སྨན་རྩིས་དྲ་བ། - མདུན་ངོས།

སྨན་རྩིས་བཞུགས་མོལ་ལྷན་ཚོགས་ལེགས་གྲུབ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 28.03.2023
མདུན་ངོས། >>


སྨན་རྩིས་བཞུགས་མོལ་ལྷན་ཚོགས་ལེགས་གྲུབ།

ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༢༠ ནས་ ༢༢ ཉིན་གསུམ་རིང་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་འགྲོ་ཕན་སྨན་རྩིས་ཁང་གི་སྤྱི་ཁྱབ་འགན་འཛིན་སྐུ་ངོ་ཐུབ་བསྟན་ཚེ་རིང་མཆོག་དང་། སྨན་རྩིས་རིག་གཞུང་ལྷན་ཚོགས་འགན་འཛིན་རྒྱལ་བའི་བླ་ཞབས་པ་སྨན་པ་ཚེ་དབང་རྟ་མགྲིན་མཆོག་དབུ་བཞུགས་ཐོག  རྒྱལ་བའི་སྐུ་བཅར་སྨན་པ་གཞན་རྣམས་དང་། ཕྱོགས་མཐའི་ཡན་ལག་ཁག་ནས་ཆེད་མངགས་ཕེབས་པའི་འགན་འཛིན་སྨན་པ་ཁྱོན་ལྔ་བཅུ་ལྷག་དང་། དེ་བཞིན་དབུས་ཀྱི་རིག་གཞུང་སྡེ་ཚན་དང་ཚན་པ་ཁག་གི་འགན་འཛིན་དང་། འབྲེལ་ཡོད་འཛིན་སྐྱོང་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ་དང་། ཟུར་ཉན་ཚུལ་དུ་དབུས་ཀྱི་རིག་གཞུང་སྡེ་ཚན་ཁག་གི་སྨན་རྩིས་པ་རྣམས་ཚང་འཛོམས་ཐོག སྤྱིར་སྨན་རྩིས་བསྟན་པ་རྒྱས་ཐབས་དང་། ཡང་སྒོས་འགྲོ་ཕན་སྨན་རྩིས་ཁང་གི་སྒྲིག་འཛུགས་སྲ་བརྟན་ཡོང་ཐབས་སྐོར་བཞུགས་མོལ་ལྷན་ཚོགས་ཤིག་བསྐྱངས་ཡོད།

དེ་ཡང་ཉིན་དང་པོར་འགྲོ་ཕན་སྨན་རྩིས་ཁང་གི་འགན་འཛིན་མཆོག་གིས་འགྲོ་ཕན་སྨན་རྩིས་ཁང་གི་རྩ་འཛིན་སྒྲིག་གཞི་དང་། དེ་བཞིན་ལས་བྱེད་པའི་བླང་དོར་དང་ཐོབ་ཐང་སྒྲིག་གཞི། གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུལ་རྩིས་བཏང་འཛིན་བཅས་ཀྱི་སྒྲིག་གཞི་ཁག་གསུམ་གསར་བཟོ་ཞུས་པ་དེ་ཚོགས་ཐོག་སྒྲོགས་སྦྱང་གནང་བས་ཐོག  དོགས་འདྲི་དང་གོ་བསྡུར་སྦྱངས་བཤད་ཀྱང་གནང་ཡོད་ལ། ད་ལྟའི་བཙན་བྱོལ་སྤྱི་ཚོགས་ཁྲོད་དུ་སྨན་རྩིས་ཁང་གི་དཔལ་འབྱོར་གནས་སྟངས་སོགས་ཀྱི་ཐད་སྒྲོ་སྐུར་གྱི་གནས་ཚུལ་མང་དག་ཅིག་ཁྱབ་གདལ་ལ་གཞིགས་ཏེ་དངུལ་རྩིས་འགན་འཛིན་དོན་གྲུབ་དཔལ་ལྡན་མཆོག་གིས་འགྲོ་ཕན་སྨན་རྩིས་ཁང་གི་དངོས་ཡོད་དཔལ་འབྱོར་གནས་སྟངས་སྐོར་གསལ་བཤད་གནང་ཡོད།

ཉིན་གཉིས་པ་དང་གསུམ་པར་རིག་གཞུང་ལྷན་ཚོགས་ཀྱི་ཚོགས་གཙོ་རྒྱལ་བའི་བླ་ཞབས་པ་སྨན་རམས་པ་ཚེ་དབང་རྟ་མགྲིན་མཆོག་གིས་སྟངས་འཛིན་ཐོག་ཡན་ལག་སྨན་ཁང་ཁག་གི་ལས་བསྡོམས་ས་གནས་འགན་འཛིན་སོ་སོས་སྒྲོགས་སྦྱང་ཞུས་ཤིང་། དངོས་སུ་བཅར་མ་ཐུབ་པའི་སྨན་ཁང་ཁག་གི་ལས་བསྡོམས་ཕལ་ཆེ་བ་ཡན་ལག་སྡེ་ཚན་འགན་འཛིན་ངག་དབང་འཆི་མེད་ལགས་ནས་སྒྲོགས་སྦྱང་ཞུས་སོང་། ལྷག་པར་ལས་བསྡོམས་དེ་དག་ནང་སྨན་ཁང་སོ་སོའི་ལས་བྱེད་ཀྱི་ཁ་གྲངས་དང་། སྨན་ཁང་རང་བདག་ཡིན་མིན། ནད་གཞི་མང་བ་ལྔ། ས་གནས་གཞན་དུ་སྐོར་སྐྱོད་དང་མང་ཚོགས་སོགས་ལ་གཏམ་བཤད་ཅི་བྱས་སྐོར་སོགས་འཁོད་ཡོད། དེ་ནས་ཉིན་རྒྱབ་བཞུགས་སྒར་སྨན་རྩིས་མཐོ་སློབ་ཁང་གི་སློབ་སྤྱི་སྨན་པ་ངག་དབང་བཟོད་པ་ལགས་ནས་སྨན་རྩིས་མཐོ་སློབ་ཀྱི་གནས་སྟངས་སྤྱི་ཡོངས་དང་དམིགས་བསལ་རྒྱ་གར་གཞུང་གི་ངོས་འཛིན་ཐོབ་ཚུལ་དང་། སློབ་མ་གསར་བསྡུ་བྱེད་ཕྱོགས་སོགས་ཀྱི་སྐོར་གསལ་བཤད་རྒྱས་པར་གནང་། སློབ་སྤྱི་གཞོན་པ་སྨན་པ་རྣམ་གྲོལ་ལྷ་མོ་ལགས་ཀྱིས་རྒྱ་གར་སྲོལ་རྒྱུན་སྨན་གྱི་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་ཁག་གི་ངོ་སྤྲོད་གནང་བ་མ་ཟད་སྨན་པ་སྐབས་ ༡༧ པ་ནས་སྨན་པ་དཀའ་བཅུ་པའི་ལག་འཁྱེར་ལ་ངོས་འཛིན་གནང་མ་ཐུབ་པའི་འགག་རྩ་གང་ལ་ཐུག་པའི་ཁྲིམས་ཀྱི་གནད་དོན་དེ་སྤྱན་བསྟར་ཞུས་སོང་།

དེ་བཞིན་དབུས་ཀྱི་རིག་གཞུང་སྡེ་ཚན་ཏེ་སྐར་དཔྱད་རྩིས་རིག་སྡེ་ཚན་དང་། སྨན་སྦྱོར། སྔོ་སྦྱོར། སྨན་རྫས། ནད་བཅོས་ཉམས་ཞིབ། པར་སྐྲུན་སོགས་སྡེ་ཚན་དང་ཚན་པ་ཁག་གི་ལས་བསྡོམས་སྙན་སྒྲོན་ཞུས་པ་མ་ཟད། ཕྱོགས་ནས་བཅར་བའི་སྨན་པ་རྣམས་ཀྱིས་དོགས་འདྲི་དང་དགོངས་འཆར་སོགས་བགྲོ་གླེང་ལྷུག་པོ་བྱུང་ཡོད། ལྷག་པར་ནད་ཐོག་སྨན་བཅོས་ཐད་སྨན་པ་བགྲེས་པ་རྣམས་ཀྱིས་མན་ངག་དང་རྩུབ་དཔྱད་སྐབས་དོ་སྣང་དགོས་པ་སོགས་ཉམས་མྱོང་སྤེལ་རེས་གནང་ཡོད། དེ་ནས་འགྲོ་ཕན་སྨན་རྩིས་ཁང་གི་འགན་འཛིན་མཆོག་གིས་མཐའ་སྡོམ་དུ་འདས་པའི་ལོ་ངོ་གཅིག་ཙམ་རིམ་ཕྱག་ལས་ཇི་འདྲ་གནང་ཚུལ་དང་། ཚོགས་བཅར་བའི་དོགས་འདྲི། ལྷག་པར་སྨན་སྦྱིན་དང་ཆེད་ཆག་ཐོག་འགྲོ་གྲོན་དང་ནད་པར་སྨན་སྦྱིན་ཉིན་ཇི་ཙམ་སྤྲོད་དགོས་མིན་སྐོར། འགྲོ་ཕན་སྨན་རྩིས་ཁང་གི་སྨན་རིལ་ཚོང་སྒྱུར་སོགས་ཀྱི་སྐོར་གྲོས་མོལ་གནང་ཡོད།།







མཐའ་མའི་འདོན་ཐེངས་།: 31.03.2023 ཉིན། 11:58 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།