོག་ལ་སྨོན་འབར་སོགས་ཀྱིས་ཕན་ཚུན་ཞིབ་འཇུག་བཀའ་བགྲོས་གནང་སྟེ་སྨན་དཔྱད་ཟླ་བའི་རྒྱལ་པོའམ་སོ་མ་རཱ་ཛ་ཞེས་གཞུང་ཆེན་གསར་རྩོམ་གནང་བས་བོད་ཀྱི་སྲོལ་རྒྱུན་གསོ་རིག་གཞུང་ལུགས་ལག་ལེན་རྣམས་སྔར་བས་ཕུན་སུམ་ཇེ་ཚོགས་བཏང་ཡོད།


ཡང་དེའི་ཚེ་སྟག་གཟིག་གམ་ཁྲོམ་གྱི་སྨན་པ་ཙན་པ་ཤི་ལ་ཧ་བྱ་བ་སྔར་སྲོང་བཙན་སྒམ་པོའི་སྐུ་དུས་སུ་བོད་དུ་ཕེབས་པའི་སྟག་གཟིག་གི་སྨན་པ་ག་ལེས་ནོས་ཀྱི་གཅུང་པོ་རྀ་ཥྀ་སྐྱེས་བྱ་བར་སྲས་གཉིས་ཡོད་པའི་ཆེ་བ་དེ་ཡིན།   ཁོང་གིས་བྱང་ཁོག་དང་ཡན་ལག་རྨ་བཅོས་ཤིན་ཏུ་ཞིབ་ཕྲའི་གཞུང་ལུགས་མང་དུ་བརྩམས་ལ་སློབ་རྒྱུད་ལ་གཙོ་བོར་གྲགས་ཆེ་བ་མགོ་དཔྱད་ཀྱི་གདམས་པ་གནང་ཡུལ་སྟོང་གཞེར་མེས་པོ། བྱང་ཁོག་གི་གདམས་པ་གནང་ཡུལ་བྲང་ཏི་རྒྱལ་མཉེས་མཁར་ཕུག་ཡན་ལག་གི་གདམས་པ་གནང་ཡུལ་ཞང་ལྷ་མོ་གཟི་ཡན་བཅས་སྨན་དཔྱད་མཁས་པ་གསོ་སྐྱོང་དུ་མ་མཛད་ཡོད་ལ་འདིའི་གདུང་རྒྱུད་ལ་བི་ཇི་བར་དར་དུ་འབོད་དོ།། དེའི་ཚེ་ཆོས་རྒྱལ་ཐུགས་རབ་ཏུ་དགྱེས་ནས་འཚོ་བྱེད་སྨན་པ་རྣམས་ལ།         ང་ནི་མགོ་ནག་ཡོངས་ཀྱི་ལྷ་ཡིན་ཞིང་། །དེས་ཀྱང་རྗེ་རུ་འཁུར་བས་ལྷ་རྗེར་ཐོགས། །ཞེས་གུས་བཀུར་དང་བསྟོད་བསྔགས་མཛད་ཡོད། རྒྱལ་པོ་འདིའི་སྐུ་རིང་ལ་བོད་རང་གི་སྨན་པ་མཁས་པ་མང་དུ་ཡོད་ཀྱང་གྲགས་ཆེ་གཙོ་བོ་ནི་བྲང་ཏི་རྒྱལ་མཉེས་མཁར་ཕུག་དང་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་རྣམ་གཉིས་ཡིན་དེའང་བྲང་ཏི་རྒྱལ་མཉེས་མཁར་ཕུག་ནི་རིན་སྤུངས་རྫོང་ཁོངས་ངུར་སྨྲིག་ཅེས་བྱ་བའི་སར་དུས་རབས་བདུན་པའི་མཇུག་ཙམ་དུ་སྐུ་འཁྲུངས།  ཁོང་ནི་རིག་གནས་སྤྱི་དང་ལྷག་པར་གསོ་རིག་གཞུང་ལུགས་ལག་ལེན་དང་བཅས་པར་མཆོག་ཏུ་གྱུར་པ་མ་ཟད་ཆབ་སྲིད་ལའང་མཁས་པས་བོད་བཙན་པོའི་བློན་པོ་དང་བླ་སྨན་གཅིག་ལྕོག་ཏུ་འཛིན་པའི་གྲགས་ཅན་མི་སྣ་ཞིག་ཡིན།  སློབ་དཔོན་རིན་པོ་ཆེ་དང་ཁྲི་སྲོང་ལྡེའུ་བཙན་གྱིས་བསམ་ཡས་སུ་གཏེར་དུ་སྦས་པའི་རྩ་སྒྲུབ་དང་གསོ་དཔྱད་ཀྱི་སྐོར་འགའ་ཞིག་བྲང་ཏི་རྒྱལ་མཉེས་མཁར་ཕུག་གིས་གཏེར་ནས་བཞེས་ཏེ་བྲང་ཏི་འཇམ་དཔལ་བཟང་པོ་སོགས་ལ་གདམས་པས་བྲང་ཏིའི་བརྒྱུད་པ་ཟམ་མ་ཆད་པར་བྱུང་ངོ་།།


དེ་བཞིན་རྗེ་བཙུན་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་ནི་ཡབ་གཡུ་ཐོག་ཁྱུང་པོ་རྡོ་རྗེ་དང་ཡུམ་རྒྱ་ས་ཆོས་ཀྱི་སྒྲོན་མེ་གཉིས་ཀྱི་སྲས་སུ་སྤྱི་ལོ་༧༠༨ལོར་སྟོད་ལུང་སྐྱིད་སྣ་ཞེས་པར་སྐུ་བལྟམས། དགུང་ལོ་གསུམ་ནས་ཡབ་ཀྱི་དྲུང་ནས་ཡི་གེ་འབྲི་ཀློག་བསླབས་ཤིང་དགུང་ལོ་ལྔ་ནས་རིག་གནས་སྤྱི་དང་ཁྱད་པར་གསོ་དཔྱད་རིག་པའི་གཞུང་གདམས་མན་ངག་དང་བཅས་ཚེགས་མེད་དུ་མཁྱེན་ཅིང་མཁས་པའི་ཕུལ་དུ་ཕྱིན། དེའི་ཚེ་རྒྱལ་པོས་གཡུ་ཐོག་པའི་མཚན་སྙན་གསན་ཏེ་བསམ་ཡས་དབུ་རྩེ་རིགས་གསུམ་དུ་གདན་འདྲེན་ནས་ཉམས་སད་པའི་སླད་དུ་རྒྱལ་པོ་ཉིད་ཀྱི་བླ་སྨན་ཆེན་པོ་བྲང་ཏི་རྒྱལ་མཉེས་མཁར་ཕུག་དང་ལྷན་གཞུང་ལུགས་སྐོར་རྩོད་དུ་བཅུག་པའི་གཡུ་ཐོག་པ་ཉིད་རྩོད་པ་ལས་རྒྱལ་བ་དང་སྨན་པ་གཞན་གྱིས་བཅོས་མི་ཐུབ་པའི་ནད་རིགས་འགའ་ཞིག་བཅོས་སུ་བཅུག་པས་དམིགས་བསལ་གྱི་བཅོས་སྐྱེད་བྱུང་སྟབས་རྒྱལ་པོ་ཐུགས་ཤིན་ཏུ་མཉེས་ནས་ཆེ་བསྟོད་དུ། བོད་ཡུལ་དབུས་སུ་གཡུ་ཐོག་ཡོན་ཏན་མགོན། །བོད་ཀྱི་རྗེ་འབངས་བསོད་ནམས་དཔལ་དུ་བྱུང་། །སྨན་པ་ཀུན་ཀྱི་རྗེ་རུ་ཁྱེད་ཁུར་ལ། །ཁྱེད་ཀྱི་ཐུགས་རྗེ་ཚ་ཟེར་རྒྱས་པའི་མཐུས། །གསོ་དཔྱད་བསྟན་པ་བོད་དུ་དར་བར་མཛོད། །ཅེས་པའི་བཀའ་བསྩལ་བར་གྲགས། །རྒྱལ་རབས་སོ་བརྒྱད་པ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་རིག་གནས་སྤྱི་དང་ལྷག་པར་ཡུལ་གྲུ་གཞན་གྱི་གསོ་དཔྱད་གཞུང་ལུགས་རྣམས་ཀྱི་ལེགས་ཆ་དར་སྤེལ་གྱིས་གསོ་རིག་བསྟན་པ་རྒྱས་པར་མཛད་ཡོད་དེ་ཐོག་མར་རྒྱ་གར་ནས་སྨན་པ་དྷརྨ་ར་ཛ་གདན་ཞུས་ཀྱིས་སྔར་ཡོད་ཀྱི་རྒྱ་ནག་གི་སྨན་པ་ཧ་ཤང་མ་ཧཱ་ཀྱིན་ད་དང་ཁྲོམ་གྱི་སྨན་པ་ཙན་པ་ཤི་ལ་ཧ་བཅས་གསུམ་ལ་སྤྲུལ་པའི་སྲས་གསུམ་ཞེས་གྲགས། ཁོང་རྣམས་ཀྱིས་ཐུན་མོང་ཐོག་ཡུལ་གྲུ་སོ་སོའི་གསོ་དཔྱད་ཀྱི་སྙིང་པོ་ཕྱོགས་བསྒྲིགས་ཀྱིས་རྒྱལ་པོར་ཕུལ་བས་ཕྱིས་སུ་དེར་རྒྱལ་པོའི་བླ་ཡིག་འོད་འབར་ཞེས་གྲགས་སོ།།


ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་ཐུགས་དགོངས་སུ་མི་རིགས་གཞན་གྱི་ཕུལ་བྱུང་རིག་གནས་ཀྱི་སྙིང་པོ་བསྡུ་ལེན་རྒྱུན་མཐུད་དེ་རང་མི་རིགས་ཀྱི་རིག་གནས་སྤྱི་དང་ཁྱད་པར་གསོ་རིག་གོང་འཕེལ་གཏོང་རྒྱུའི་ཐབས་ལམ་ཉག་གཅིག་ཏུ་གཟིགས་ཏེ་གསེར་སོགས་སྐྱེས་སུ་བསྩལ་ནས་རྒྱ་གར་ནས་ཤན་ཏི་གརྦྷ།     ཁ་ཆེ་ནས་གུ་ཧྱ་བཛྲ།   རྒྱ་ནག་ནས་སྟོང་གསུམ་གང་བ་དང་། ཧ་ཤང་བ་ལ།  ཧང་ཏི་པ་ཏ།   སྟག་གཟིག་ནས་ཧ་ལ་ཤིན་ཏ།   གྲུ་གུ་ནས་སེང་མདོ་འོད་ཆེན།   དོལ་པོ་ནས་ཁྱོལ་མ་རུ་རྩེ།    བལ་པོ་ནས་དྷརྨཱ་ཤྲཱི། བཅས་ཕྱོགས་མཐའི་སྨན་པ་མཁས་པ་དགུ་བྱ་བ་གདན་ཞུས་ཀྱིས་ཁོང་རྣམ་པས་ཡུལ་ཁམས་སོ་སོའི་ཐུན་མོང་མ་ཡིན་པའི་གསོ་དཔྱད་ཀྱི་གཞུང་ལུགས་གདམས་ངག་དང་བཅས་བོད་སྐད་དུ་མཛད་དེ་ཕྱོགས་གཅིག་ཏུ་སེང་ལྡེང་གི་གླེགས་ཤིང་དུ་བཞུགས་པ་ལ་རྒྱལ་པོའི་བླ་དཔྱད་པོ་ཏི་སྨུག་པོ་ཞེས་གྲགས་སོ།།


དུས་རབས་དེའི་སྐབས་སུ་བོད་རང་གི་སྨན་པ་མཁས་པ་ལོ་ཆེན་བཻ་རོ་ཙ་ན་མཆོག་གིས་ཕྱི་རབས་དོན་དུ་གསོ་དཔྱད་སྔོའི་མན་ངག་སྔོ་འབུམ་དང་། ཉམས་ཡིག་མཐོང་བ་དོན་ལྡན།  ཁྱད་པར་ཟབ་པ་རྣམ་གསུམ་སོགས་བརྩམས་ནས་དཔལ་ལྡན་རྒྱུད་བཞིའི་གཞུང་ལུགས་ཀྱི་རྨང་གཞི་བསྐྲུན་གནང་བ་དང་གཞན་ཡང་བཀའ་བསྟན་བཅོས་དཔག་མེད་བསྒྱུར་གནང་མཛད་པར་བརྟེན་བཻ་རོའི་མཁྱེན་དཔྱོད་ལ་རྒྱལ་པོ་ངོ་མཚར་སྐྱེས་ནས་རྒྱལ་པོས་མན་ངག་གི་རྒྱ་མཚོ་ལྷ་རྗེ་ཞེས་མཚན་གསོལ་གནང་བ་བཅས་མདོར་ན་སྨན་རྩིས་ཀྱི་བསྟན་པ་ཙམ་མིན་པར་བོད་ཀྱི་རིག་གནས་སྤྱིར་ནམ་མཁའི་མཐའ་དང་མཉམ་པའི་གཞལ་དཀའ་བའི་བཀའ་དྲིན་ཆེ་བ་ནི་ལོ་རྒྱུས་ཀྱིས་བདེན་དཔངས་བྱས་ཡོད།


དེ་བཞིན་གངས་ཅན་སྨན་པ་ཡོངས་ཀྱི་གཙུག་རྒྱན་གཡུ་ཐོག་ཡོན་ཏན་མགོན་པོས་བོད་ཀྱི་གསོ་རིག་སྔ་དར་གྱི་གཞུང་ལུགས་རྨང་གཞིར་བྱས་ཐོག་རང་གི་མྱོང་བ་དང་གསོ་རིག་གཞན་གྱི་ལེགས་ཆ་རྣམས་བསྡུ་ལེན་གྱིས་རྒྱུད་བཞི་རྩ་བ་ཆ་ལག་ཙམ་ཞིག་མཛད་དེ་གནས་སྐབས་སྤེལ་བའི་དུས་ལ་མ་བབས་པས་བསམ་ཡས་ཀ་བ་བུམ་པ་ཅན་ཏུ་གཏེར་དུ་སྦས།   སྤྱི་ལོ ༧༦༥ ལོར་ཀོང་པོ་སྨན་ལུང་བྱ་བར་ལོ་རྒྱུས་ཐོག་སྒྲིག་འཛུགས་ཀྱི་རང་བཞིན་ལྡན་པའི་སྨན་གྱི་སློབ་གྲྭ་ལྟ་ན་སྡུག་ཅེས་བྱ་བ་བཙུགས་ནས་བརྒྱུད་འཛིན་སྨན་རྩིས་སློབ་མ་སུམ་བརྒྱ་ཙམ་ལྷག་ཙམ་གསོ་སྐྱོང་གནང་བ་དང་སྦྱང་འབྲས་ལེགས་ཉེས་ལ་གཞིགས་ཏེ་གོ་མིང་སྤྲོད་པའི་སྲོལ་གཏོད་མཛད་ཡོད། གཡུ་ཐོག་པ་མཆོག་ནས་བསྟན་དང་འགྲོ་བའི་ཆེད་གཞལ་མི་ནུས་པའི་མཛད་རྗེས་རླབས་པོ་ཆེ་མཛད་པས་རྒྱལ་པོ་ཐུགས་ཤིན་ཏུ་དགྱེས་ཏེ་ཆེ་བསྟོད་དང་བཅས་དྭགས་ཀོང་ཁྱུང་གསུམ་གསོལ་བསྩལ་གནང་། གཞན་ཡང་དེའི་ཚེ་བོད་སྨན་མཁས་པ་མི་དགུ་ཞེས་པ་སྟོད་ན་ཆེར་རྗེ་ཞིག་པོ།   འུག་པ་ཆོས་བཟང་། བི་བྱི་ལེགས་མགོན་གསུམ། བར་ན་གཡུ་ཐོག་ཡོན་ཏན་མགོན་པོ་དང་།   མི་ཉག་རོང་རྗེ།     བྲང་ཏི་རྒྱལ་བཟང་གསུམ།  སྨད་ན་གཉའ་པ་ཆོས་བཟང་། མཐའ་བཞི་དར་པོ། སྟོང་པ་གྲགས་རྒྱལ་གསུམ་བཅས་དགུ་བྱུང་ལ་བརྩམས་ཆོས་ལ་བླ་ཡིག་འོད་འབར། ཐུགས་བདུན་སྒྲོན་མེ་ལ་སོགས་པ་བི་བྱིའི་ལུགས། ཡན་ལག་ཁོག་བཞིའི་སྒྲོམ། བསྡུས་དོན་འདུ་བ་སྤྱི་བཅོས་འུག་པའི་ལུགས། མ་བུ་སྡེ་སྐོར་དང་།  ཐིགས་ཆུང་གསལ་སྒྲོན་ལ་སོགས་ཆེར་རྗེའི་ལུགས།    ཉམས་ལེན་བརྒྱ་རྩ་དང་ལག་ལེན་པོད་ཆུང་སོགས་སྨན་བླ་གཉིས་པ་གཡུ་ཐོག་མགོན་པོའི་ལུགས།


ཚིག་དོན་བརྒྱད་པ་མཁས་ཁྱད་བཅུ་གཅིག་དང་།  སྨན་གྱི་ཐེམ་ཡིག་ཆེ་མོ་ལ་སོགས་བྲང་ཏི་པ་ཡི་ལུགས། དུམ་ཆེན་ནག་པོ་རྨ་ནི་སྐོར་གསུམ་དང་།  དམྱལ་བ་ཁྲག་འཛག་ལ་སོགས་མི་ཉག་ལུགས། སྡེ་སྐོར་བཤད་སྒྲོལ་སྟོང་སྨན་སེང་གྲགས་ལུགས། རྩ་ཚིག་སྒོས་བཅོས་མཁས་པ་གཉའ་ཡི་ལུགས། བྱང་ཁོག་སྐོར་གསུམ་འདུ་བ་རྣམ་གསུམ་དང་། ཐོར་དཔྱད་མུ་ཏིག་ཕྲེང་སོགས་མཐའ་བཞིའི་ལུགས། །མཁས་མཆོག་མི་དགུའི་གདམས་ངག་མཛད་ཚུལ་ཡིན། །ཞེས་གསུངས་སོ།།


བོད་རྒྱལ་ཞེ་གཅིག་པ་ཁྲི་རལ་པ་ཅན་གྱི་སྐབས་སུ་ལོ་ཙཱ་བ་ཆེན་པོ་སྐ་ཅོག་ཞང་གསུམ་གྱི་མཚོན་མཁྱེན་ཡངས་ཀྱི་བོད་ཀྱི་ལོ་ཙཱ་བ་མང་པོ་གསོ་སྐྱོང་དང་འཕགས་ཡུལ་གྱི་པཎྜི་ཏ་ཛི་ན་མི་ཏྲ་སོགས་སྤྱན་དྲངས་ཏེ་སྔར་ཆོས་རྒྱལ་རྣམས་ཀྱི་སྐབས་སུ་བསྒྱུར་གནང་བའི་བཀའ་བསྟན་རྣམས་ལ་དཔྱད་ཞིབ་ཀྱིས་ཆོལ་གསུམ་ཐུན་མོང་གིས་སྤྱོད་གོ་བདེ་ཆེད་སྐད་གསར་བཅད་གཏན་འབེབས་མཛད།   དེ་བཞིན་རྒྱལ་པོའི་བཀའ་མངགས་ལྟར་ལོ་པཎ་རྣམས་ལ་འཕགས་ཡུལ་གྱི་སློབ་དཔོན་ཉི་མས་བསྲུངས་པ་ཡིས་མཛད་པར་གྲགས་པའི་གསོ་རིག་གི་གཞུང་གཅེས་པར་གྲུབ་པ་ཞེས་པ་ལེའུ་སོ་གཅིག་ཅན་སོགས་གསར་བསྒྱུར་གནང་བས་བོད་ཀྱི་རིག་གནས་མཐའ་དག་ཡབ་མེས་ཀྱི་སྐབས་ལྟར་དབྱར་མཚོ་ལྟར་རྒྱས་པའི་མཛད་འཕྲིན་བསྐྱངས་ཡོད།།


ས་བཅད་བཞི་པ། བསྟན་པ་ཕྱི་དར་སྐབས་བོད་ཀྱི་གསོ་རིག་ལོ་རྒྱུས།

བོད་སིལ་བུའི་སྐབས་ཀྱི་གསོ་རིག་ལོ་རྒྱུས་འཆད་པར་སྤྱི་ལོའི་དུས་རབས་བཅུ་པའི་ནང་བོད་བཙན་པོའི་གདུང་རྒྱུད་ལས་འཆད་པ་གུ་གེའི་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ལྷག་བསམ་གྱི་བསྐུལ་མ་གནང་བར་བརྟེན་ལོ་ཆེན་རིན་ཆེན་བཟང་པོས་སློབ་དཔོན་དཔའ་བོས་མཛད་པའི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་དང་དེའི་འགྲེལ་པ་ཁ་ཆེ་ཟླ་བ་མངོན་དགས་མཛད་པའི་ཟླ་ཟེར་སོགས་བོད་བསྒྱུར་གནང་སྟབས་ཕྱིས་སུ་ཤིང་པར་བརྐོས་ནས་བསྟན་འགྱུར་ཁོངས་སུ་འཇོག་གནང་མཛད།


ལོ་ཆེན་ཉིད་ཀྱིས་སྣོད་ལྡན་གྱི་སློབ་བརྒྱུད་མང་པོ་གསོ་སྐྱོང་གནང་བའི་ནང་མཁས་པའི་གྲགས་ཆེ་བ་མང་མོ་སྨན་བཙུན།  མྱང་འདས་སེང་གེ་སྒྲ། ཤཱཀྱ་ཁྲི་ཡེ་ཤེས་འབྱུང་གནས། ཨོང་སྨན་ཨ་ལེ་སྟེ་སྤུ་ཧྲེང་གི་སྨན་པ་བཞི་བྱ་བ་བྱུང་ཡོད་ལ་སློབ་བརྒྱུད་ལའང་ལྷ་རྩེ་མང་མཁར་གྱི་ཆེར་རྗེ་ཏི་པང་། སྲས་བྱང་ཆུབ་འོད། ཨུ་ལང་བཀྲ་ཤིས་མཁར། དགྲ་ལས་རྒྱལ་པོ། སོགས་སྐབས་དེར་གཙང་སྟོད་ཁུལ་དུ་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་གཞུང་དོན་ལ་སློབ་སྦྱོང་དང་ལག་ལེན་དེ་བཞིན་ཞིབ་འཇུག་བྱེད་པའི་ལམ་བུ་གཏོད་ཡོད། མདོར་ན་ལོ་ཆེན་རིན་ཆེན་བཟང་པོའི་ཐུགས་རྗེའི་འཕྲིན་ལས་ལ་བརྟེན་ལ་བཀའ་བསྟན་མང་པོ་བོད་བསྒྱུར་གནང་བ་དེས་བོད་ཀྱི་རིག་གནས་སྤྱི་དང་ཡང་སྒོས་སྟོད་ཕྱོགས་གཙང་གི་རྒྱུད་དུ་གསོ་དཔྱད་ཀྱི་བསྟན་པ་དགུང་ན་གྲགས་སོ།།


རྒྱུད་བཞི་གཏེར་མའི་ལུགས་ནི་སྔར་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དང་ལོ་ཆེན་བཻ་རོ་ཙ་ན་རྣམ་གཉིས་ཀྱིས་བསམ་ཡས་དབུ་རྩེ་ན་གཏེར་དུ་བཞུགས་སུ་གསོལ་བའི་རྒྱུད་བཞི་མ་དཔེ་དེ་གཏེར་སྟོན་པ་གྲ་པ་མངོན་ཤེས་ཀྱིས་སྨན་སྲུང་ཞང་བློན་གྱིས་ལུང་བསྟན་ལྟར་གཏེར་ནས་བཞེད་དེ་ཉམས་ལེན་མཛད་ཅིང་མཐར་གཞུང་གི་མན་ངག་དང་བཅས་དབུས་པ་དར་གྲགས་ལ་གནང་།


དུས་དེ་ཙམ་ན་རོག་སྟོན་དཀོན་མཆོག་སྐྱབས་ཞུ་བ་དེ་དང་ཞང་གཟི་བརྗིད་འབར་ལྷན་དུ་རྒྱ་གར་དུ་ཕེབས་ཏེ་ཐམས་ཅད་མཁྱེན་པ་ཤིནྟ་པ་ཕྱི་མའི་དྲུང་ནས་གསོ་དཔྱད་ཡན་ལག་བརྒྱད་པ་རྫོགས་པར་གསན་ནས་ཕྱིར་བོད་དུ་བྱོན་ཏེ་དབུས་པ་དར་གྲགས་ཀྱི་དྲུང་ནས་རྒྱུད་བཞི་རྫོགས་པར་ཞུས། གཞན་ཡང་ཐར་པ་ལོ་ཙཱ་བ་ཉི་མ་རྒྱལ་མཚན་གྱིས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་སྦྱོར་བ་བརྒྱ་པ་དང་ཁ་ཆེ་ཟླ་བ་མངོན་དགས་མཛད་པའི་སྨན་མིང་སྒྲ་སྦྱོར་ངེས་པ་གཉིས་བསྒྱུར་ཏོ།། དུས་རབས་བཅུ་གཅིག་ཙམ་ན་ནུབ་ཕྱོགས་ཨོ་རྒྱན་ཡུལ་གྱི་བླ་སྨན་པ་བྷ་རོ་ཕྱག་རྡུམ་ཞུ་བ་བོད་དུ་བྱོན་ནས་སྙན་བརྒྱུད་བེ་བུམ་ནག་པོ་དང་ཆུ་དཔྱད་བེ་བུམ་སྔོན་པོ་སོགས་ཉམས་ཡིག་སྣ་མང་མཛད་པ་དང་སློབ་མ་ཡང་བསྐྱངས་པར་གྲགས།

         

ལྷོ་ཁ་དྭགས་པོ་རྒྱུད་དུ་མཉམ་མེད་དྭགས་པོ་ལྷ་རྗེ་མཆོག་གིས་བརྒྱད་པའི་དོན་བསྡུས་མཛད་པ་དང་ཕན་ནུས་ཆེ་བའི་སྨན་སྦྱོར་དྭགས་སྨན་བཅོ་ལྔ་ཞེས་པ་གསར་གཏོད་གནང་བ་དང་སློབ་མའི་གཙོ་བོ་ཞང་སྨན་ནག་དང་དགེ་སྦྱོང་པྲ་བྷ་རཏྣ་ཞུ་བ་གཉིས་བྱུང་། དེ་ནས་བོད་ཀྱི་གསོ་རིག་ལོ་རྒྱུས་ཐོག་སྨན་བླ་གཉིས་པ་ལྟ་བུ་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ་ཞེས་ཞུ་བ་སྐུ་ན་ཆུང་དུས་རིག་གནས་སྤྱི་དང་ཁྱད་པར་གསོ་དཔྱད་སྨན་གྱི་རིག་པར་མཁྱེན་རྒྱ་ཆེ་བ་ཞིག་བྱུང་།  དགུང་ལོ་བཅུ་གཉིས་སྐབས་རོག་སྟོན་དཀོན་མཆོག་སྐྱབས་སྒོ་བཞི་རེ་ཐང་དུ་བྱོན་དུས་འབུལ་བ་གྱ་ནོམ་པ་ཕུལ་ཏེ་དཔལ་ལྡན་རྒྱུད་བཞི་རྫོགས་པར་ཞུས་ནས་རེ་ཞིག་ཆིག་བརྒྱུད་ཀྱི་བཀའ་རྒྱ་མ་གྲོལ་བར་རང་གི་ཟབ་བཞེས་སུ་མཛད། སྔ་ཕྱིར་རྒྱ་གར་དུ་ལན་དྲུག་དང་བཀའ་འགྱུར་བསྟན་འགྱུར་ཐུགས་ཐོག་ནས་འཆད་པ་དང་སྐུ་ཚེ་སྟོད་དུ་ཡན་ལག་བརྒྱད་པ་ཁོ་ནའི་འཕྲིན་ལས་བསྐྱངས། ཕྱི་རབས་ཀྱི་བུ་སློབ་དོན་དུ་རྩ་དཔྱད་རིག་པ་རང་གསལ་སྡེ་ཚན་ལྔ་པ། ལག་ལེན་པོད་ཆུང་ངམ་གསལ་སྒྲོན།  མན་ངག་ཤོག་དྲིལ་སྐོར་གསུམ།   ཉམས་ཡིག་བུ་དོན་མ་སོགས་བརྩམས་གནང་བ་དང་ཁྱད་པར་གཏེར་ནས་བཞེས་པའི་དཔལ་ལྡན་རྒྱུད་བཞི་འདི་ཉིད་གསོ་དཔྱད་ཀུན་གྱི་ཡང་རྩེར་གཟིགས་ནས་ཕྱི་རབས་ཀྱི་དོན་དུ་བཀའ་རྒྱ་བཀྲོལ་ཏེ་ལུས་ཅན་ཀུན་གྱི་སྤྱི་ནོར་དུ་སྤེལ་ནས་རྩ་རྒྱུད་ཀྱི་ལེའུ་གྲངས་དང་། བཤད་རྒྱུད་དུ་ཇ་དང་སྨན་ཟས་ལེའུ་སོགས་ཐོར་བུའི་བསྣན་ཁ་དང་བཅོས། ཕྱི་རྒྱུད་དུ་སྨན་དཔྱད་ཟླ་བའི་རྒྱལ་པོའི་དགོངས་པ་རྩ་ཆུའི་བརྟགས་པ་དང་མ་བུ་དགྲ་གྲོགས་སོགས་སྣོན་ཁ་མཛད་དེ་《བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད།》ཅེས་གསོ་དཔྱད་ཀུན་གྱི་རྒྱལ་པོ་ཉིད་རྩོམ་སྒྲིག་གནང་། རྒྱུད་ཀྱི་གཞུང་འགྲེལ་མན་ངག་ཁ་སྐོང་དང་བཅས་པའི་གོ་ཆོད་དུ་ཆ་ལག་བཅོ་བརྒྱད་ལེགས་བསྒྲིགས་ཀྱིས་ཐུགས་སྲས་ཀྱི་དམ་པ་སུམ་སྟོན་ཡེ་ཤེས་གཟུངས་ལ་བསྩལ། དམ་པ་དེ་ལ་ཕུལ་བྱུང་གི་བུ་སློབ་མང་དུ་བྱུང་བ་ནས་ཡོངས་གྲགས་ནི་སུམ་སྟོན་ཡེ་ཤེས་གཟུངས། ལྗང་སྨན་ལེབ་སེ། འབལ་སྨན་ཉི་མ་དཔལ། རྫ་ཡེ་ཤེས་གཟུངས། སྟོན་པ་ཨ་ཚེས། ཤག་རམ་པ་ཉི་མ་དཔལ། གཡུ་ཐོག་འབུམ་སེང་། བསོད་སེང་། དགེ་བཤེས་རོག་ཆུང་སོགས་ཞལ་སློབ་གྲགས་ཆེ་བ་མང་དུ་བྱུང་ངོལ།།


ས་སྐྱའི་སྐབས་ཀྱི་གསོ་རིག་ལོ་རྒྱུས་ནི་ཐོག་མར་ས་སྐྱ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་གཞུང་ལུགས་དང་ནད་ཐོག་ལག་ལེན་གང་གི་ཆ་ནས་ཀྱང་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་གཞུང་ལུགས་གསོ་དཔྱད་རྒྱལ་པོའི་སྐོར་མཛོད་སོགས་བརྩམས་གནང་ཡོད།།


དེ་བཞིན་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་མཆོག་ནི་རིག་པའི་གནས་ཀུན་ལ་མཁས་པའི་ཡང་རྩེར་གྱུར་ཅིང་གསུང་རྩོམ་ཀྱང་མང་དུ་ཡོད་པ་ལས་གསོ་རིག་སྐོར་ལ་ཡན་ལག་བརྒྱད་པའི་དོན་བསྡུས་ཞེས་པ་དང་སྙིང་པོ་བསྡུས་པའི་ལྦ་རྣའི་ཕྲེང་བ་ཞེས་པའི་བསྟན་བཅོས་ཀྱང་མཛད་ཡོད།།


གྲུབ་ཆེན་ཨུ་རྒྱན་པ་རིན་ཆེན་དཔལ་མཆོག་ནས་སྔར་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་སྲོལ་གཏོད་པའི་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་མཐོང་བ་བརྒྱུད་པའི་ཕྱག་ལེན་དེ་བར་སྐབས་ཉམས་འགྲིབ་དབང་གིས་རྒྱུན་ཆད་པར་གྱུར་བས་དམ་པ་ཉིད་ནས་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ཞལ་གདམས་དངུལ་འབུམ་དང་སྙན་རྒྱུད་བེ་བུམ་སོགས་བརྩམས་བས་བསྟན་པ་སླར་གསོ་མཛད་དེ་རང་གི་ཐུགས་སྲས་ཀརྨ་པ་རང་བྱུང་རྡོ་རྗེ་ལ་ཆིག་བརྒྱུད་དུ་བསྩལ།    ཀརྨ་པ་རང་བྱུང་རྡོ་རྗེ་མཆོག་ནས་སྨན་སྣ་བརྒྱད་བརྒྱ་ལྷག་ཙམ་གྱི་རོ་ནུས་ངོས་འཛིན་སོགས་ཞིབ་ཕྲ་འཁོད་པའི་སྔོ་འབུམ་རྒྱས་པ་སྨན་མིང་རྒྱ་མཚོི་ཞེས་པ་ཕུལ་བྱུང་གི་སྨན་རྫས་རིག་པའི་བསྟན་བཅོས་ཤིག་མཛད་ཡོད།།


དུས་དེའི་ཚེ་བྲང་ཏིའི་གདུང་བརྒྱུད་ཟམ་མ་ཆད་པར་བྱུང་བ་རྣམས་ཀྱི་ཆིག་བརྒྱུད་ཟབ་མོ་ཐུན་མོང་མ་ཡིན་པ་རྣམས་རགས་ཙམ་གླེང་བར་བྱ་སྟེ། སྔར་ཆོས་རྒྱལ་མེས་ཨག་ཚོམས་ཀྱི་བླ་སྨན་པ་བྲང་ཏི་རྒྱལ་མཉེས་མཁར་ཕུག་གི་གདུང་རྒྱུད་ལས་བྱུང་བ་བྲང་ཏི་འཇམ་དཔལ་བཟང་པོ་ཞུ་བ་དེས་རང་གི་ཡབ་བྲང་ཏི་བསོད་ནམས་འབུམ་གྱི་དྲུང་ནས་བྲང་ཏིའི་ལུགས་ཀྱི་མན་ངག་ཕྱག་ལེན་དང་བཅས་པ་གསན་བཞེས་མཛད་པ་དང་གཡུ་ཐོག་པ་འཇམ་དཔལ་གྱི་དྲུང་ནས་རྒྱུད་བཞི་ཆ་ལག་བཅས་གསན་ནས་ཤེས་རབ་ཀྱི་མཐུ་སྟོབས་རྒྱས། སྐབས་དེར་ས་སྐྱ་བདག་ཉིད་ཆེན་པོ་བཟང་པོ་དཔལ་ཞུ་བ་དེས་ས་སྐྱར་གདན་དྲངས་ཏེ་བླ་སྨན་དུ་དབང་བསྐུར་བ་དང་གསོ་དཔྱད་གཞུང་ལུགས་འཆད་ཉན་གྱི་སྲོལ་གཏོད་དེ་བྲང་ཏིའི་བརྒྱུད་པ་གཙོ་བོ་ས་སྐྱར་དར་འཕེལ་དང་བསྟི་གནས་སུ་གྱུར་བས་ས་སྐྱ་སྨན་གྲོང་ཞེས་མཚན་གསོལ། བརྩམས་ཆོས་ལ་ཕྱི་རྒྱུད་སྡེ་ཚན་ལྔའི་ལག་ལེན་པོད་ཆུང་དང་བྱ་འདྲེའི་བཅོས་སོགས་གཞུང་གདམས་དང་བཅས་རང་གི་སྲས་གཉིས་པོར་བསྩལ།    

        

ལྷག་པར་དུ་སྲས་ཆུང་བ་བྲང་ཏི་དཔལ་ལྡན་འཚོ་བྱེད་ཉིད་མཁྱེན་རྒྱ་ཤིན་ཏུ་ཆེ་བས་འགྲོ་མགོན་ཆོས་རྒྱལ་འཕགས་པའི་བླ་སྨན་མཛད་པ་དང་གསུང་རྩོམ་ཡང་ཡན་ལག་བརྒྱད་པའི་ཁོག་འབུགས། རྒྱུད་དོན་རབ་གསལ། མ་ལ་ཡའི་དཀའ་འགྲེལ།    སྨན་སྦྱོར་དཔེ་རིས་སོགས་བསྟན་བཅོས་ཆེ་ཆུང་བཅོ་བརྒྱད་ཙམ་མཛད། ཁོང་ཉིད་ཀྱི་ཚ་བོ་བྲང་ཏི་དཔལ་ལྡན་རྒྱལ་མཚན་མཆོག་ནས་ཡབ་མེས་ཀྱི་མྱོང་གྲུབ་ལས་ཐོབ་པའི་དཀར་པོ་དྲུག་སྦྱོར་སོགས་ཕྱོགས་གཅིག་ཏུ་བསྡེབས་ཏེ་མན་ངག་གསེར་བྲེ་དང་དངུལ་བྲེ་སོགས་མཛད། བྲང་ཏི་དཔལ་ལྡན་རྒྱལ་མཚན་ལས་བྲང་ཏི་ཀུན་དགའ་བཟང་པོ།    སྟག་ལ་དགའ། རྡོ་རྗེ་དཔལ་བཟང་། བྲང་ཏི་དཔལ་འབྱོར་དོན་གྲུབ་བཅས་རིམ་པར་བརྒྱུད་པ་ལས་ས་སྐྱ་སྨན་གྲོང་དུ་བྲང་ཏི་ཡབ་སྲས་ཀྱི་སྨན་དཔྱད་སྲོལ་ལུགས་དར་ཞིང་རྒྱས་པར་བྱུང་ངོ་།།


ཕག་གྲུའི་སྐབས་ཀྱི་གསོ་རིག་འཕེལ་རྒྱས་དང་ལོ་རྒྱུས་ནི་དུས་སྐབས་དེར་གྲུབ་ཆེན་ཐང་སྟོང་རྒྱལ་པོ་ཞུ་བ་རྣམ་དཀར་དགེ་བའི་འཕྲིན་ལས་ཀྱི་མཛད་པས་དུས་འདས་ཤིང་ལྷག་པར་དུ་ལྷ་ལྡན་ལྕགས་པོ་རིའི་ལྷ་ཁང་གི་ཐོག་མའི་བཟོ་བསྐྲུན་གྱི་རྨང་གཞི་བཏིང་ནས་སྨན་རྒྱལ་རི་ཞེས་མཚན་གསོལ་བ་དང་།     འདུ་བ་སྤྱི་སྙོམས་ཀྱི་གཉེན་པོར་གྲུབ་ཐོབ་རིལ་དཀར་དང་གཉན་རིམས་ཕལ་མོ་ཆེར་བསྔགས་པའི་སྨན་རིལ་དམར་ཞེས་སྦྱོར་བ་ཁག་གཉིས་གསར་བཟོ་མཛད་དོ།།


དེ་བཞིན་བོ་དོང་པཎྜི་ཏ་ཆེན་པོ་འཇིགས་མེད་གྲགས་པ་ཞུ་བ་དེས་མཛད་པའི་སྨན་དཔྱད་གཞུང་ལུགས་ལའང་འབྱུང་བཞིའི་འགྲེལ་པ་དང་བྱིས་པའི་ནད་རིགས་བཅོས་ཐབས་སོགས་མཛད་ཡོད། །


སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་མཆོག་གི་བརྩམས་ཆོས་ལ་མཁས་པའི་ཡིད་འཕྲོག་དང་།  རེག་པས་ནད་སེལ།   དོན་གྱི་བཞིན་རས་སྟོན་པའི་མེ་ལོང་། རིག་གནས་ཀུན་ཤེས་སོགས་མཛད་ཅིང་མདོར་ན་བསྟན་པ་ཕྱི་དར་དབུ་ཚུགས་པ་ནས་བཟུང་བྱང་ཟུར་རྣམ་གཉིས་བར་ཡོངས་སུ་གྲགས་པ་ནི་པཎྜི་ཏ་ལྟར་མཁས་པ་གཅིག  ནམ་མཁའ་ལྟར་ཁྱབ་པ་གཅིག ཉི་ཟླ་ལྟར་གྲགས་པ་གཉིས། མངའ་བདག་གི་སྨན་པ་གནང་རིགས་རྗེས་སྦྱངས་དགུ། སྤྲུལ་པའི་འགྲོ་དོན་མཛད་པ་བཅུ། སྦྱངས་སྟོབས་ཡོན་ཏན་གྱི་ཆེ་བ་དྲུག སྦྱངས་སྟོབས་ལས་འཕྲོ་སད་པ་དགུ། དཔྱད་མགོ་སོ་སོར་ཐོན་པ་བཅུ། གྲགས་པ་གློ་བུར་དུ་ཐོན་པ་དྲུག གྲགས་པ་ཧོར་གྱིས་བཏོན་པ་ལྔ། དཔྱད་ལ་ནང་བྱན་ཆུད་པ་གཉིས།  རྒྱལ་པོ་ལྟར་གྲགས་པ་གཅིག སྲོག་ཤིང་ལྟ་བུ་དགུ།  ནང་བྱེད་ཀུན་ཏུ་གྲགས་པ་ལྔ་བཅུ་རྩ་བརྒྱད་བཅས་བྱུང་བར་གྲགས་ཤིང་བསྟན་བཅོས་ཁ་ཐོར་དུ་མ་ཡོད་པར་བཤད་དོ། །

    

དུས་རབས་བཅོ་ལྔ་ཙམ་ནས་བོད་ལུགས་གསོ་རིག་གི་ཤིང་རྟའི་སྲོལ་འབྱེད་རྣམ་གཉིས་ཀྱི་བྱུང་བ་བརྗོད་པར་ཐོག་མར་ལུགས་གཉིས་ཀྱི་ངོ་བོ་རགས་ཙམ་གླེང་བར་བྱ་སྟེ་བྱང་ཟུར་གཉིས་ཀྱི་ལུགས་ནི་རྗེ་བཙུན་གཡུ་ཐོག་གསར་རྙིང་ཞི་བར་གཤེགས་རྗེས་ཕྱིས་འབྱུང་གི་གསོ་རིག་སློབ་བརྒྱུད་རྣམས་ཀྱི་གཞུང་གདམས་མན་ངག་མི་འདྲ་བ་གཉིས་བྱུང་བ་ལ་སྲོལ་ལུགས་ཆེན་པོ་གཉིས་ཞེས་ཟེར།          གཞན་ཡང་སྲོལ་ལུགས་དེ་གཉིས་ཀས་བོད་ལུགས་གསོ་རིག་གཞུང་ལུགས་ཀྱི་རྩ་བ་དཔལ་ལྡན་རྒྱུད་བཞི་ཉིད་ཀྱི་དགོངས་དོན་གཙོ་བོར་བཟུང་བའི་ཐོག་བོད་ལྷོ་བྱང་གི་ས་བབས་མཐོ་དམན་དང་། གནམ་གཤིས་དྲོ་གྲང་། བཞའ་ཚན་ཆེ་ཆུང་། ཡུལ་སོ་སོའི་འཚོ་བའི་ཆ་རྐྱེན་དང་གོམས་གཤིས་བཅས་ལ་ཞིབ་འཇུག་གིས་སྨན་བཅོས་དང་སྨན་རྫས་སྡེབ་སྦྱོར། སྨན་ངོ་ངོས་འཛིན་སོགས་ལུགས་སོ་སོའི་ཐུན་མོང་མ་ཡིན་པའི་གཞུང་གདམས་ཕྱོགས་བསྒྲིགས་དང་དར་སྤེལ་གནང་བ་དེས་བོད་ལུགས་གསོ་རིག་གི་རིག་པའི་གཞུང་ལུགས་དང་ལག་ལེན་གང་ཐད་ནས་ཕུན་སུམ་ཇེ་ཚོགས་སུ་སོང་བ་དང་ཕྱོགས་གཞན་ཞིག་ནས་ལུགས་གཉིས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྣམས་མངོན་པར་བྱས་ཡོད། །


༡༽ བྱང་ལུགས་སམ་སྟོད་ལུགས་ནི་ཆོས་རྒྱལ་རྣམ་རྒྱལ་གྲགས་བཟང་ཞུ་བ་དེས་བོ་དོང་ཕྱོགས་ལས་རྣམ་རྒྱལ་དང་པཎ་ཆེན་ནགས་ཀྱི་རིན་ཆེན་སོགས་ཀྱི་དྲུང་ནས་མདོ་སྔགས་ཀྱིས་མཚོན་པའི་རིག་གནས་ཐམས་ཅད་ལ་སྦྱངས་པ་དཔྱིས་ཕྱིན་མཛད་པ་དང་ལྷག་པར་གསོ་རིག་ལ་སྦྱངས་པ་ཕུལ་དུ་ཕྱིན་སྟབས་ཡན་ལག་བརྒྱད་པ་ཐམས་ཅད་ཀྱི་སྙིང་པོ་བསྡུས་པ་ཡིད་བཞིན་ནོར་བུ་རིན་པོ་ཆེ། རྒྱུད་དོན་གསལ་བྱེད་སྒྲོན་མེ། བདུད་རྩིའི་ཆུ་རྒྱུན། ཌིག་ཆུང་དོན་གསལ། དགོས་འདོད་བྱུང་བ་སོགས་མང་དག་མཛད་དེ་འཆད་རྩོིད་རྩོམ་གསུམ་གྱི་སྒོ་ནས་བོད་སྟོད་བྱང་ཁུལ་གྱི་ས་བབས་དང་གནམ་གཤིས་སོགས་ལ་བསྟུན་ནས་གཞུང་འགྲེལ་བརྩམས་པ་དང་སྨན་སྦྱོར་གསར་བཟོ། སྨན་ངོ་ངོས་འཛིན་སོགས་ཀྱི་ཁྱད་ཆོས་རྣམས་དར་སྤེལ་བཏང་བ་ལ་བརྟེན་བྱང་ལུགས་སྲོལ་གཏོད་པ་པོའོ། །


བྱང་པ་རྣམ་རྒྱལ་གྲགས་བཟང་ལ་ཞལ་སློབ་མང་དུ་ཡོད་ཀྱང་དེ་དག་ནང་ནས་དད་བརྩོན་ཤེས་རབ་དང་ལྡན་པ་མིའི་ཉི་མ་མཐོང་བ་དོན་ལྡན་མཆོག་ནས་རང་གི་སློབ་དཔོན་གྱི་དྲུང་ནས་རིག་པའི་གནས་ཀུན་གྱི་ལུང་འགྲེལ་མན་ངག་དང་བཅས་གསན་པ་དང་གཞན་ཡང་རྒྱ་བོད་ཀྱི་མཁས་གྲུབ་དུ་མ་སློབ་དཔོན་དུ་བསྟེན་པས་བོད་གངས་ཅན་ལྗོངས་སུ་དར་རོ་ཅོག་གི་གསོ་དཔྱད་ལ་མཁྱེན་རབ་རྒྱས་པས་སྙན་གྲགས་ཀྱི་བ་དན་ཕྱོགས་བཅུར་གྲགས། དམ་པ་ཁོང་གི་བརྩམས་ཆོས་ལ་གསོ་དཔྱད་ཀྱི་རྒྱལ་པོ་ཞེས་པའི་བསྟན་བཅོས་དང་། བཤད་རྒྱུད་ལེའུ་བཞི་པའི་འགྲེལ་པ་གནས་ལུགས་རབ་གསལ། རྩ་མདོའི་འགྲེལ་པ་སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་། མ་ལ་ཡའི་དཀའ་འགྲེལ་འདོད་འཇོ་ཆེ་ཆུང་། རྒྱུད་བཞིའི་འགྲེལ་པ་བཀོད་པ་རྣམ་བཞི།    རྒྱུན་རྣམ་པ་བཞི།      ཁྱད་འཕགས་སྤྱི་སྨན། རིམས་བཅོས་མི་ལ་སྲོག་སྦྱིན། གཅེས་བསྡུས་རིན་ཆེན་ཕྲེང་བ་སོགས་མཛད་ནས་རྒྱལ་པོ་པཎྜི་ཏའི་བརྟུལ་བཞུགས་འཛིན་པ་བྱང་པ་རྣམ་རྒྱལ་གྲགས་བཟང་གི་བཞེས་སྲོལ་དར་རྒྱས་མཛད། །


མིའི་ཉི་མ་མཐོང་དོན་ལྡན་གྱི་སྲས་ལྷ་བཙུན་བཀྲིས་དཔལ་བཟང་ཞུ་བ་དེས་ཡབ་མེས་ཀྱི་དྲུང་ནས་རིག་གནས་སྤྱི་དང་གསོ་དཔྱད་ལུང་འགྲེལ་མན་ངག་བཅས་པ་གསན་ནས་སྤྱངས་པའི་རྩལ་རྫོགས་ཏེ་བཤད་རྒྱུད་ཀྱི་འགྲེལ་པ་གནས་ལུགས་རབ་གསལ། ཕྱི་རྒྱུད་ཀྱི་འགྲེལ་པ་དགོས་འདོད་འབྱུང་བ་རིན་པོ་ཆེའི་བང་མཛོད་དམ་བཀླག་པ་ཀུན་ཤེས།   རྒྱུད་བཞིའི་རྣམ་ངེས་དཔག་བསམ་ལྗོན་ཤིང་བཅས་མཛད་དོ། །དེའི་སྲས་དྲང་སྲོང་བསོད་ནམས་ཡེ་ཤེས་རྒྱལ་མཚན་ཞུ་བ་དེས་ཀྱང་ཡབ་ཀྱི་དྲུང་ནས་གསོ་རིག་གི་གདམས་ངག་སྙན་བརྒྱུད་སོགས་བུམ་པ་གང་བྱོའི་ཚུལ་དུ་བཞེས་ཤིང་ཕྱིས་སུ་རིན་སྤུངས་པའི་བླ་སྨན་དུ་གྱུར།  ལྷག་པར་དུ་བྱང་པ་ཡབ་སྲས་རིམ་བྱོན་གྱིས་དེ་སྔའི་སྔོ་འབུམ་ཁག་ལ་ཞིབ་དཔྱད་ཀྱིས་བྱང་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྣམས་ཟུར་བརྒྱན་གྱིས་སྨན་གྱི་འབྱུང་ཁུངས་དང་ངོ་བོ་ངོས་འཛིན།  བཟང་ངན་གྱི་དབྱེ་བ། བོང་དབྱིབས་ཁ་དོག་སོགས་ཀྱི་གནས་ལུགས་ཞིབ་རྒྱས་འཁོད་པའི་སྔོ་འབུམ་སྨན་གྱི་གཏེར་མཛོད་ཅེས་པ་མཛད་ཡོད། །


དེ་བཞིན་བྱང་པ་རྣམ་རྒྱལ་གྲགས་བཟང་གི་སློབ་མའི་གཙོ་བོར་གྱུར་པའི་བུ་ཆེན་གཅིག་ནི་གཉའ་པ་ཆོས་བཟང་གི་གདུང་རྒྱུད་ལས་འཁྲུངས་པའི་ལྷུན་སྡིངས་པ་ལེགས་གྲུབ་དཔལ་ཞུ་བ་ཞེས་བྱུང་བ་དང་། དེའི་སྲས་ཤེས་རབ་དཔལ་ལྡན། དེའི་སྲས་ལྷུན་སྡིངས་དགེ་མ།    དེའི་སྲས་བསྟན་པ་དར་རྒྱས།  དེའི་སྲས་བསོད་ནམས་ཆོས་འཕེལ། དེའི་སྲས་ལྷུན་སྡིངས་བདུད་རྩི་འགྱུར་མེད་ཞུ་བ་དེས་ཇོ་ནང་སྤྲུལ་སྐུ་ཀུན་དགའ་སྙིང་པོས་སྦྱིན་བདག་གིས་དཔལ་ལྡན་རྒྱུད་བཞི་པར་དུ་བརྐོས་པས་ཕྱིས་སུ་རྟག་བརྟན་པར་མ་ཞེས་གྲགས། དེའི་སྲས་ལྷུན་སྡིངས་རྣམ་རྒྱལ་རྡོ་རྗེ་ཞུ་བ་ནི་གཞུང་འགྲེལ་མན་ངག་དང་བཅས་པར་དབང་དུ་ཕྱུག་པ་ཞིག་བྱུང་ཞིང་རྒྱལ་མཆོག་ལྔ་པ་ཆེན་པོ་མཆོག་ནས་འབྲུ་ཕོགས་སོགས་སྩལ་ནས་བྱང་ཁོག་ཡུལ་ཐིག་དང་སྡོང་འགྲེམས་སོགས་ཆིག་བརྒྱུད་གདམས་པ་རྣམས་སྤེལ་རྒྱུར་དགོངས་གཞི་མཛད་ཅིང་ཕྱིས་སུ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་ནས་ཀྱང་མཁས་མཆོག་དེའི་ཞབས་ནས་རྒྱུད་ཀྱི་གཞུང་བཤད་དང་སྨན་ངོ་། ཡུལ་ཐིག རྩ་ཐིག སྡོང་འགྲེམས་སོགས་དོ་ཟླ་བྲལ་བར་གཟིགས་ནས་ཆིག་བརྒྱུད་ཀྱི་གདམས་པ་དུ་མ་གསན་ནོ། །


གཞན་ཡང་དུས་སྐབས་དེར་བྲང་ཏིའི་རྗེས་སུ་ཞུགས་ནས་མཁས་པའི་གོ་འཕང་བསྙེགས་པའི་གོང་སྨན་པ་དཀོན་ཅོག་བདེ་ལེགས་ཞུ་བ་དེས་གསོ་རིག་གི་གཞུང་ཕལ་མོ་གཟིགས་ཤིང་དཔྱད་ནས་ཁྲིགས་སུ་བསྡེབས་པར་མཛད་པ་སྟེ།  གསོ་རིག་དགོས་འདོད་ཀུན་འབྱུང་ངམ་བདུད་རྩིའི་ཐིགས་པ། དེ་བཞིན་མན་ངག་པོད་དམར་དང་པོད་ནག པོད་ཁྲ། ཕྱི་རྒྱུད་དཀའ་འགྲེལ་གནད་ཐམས་ཅད་གསལ་བའི་སྒྲོན་མེ།  བརྒྱུད་པའི་རྣམ་ཐར། སྨན་མིང་བརྡ་སྤྲོད། རྒྱུད་ཀྱི་དཀའ་འཕྲང་འགྲོལ་བའི་ཤོག་སེར་ཏེ་པོད་བདུན། གཞན་ཡང་རྒྱུད་ལ་མཆན་རྒྱས་པར་བཏབ་པའི་རྒྱུད་ཆེན་ཕྲ་མོ་བུམ་སེང་ལྡེང་དུ་གྲགས་པ་སོགས་མཛད།  སྐལ་ལྡན་གྱི་ཐུགས་སྲས་སུ་སྐུ་ཚ་གོང་སྨན་པ་དཀོན་མཆོག་ཕན་དར་ཞུ་བ་དེས་ཀྱང་དངུལ་ཆུ་གྲུབ་པའི་བསྟན་བཅོས་དང་གསོ་རིག་དགོས་འདོད་བྱུང་བ་ནོར་བུའི་ཕྲེང་བ།   ཉམས་ཡིག་བརྒྱ་རྩ། སྨན་ནག་ཆེན་མོའི་དཀར་ཆག་སོགས་བརྩམས་སོ། ། 

    

མཁས་དབང་དེར་སློབ་མ་བཀའ་བཞི་གདུང་བརྒྱད་དུ་གྲགས་པ་ཡོད་པའི་ནང་ནས་ཚ་རོང་ཆོས་རྗེ་དཔལ་ལྡན་རྒྱལ་མཚན་ཞུ་བ་དེས་སྙན་བརྒྱུད་བེ་བུམ་དང་དེའི་དབོན་པོ་ནམ་མཁའ་བདེ་ལེགས་ཞུ་བ་དེས་གཅོང་སྡེ་བཞིའི་ངོས་འཛིན་མཛུབ་ཚུགས་དང་དེའི་བཅོས་ཐབས་རྡོ་རྗེ་ཕ་ལམ་སོགས་མཛད། སྒང་པ་དཔལ་མགོན་ལྷུན་གྲུབ་ཀྱིས་ཀྱང་གསོ་རིག་སྤྱི་དོན་ལེགས་བཤད་ཕྲེང་བ་དང་དུས་བཞིའི་ངོས་འཛིན་འཁྲུལ་སྤོང་མཛད། ཕྱག་རྡོར་མགོན་པོས་གཅེས་བསྡུས་རིན་ཆེན་ཕྲེང་བ་དང་ཕྱི་རྒྱུད་ས་བཅད་སོགས་དང་འབྲོང་རྩེ་རིན་ཆེན་རྒྱ་མཚོ་མཆོག་ནས་འབྲོང་རྩེ་བེ་བུམ་ཞེས་པའང་མཛད། དེ་ལྟར་བྱང་པ་རྣམ་རྒྱལ་གྲགས་བཟང་གིས་མཚོན་མཁས་གྲུབ་རིམ་བྱོན་རྣམས་ཀྱིས་བོད་ལུགས་གསོ་རིག་དཔལ་ལྡན་རྒྱུད་བཞི་གཙོ་བོར་བཟུང་ནས་བྱང་ལུགས་ཀྱི་སྲོལ་གཏོད་ཅིང་དར་རྒྱས་མཛད།

    

༢༽       ཟུར་ལུགས་ཀྱི་སྲོལ་གཏོད་པ་པོ་ནི་ཟུར་མཁར་མཉམ་ཉིད་རྡོ་རྗེ་ཡིན་ཞིང་སྐུ་ན་ཕྲ་དུས་རང་གི་་ཡབ་དང་ཁྲུས་ཁང་ལོ་ཙཱ་བ།    སྨན་དོན་དབང་ཕྱུག་བཟང་པོ་སོགས་དམ་པ་དུ་མ་བསྟེན་ནས་རིག་གནས་སྤྱི་དང༌། ཁྱད་པར་གསོ་རིག་ལ་སྦྱངས་པའི་རྩལ་ཐོན་ཏེ་པོ་ཏི་རིང་བསྲེལ་ཙམ་གྱི་ནང་ནས་མན་ངག་བྱེ་བ་བྱུང་བས་བྱེ་བ་རིང་བསྲེལ་ཞེས་ཉམས་ཡིག་གི་བསྟན་བཅོས་ཆེན་པོ་ཞིག་དང༌། རྒྱུད་བཞིའི་འགྲེལ་ཆེན་པོད་ཤེལ་ཕྲ་མོ་སོགས་ཚད་ལྡན་གྱི་བསྟན་བཅོས་མང་པོ་མཛད། ལྷག་པར་སྐུ་ཉིད་ཀྱི་མཁྱེན་ཡོན་ལ་བརྟེན་ནས་དཔལ་ལྡན་རྒྱུད་བཞིར་དག་བཅོས་ཅིས་ཕྱིན་མཛད་དེ་ཕྱིས་སུ་དེར་ཟུར་མཁར་བའི་རྒྱུད་བཞི་རྣམ་དག་མའམ་སྒམ་ནང་མ་ཞེས་གྲགས།


དེ་བཞིན་ལྷོ་ཁ་དང༌། དྭགས་ཀོང་ས་ཁུལ་གྱི་གཉལ་ལོར་བྱར་གསུམ། ཨེ་ཉང་ཀོང་གསུམ་རྒྱུད་ཀྱི་སྨན་པ་རྣམས་འདུས་ཏེ་སྐུ་ཉིད་ཀྱིས་ལྗགས་རྩོམ་མཛད་པའི་རིན་ཆེན་འཁྲུངས་དཔེའམ་སྨན་ངོ་གསལ་བྱེད་དང༌། རོ་སྐོར་ལྕགས་ཀྱི་ཕྲེང་བ་སོགས་སྨན་རྫས་ཁག་རོ་ནུས་ཞུ་རྗེས་ངོ་བོ་ངེས་ཚིག་བྱེད་ལས་བཅས་ཀྱི་སྒོ་ནས་གཏན་ལ་འབེབས་པའི་བསྟན་བཅོས་རྣམས་འཆད་འཁྲིད་ཀྱིས་ལྷོ་རོང་གི་རྒྱུད་དུ་གསོ་རིག་གི་བསྟན་པ་རྒྱ་ཆེར་སྤེལ་ཞིང་དཔལ་ལྡན་ཟུར་ལུགས་ཀྱི་སྲོལ་གཏོད་དོ། །


དེ་ལྟ་བུའི་བདག་ཉིད་ཆེན་པོ་དེའི་སློབ་བརྒྱུད་ཀྱི་ནང་ནས་མཐར་ཕྱིན་གྱི་སློབ་མ་བཞི་ཞེས་པ་སྟེ། མན་ངག་མཐར་ཕྱིན་མི་འགྱུར་ཚེ་བརྟན་དང་། འཕྲིན་ལས་མཐར་ཕྱིན་ཕྲག་དབོན་བསོད་ནམས་བཀྲ་ཤིས། ལག་ལེན་མཐར་ཕྱིན་ཚེ་འབུམ་རྡོ་རྗེ། བཤད་པ་མཐར་ཕྱིན་ལི་ཆུང་པདྨ་སྐྱབས་བཅས་སོ།།  ལག་ལེན་མཐར་ཕྱིན་ཚེ་འབུམ་རྡོ་རྗེའི་སློབ་མ་སྐྱེམ་པ་ཚེ་དབང་ཞུ་བ་དེས་སྐྱེམ་པའི་བརྒྱུད་བཞིའི་འབྲུ་འགྲེལ་དང་སྨན་དཔྱད་ལག་ལེན་བརྒྱ་རྩ་བཅས་མཛད། དེ་བཞིན་ལོ་ཆེན་སྐ་བ་དཔལ་བརྩེགས་ཀྱི་གདུང་བརྒྱུད་ལས་འཁྲུངས་པའི་མཚོ་སྨད་མཁན་ཆེན་གྱིས་ཁོག་འབུགས་ལེགས་བཤད་དངུལ་དཀར་མེ་ལོང་དང་ལག་ལེན་དམར་ཁྲིད་དུ་བསྡེབས་པ་སྙིང་པོ་བསྡུས་པ་སོགས་མཛད་ལ་སློབ་བརྒྱུད་དུ་གླང་བུ་ཆོས་རྗེ་སོགས་མང་དུ་བྱུང་།  

    

ཀརྨ་པ་ཆོས་གྲགས་རྒྱ་མཚོའི་བླ་སྨན་པ་འཚོ་བྱེད་པདྨ་དཀར་པོའི་སྲས་བྱར་པོ་པཎ་ཆེན་གྱིས་ཡབ་མེས་ཀྱི་སྲོལ་ལུགས་དང་ལྷག་པར་སྐྱེམ་པ་ཚེ་དབང་གི་ཞབས་ལ་གཏུགས་ནས་ཟུར་མཁར་བའི་ལུགས་ལ་སྦྱངས་པ་མཛད་ནས་རྒྱུད་བཞིའི་འགྲེལ་པ་དང་བྱེ་བ་རིང་བསྲེལ་གྱི་དཀར་ཆག་སོགས་མཛད།

 
ལྷག་པར་ཟུར་མཁར་གོང་མའི་རིགས་སུ་འཁྲུངས་པའི་ཟུར་མཁར་བློ་གྲོས་རྒྱལ་པོས་སྐུ་ན་ཆུང་དུས་ནས་ཡབ་མེས་ཀྱི་རྒྱུན་ལས་གསོ་དཔྱད་གསན་ཞིང་ལྷག་པར་མཚོ་སྨད་མཁན་ཆེན་གྱི་སློབ་མ་གླང་བུ་ཆོས་རྗེ་དང༌། སྐྱོགས་ལོ་ཙཱ་བ།  གཞན་ཡང་ས་སྐྱ་སྨན་གྲོང་དུ་བྲང་ཏིའི་ཞལ་ངོ་། བི་བྱིའི་དབོན་པོ་སོགས་བྱང་པའི་སྐུ་མཆེད་བཅས་ཀྱི་ཞབས་ལ་གཏུགས་ནས་གསོ་དཔྱད་ཀྱི་གདམས་པ་ཡོངས་སུ་རྫོགས་པ་གསན་རྗེས་བྱེ་བ་རིང་བསྲེལ་གྱི་དཀར་ཆག་མཁས་པའི་ ཡིད་འཕྲོག་དང་།     སྨན་གྱི་རོ་ནུས་ཞུ་རྗེས་ཀྱི་རེའུ་མིག་སོགས་བསྟན་བཅོས་ཆེ་ཆུང་མང་པོ་མཛད། 

  

དེ་རྗེས་སྐུ་ཚེའི་སྨད་ཙམ་ལ་གཡུ་ཐོག་པ་ཉིད་ཀྱི་ཡིག་ཆ་དངོས་འཚོལ་བར་དགོངས་ནས་ཉང་སྨད་དུ་བྱོན་ཏེ་འཚོལ་ཞིབ་མཛད་པ་ན་གཡུ་ཐོག་གསར་མའི་རྒྱུད་བཞི་ཕྱག་དྲེག་མ་ཕྱག་སོན་བྱུང་རྗེས་ས་སྤྱོད་དབང་རྒྱལ་གྲགས་པས་མཐུན་རྐྱེན་སྦྱར་ནས་ལོ་བཞིའི་རིང་མཁྱེན་དཔྱོད་ཀྱི་རྩལ་ལ་བརྟེན་ནས་རྩ་བཤད་མེས་པོའི་ཞལ་ལུང་གཉིས་དང་། ཕྱི་རྒྱུད་རྩ་ཆུའི་མེས་པོའི་ཞལ་ལུང་བཅས་བསྟན་བཅོས་ཆེན་པོ་གསུམ་གསར་རྩོམ་མཛད།  དེ་ནས་ལྷོ་ཁ་གྲྭ་ཐང་དུ་ཕེབས་དུས་ཡར་རྒྱབ་པས་སྦྱིན་བདག་མཛད་པར་བརྟེན་རྒྱུད་བཞིའི་མ་ཟིན་ལ་ཞུས་ཆེན་དག་བཅོས་མཛད་དེ་གྲྭ་ཐང་རྒྱུད་བཞི་ཞེས་པ་དེ་དཔར་དུ་བརྐོས་གནང་བ་དེས་རྒྱུད་བཞི་འཆད་ཉན་དར་སྤེལ་འགྲོ་རྒྱུར་བསྐུལ་འདེད་ཀྱི་ནུས་པ་ཤུགས་ཆེན་བྱུང་ནས་གཞལ་བར་མི་ནུས་པའི་མཛད་རྗེས་རླབས་པོ་ཆེ་འཇོག་གནང་མཛད།


མཐར་རྒྱུད་བཞི་བཀའ་དང་བསྟན་བཅོས་རྣམ་པར་དབྱེ་བ་མུན་སེལ་སྒྲོན་མེ་མཛད་པ་དང༌། གསོ་རིག་ཆོས་འབྱུང་ཤེས་བྱ་སྤྱིའི་ཁོག་འབུགས་དྲང་སྲོང་ཀུན་ཏུ་དགའ་བའི་ཟློས་གར་རམ་གཏན་པ་མེད་པའི་ཆོས་སྦྱིན་ཞེས་པའི་མཇུག་མཛད་འཕྲོར་ལུས་ཏེ་དགོངས་པ་གཤེགས་སོ།།


གཞན་ཡང་ཟུར་ལུགས་ཀྱི་བརྒྱུད་འཛིན་པ་བྱར་པོ་པཎ་ཆེན་གྱི་སློབ་བརྒྱུད་ཡིན་པ་མང་ཐོས་ཟླ་བའི་དབང་པོ་དང་། རིན་སྡིངས་པ་བློ་གྲོས་བསྟན་པ་གཉིས་ཀྱི་ནང་ནས་ཕྱི་མས་རྒྱུད་ཀྱི་དཀའ་འགྲེལ་གསལ་བའི་མེ་ལོང་དང་། ཁོག་འབུགས་དྲང་སྲོང་དགོངས་རྒྱན་སོགས་མཛད། མཁས་དབང་དེའི་སློབ་མ་དྲང་སྲོང་བསྟན་འཛིན་རྒྱལ་པོ་ཞུ་བ་གསོ་རིག་ལ་མཁས་ཤིང་གྲུབ་པའི་བདག་ཉིད་ཆེན་པོར་གྱུར། རྗེ་ཉིད་ཀྱི་རིགས་སྲས་ཏེ་གཅེན་བྱང་ངོས་ནང་སོ་དར་རྒྱས་དང་གཅུང་གཞན་ཕན་དབང་པོ་གཉིས་དང་སློབ་མའི་ཐུ་བོ་གླིང་སྟོད་ཆོས་རྗེ་ཉི་ཐང་བློ་བཟང་རྒྱ་མཚོ་དང་རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས། ལྷག་པར་དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཞུ་བ་དེས་དྲང་སྲོང་བསྟན་འཛིན་རྒྱལ་པོ་དང་ཉི་ཐང་བློ་བཟང་རྒྱ་མཚོ་སོགས་སློབ་དཔོན་དུ་མ་བསྟེན་ཏེ་མཁྱེན་རབ་རྒྱས་པ་ན་རྒྱལ་མཆོག་ལྔ་པ་ཆེན་པོའི་བླ་སྨན་དུ་བསྐུར།

   

གཞན་ཡང་ཟུར་ལུགས་ཁོངས་སུ་གཏོགས་པ་ཀརྨ་པ་སྐུ་ཕྲེང་བརྒྱད་པ་མི་སྐྱོད་རྡོ་རྗེའི་སློབ་མ་ཞྭ་དམར་སྐུ་ཕྲེང་ལྔ་བ་དཀོན་མཆོག་ཡན་ལག་གིས་འབྱུང་བ་སོ་སོའི་རྟེན་སྟོབས་ཀྱི་མན་ངག་ཅེས་པ་དང་ཞྭ་དམར་བ་སྐུ་ཕྲེང་དྲུག་པ་གར་དབང་ཆོས་ཀྱི་དབང་ཕྱུག་གིས་འཆི་བ་མེད་པའི་བདུད་རྩི་དང་དེའི་སློབ་མ་མཁས་གྲུབ་ཀརྨ་ཆགས་མེད་ཀྱིས་རིན་ཆེན་བརྟག་ཐབས་འཁྲུལ་བྲལ་མེ་ལོང་ཞེས་མཛད། དེ་བཞིན་སློབ་བརྒྱུད་ལའང་དཔའ་བོ་གཙུག་ལག་ཕྲེང་བ། འབྲུག་པ་པད་མོ་དཀར་པོ། དེའི་སློབ་མ་སངས་རྒྱས་རྡོ་རྗེ། བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ། ཉི་ཐང་ཞབས་དྲུང་ངག་དབང་གཞོན་ནུ། ཀུན་མཁྱེན་འཇིགས་མེད་གླིང་པ་སོགས་མཁས་མཆོག་རིམ་བྱོན་རྣམས་ཀྱིས་གཞུང་བཤད་དང༌། ལག་ལེན་ཕུན་སུམ་ཚོགས་པའི་སྨན་གཞུང་མང་དག་བརྩམས་ཏེ་ཟུར་ལུགས་སམ་སྨད་ལུགས་ཀྱི་སྲོལ་རྒྱུན་དར་ཞིང་རྒྱས་པར་མཛད་པ་བཅས་མདོར་ན་བོད་ཀྱི་གདོད་མའི་རིགས་རྒྱུད་ནས་གཞུང་ས་དགའ་ལྡན་ཕོ་བྲང་དབུ་བརྙེས་མཚམས་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་ནང་བྱུང་བའི་འཚོ་བྱེད་མཁས་གྲུབ་རིམ་བྱོན་རྣམས་ཀྱིས་གསོ་རིག་བསྟན་པ་དང་འགྲོ་བ་ནད་པའི་ཆེད་དུ་བླ་ན་མེད་པའི་མཛད་རྗེས་རྣམས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་བྱུང་བ་བརྗོད་པ་རྫོགས་ཚིགས་སུ་བཅད་པའོ།།  །།



མཐའ་མའི་འདོན་ཐེངས་།: 22.08.2016 ཉིན། 3:18 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཟི་ན་ངག་དབང་ཚུལ་ཁྲིམས་དར་རྒྱས།

སུམ་པ་ཡེ་ཤེས་དཔལ་འབྱོར།

ཆུ་བཟང་བློ་བཟང་བསྟན་པའི་རྒྱལ་མཚན།

ཆུ་བཟང་སྐུ་ཕྲེང་དང་པོ་རྣམ་རྒྱལ་དཔལ་འབྱོར།

ཀོང་རོང་སྨན་བླ་དོན་གྲུབ།

དངུལ་ཆུ་གྲུབ་པའི་བསྟན་བཅོས།

སྨན་གྱི་བསྟན་བཅོས་སྨན་མིང་རྒྱ་མཚོ།

རྡོ་རྗེ་དབྱུག་པའི་བྱ་བ་བཞུགས།

སྨན་རྩིས་ཁང་གི་སྨན་དུ་བརྫུས་ནས་བསླུ་ཁྲིད་བྱེད།

སྡེ་དགེ་བསྟན་པ་ཚེ་རིང་།

རིག་འཛིན་ཆེན་པོ་ངག་དབང་འཇམ་དཔལ།

ཚེ་རིག་འཛིན་པ་ངག་དབང་སངས་རྒྱས་དཔལ་བཟང་།

ཆགས་པ་ཆོས་འཕེལ།

སྡེ་སྲིད་སངས་རྒྱས་རྒྱ་མཚོ།

རྣམ་གླིང་པཎ་ཆེན་དཀོན་ཅོག་ཆོས་གྲགས།