སྨན་རྩིས་དྲ་བ། - མདུན་ངོས།

སྨན་རྩིས་ཁང་འགན་འཛིན་མཆོག་གི་གསུང་བཤད།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.03.2023
མདུན་ངོས། >>



༄༅། །བཞུགས་སྒར་འགྲོ་ཕན་སྨན་རྩིས་ཁང་དབུ་བརྙེས་ཏེ་མི་ལོ་ ༦༢ ཧྲིལ་པོ་འཁོར་བའི་དུས་དྲན་

མཛད་སྒོའི་སྟེང་འགྲོ་ཕན་སྨན་རྩིས་ཁང་གི་སྤྱི་ཁྱབ་འགན་འཛིན་

སྐུ་ངོ་ཐུབ་བསྟན་ཚེ་རིང་མཆོག་གིས་

གནང་བའི་གསུང་བཤད།

 

༄༅། །གང་གིས་ཐུགས་བརྩེ་ཉེར་བཟུང་ནས།།

ལྟ་བ་ཐམས་ཅད་སྤངས་པའི་ཕྱིར།།

དམ་པའི་ཆོས་ནི་སྟོན་མཛད་པ།།

གཽ་ཏམ་དེ་ལ་ཕྱག་འཚལ་ལོ།།

འགྲོ་བ་ལྷ་དང་བཅས་པའི་སྐྱབས་མགོན་འཛམ་གླིང་ཞི་བདེའི་དེད་དཔོན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་བཏང་བའི་ཐོག  དེ་རིང་བོད་རྒྱལ་ལོ་༢༡༥༠ ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༢༣ ཉིན་འདི་ག་མཐོ་སློབ་ཚོགས་ཁང་དུ་བཙན་བྱོལ་ཁྲོད་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་འགྲོ་ཕན་སྨན་རྩིས་ཁང་གི་སྒྲིག་འཛུགས་སླར་གསོ་གསར་འཛུགས་མཛད་ནས་མི་ལོ་༦༢ དང་། ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་གིས་བོད་དུ་ལྷ་ལྡན་འགྲོ་ཕན་སྨན་རྩིས་ཁང་ཕྱག་བཏབ་ནས་མི་ལོ་༡༠༧ འཁོར་བའི་དུས་ཆེན་སྲུང་བརྩི་ཞུ་བའི་མཛད་སྒོའི་ཐོག་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པའི་སྐུ་མགྲོན་གཙོ་བོ་དཔལ་ལྡན་འཕྲོད་བསྟེན་དྲུང་ཆེ་སྐུ་ངོ་ཟླ་བ་ཚུལ་ཁྲིམས་མཆོག་དང་། དམིགས་བསལ་སྐུ་མགྲོན་དཔལ་ལྡན་སྐུ་སྒེར་དྲུང་ཆེ་སྐུ་ངོ་བློ་བཟང་སྦྱིན་པ་མཆོག  མངའ་སྡེ་ཨ་ཡུ་ཤི་ལྷན་ཁང་ཀངྒརཱ་རྫོང་གི་ངེས་སྟོན་པ་གཞོན་པ་ Mr. Anil Kumar Garg Ji ཕྱི་སྲིད་ལས་ཁུངས་ཀྱི་དམིགས་བསལ་སྐུ་ཚབ་ Mr. Deepak Padma Kumar Ji སྐུ་བཅར་སྨན་པ་རྣམ་པ། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམ་པ། བོད་ཀྱི་གསོ་བ་རིག་པ་ལྷན་ཚོགས་ཀྱི་ཚོགས་གཙོ། དྷ་ས་ས་གནས་འགོ་འཛིན། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་མཁན་རིན་པོ་ཆེ་དང་གནས་ཆུང་ཆོས་རྒྱལ་གྱི་སྐུ་ངོ་སྐུ་རྟེན་དབུས་པའི་དགོན་སྡེ་ཁག་དང་། ཚོགས་སྡེ་ཁག་གི་སྐུ་ཚབ། གསར་འགོད་པ་རྣམ་པ་བཅས་ལྷན་རྒྱས་ཚང་མ་ལ་ངས་སྨན་རྩིས་ཁང་གི་འགོ་ལས་ཡོངས་ཀྱི་ཚབ་ཞུས་ཏེ་བྱོན་པ་ལེགས་ཞེས་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན།

On behalf of MenTseeKhang staff and students, I would like to welcome our Indian dignitaries, Mr. Deepak Kumar Ji, Special Representative of MEA to His Holiness the Dalai Lama, Mr. Anil Kumar Garg Ji, the Deputy Director of Ayush Department, Kangra Zone,Mr. PP Singh Ji, the Additional Commissioner of Dharamsala Municipal Corporation and Mr. Ashish Raina, the Assistant Drug Controller and Licensing Authority, Kangra for gracing this occasion of our 62nd Founding anniversary. Dr. Vijay Chaudhry Ji, Dean of Faculty of Indian System of Medicine of Atal Medical and Research University couldn’t attend due to last minute emergency work. I am indeed very grateful to the dignitaries for sparing your precious time and busy schedule to attend this function.

I would also like to acknowledge all the kind supports that you and your esteemed offices have rendered to usfor all these years. Through your kind support we have achieved many successes, such as registration of our college and doctors, maintaining our campus clean, registration of our herbal products, and to swiftly conduct foreign tours. Moreover, your support has helped us further the commitments of His Holiness.It goes a long way in providing better traditionalmedicalassistance to around nine to ten lakh people every year.Therefore, I would like to express my sincere and heartfelt gratitude to all of you.

I would also like to mention and remember the kindness of Dr. Rakesh Sharma, Dr. Raghu Jaganath, andDr. Raghuram Bhatta of NCISM and Mr. Tashi Samdup Garja, of State Ayush Department for providing us needful guidance and kind support in registration of our colleges and doctors. May you all live long, healthy and happy!

Please let me continue my annual report or statement in Tibetan now.

ཀུན་གྱིས་མཁྱེན་གསལ་བཞིན། དེ་རིང་གི་ཉིན་མོ་ནི་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཡར་རྒྱས་གོང་འཕེལ་དོན་དུ་རླབས་ཆེན་མཛད་འཕྲིན་བསྐྱངས་ཡོད་པ་ནས་བོད་ཀྱི་གསོ་བ་རིག་པ་དང་། བོད་ཀྱི་སྐར་རྩིས་རིག་པ་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་ཐོག་ལ་མཛད་འཕྲིན་ཇི་ཙམ་བསྐྱངས་ཡོད་མེད་དྲན་གསོ་བྱས་ཤིང་། མི་རབས་གསར་པར་ངོ་སྤྲོད་དང་། ད་ཡོད་མི་རབས་རྣམས་ནས་བཀའ་དྲིན་རྗེས་སུ་དྲན་པ་དང་། སྤྱོད་འཇུག་ལས། འགྲོ་འདི་ལྡོངས་པར་མི་འགོད་ཅིང་། །བསྐལ་པ་གྲངས་མེད་བཞུགས་པར་གསོལ། །ཞེས་གསུངས་པ་བཞིན། དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་མགོན་པོ་གང་ཉིད་རང་ཅག་ཉམ་ཐག་རྣམས་ཀྱི་མགོན་དཔུང་དམ་པར་བསྐལ་བརྒྱ་བར་དུ་བཞུགས་སུ་གསོལ་ཞེས་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུའི་དུས་ཤིག་ཡིན།

ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་ཐུགས་བསྐྱེད་འོག་ཕྱི་ལོ་ ༡༩༡༦ ལོར་ལྷ་ལྡན་སྨན་རྩིས་འགྲོ་ཕན་གླིང་གསར་འཛུགས་བསྐྱངས་ཤིང་། བླ་སྨན་བྱམས་པ་ཐུབ་དབང་སྤྱི་ཁྱབ་དབུ་འཛིན་དང་།མཁས་དབང་མཁྱེན་རབ་ནོར་བུ་ལྕགས་རི་འགྲོ་ཕན་རིག་བྱེད་གླིང་དང་། སྨན་རྩིས་ཁང་གཉིས་ཀྱི་སྤྱི་འདོམས་གཅིག་ལྕོགས་སུ་བསྐོ་གཞག་བསྩལ་ཏེ་བོད་མདོ་དབུས་ཁམས་གསུམ་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཡུལ་གྲུ་ཁག་སོགས་ནས་ཡོང་བའི་སྐྱ་སེར་དབྱེར་མེད་ཀྱི་སྨན་རྩིས་པ་སྟོང་ཕྲག་བརྒལ་བ་གསོ་སྐྱོང་མཛད་པ་དང་། བོད་ཡུལ་སྟོད་སྨད་བར་གསུམ་གྱི་དགོན་སྡེ་ཁག་གི་སྨན་པ་གྲྭ་ཚང་དང་། རྫོང་གཞིས་ཁག་སོགས་ཇི་སྙེད་ཅིག་ལ་སྐབས་དུས་སོ་སོར་སྨན་ཁང་གསར་འཛུགས་དང་དར་རྒྱས་མཛད་ཡོད།

ཕྱི་ལོ་ ༡༩༥༩ ལོར་དུས་འགྱུར་མི་བཟད་པའི་དབང་གིས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་དབུས་བོད་མི་ཁྲི་ཕྲག་བརྒྱད་ཙམ་བཙན་བྱོལ་དུ་ཕེབས་དགོས་བྱུང་ཞིང་། ྋགོང་ས་མཆོག་གིས་ཕྱི་ལོ་ ༡༩༦༠ ལོར་དུས་འཁོར་བ་བློ་གྲོས་རྒྱ་མཚོ་དྷ་སར་བཀའ་འགུགས་ཀྱིས་རྩིས་དགེར་བསྐོ་གཞག་དང་། བྲག་གཡབ་པ་ཆེ་ཚང་ཧོ་ཐོག་ཐུ་བློ་ལྡན་ཤེས་རབ་དང་། འབྲས་བློ་གླིང་ཤག་འཁོར་མཁན་སྤྲུལ་ཡེ་ཤེས་དཔལ་ལྡན་སོགས་རྩིས་སློབ་ཏུ་ཆེད་བཅུག་གིས་ད་ལྟ་ Hyatt Hotel ཆགས་ཡུལ་གྱི་ཉེ་འགྲམ་དུ་ཡོད་པའི་ Glenmore ཞེས་པའི་དབྱིན་ཇིའི་སྐབས་ཀྱི་ཁང་རྙིང་ཞིག་ཡོད་པའི་ནང་སྐར་དཔྱད་རྩིས་རིག་གི་འཆད་ཉན་འགོ་འཛུགས་གནང་། 

དེ་ནས་ཕྱི་ལོ་ ༡༩༦༡ ལོར་ལྷ་ལྡན་སྨན་རྩིས་ཁང་ནས་ཐོན་པ་ྋསྐུའི་བླ་སྨན་ཡེ་ཤེས་དོན་ལྡན་ལགས་དྷ་སར་བཀའ་འགུགས་ཐོག་བོད་གཞུང་ཆོས་དོན་ལྷན་ཁང་གི་སྟངས་འཛིན་འོག་སྨན་དགེ་ཆེན་མོ་དང་། བརྟག་དཔྱད་སྨན་པ། སྨན་སྦྱིན་ཁང་གི་འགན་འཛིན་བཅས་ཀྱི་འགན་ཁུར་བཞེས་པ་དང་། རིམ་བཞིན་བླ་སྨན་པ་མཚོ་སྣ་འཇམ་དབྱངས་བཀྲིས་ལགས་དང་། སྐུ་ངོ་བར་གཞིས་ཕུན་ཚོགས་དབང་རྒྱལ་ལགས་ཀྱང་དྷ་སར་བཀའ་འགུགས་ཀྱིས། རྣམ་གྲྭ་བྱམས་པ་བསོད་ནམས་དང་། བཀྲིས་རྒྱལ་མཚན། ཡེ་ཤེས་བསོད་ནམས་སོགས་དགེ་འདུན་པ་བརྒྱད་སྨན་སློབ་ཏུ་ཆེད་བཅུག་གིས་ Chopra House ཞེས་པའི་ནང་གསོ་བ་རིག་པའི་འཆད་ཉན་འགོ་འཛུགས་གནང་བ་ནས་གསོ་རིག་བསྟན་པའི་མེ་རོ་སླར་གསོ་བསྐྱངས།

དེ་ལྟར་བོད་ཀྱི་གསོ་བ་རིག་པ་དང་བོད་ཀྱི་སྐར་དཔྱད་རྩིས་རིག་གཉིས་ཀྱི་བསྟན་པ་རྒྱ་གར་འཕགས་པའི་ཡུལ་དུ་སླར་གསོ་མཛད་དེ་བསྟན་པའི་རྨང་གཞི་ལེགས་པར་འདིང་ཞིང་། སྨན་སྦྱིན་ཁང་དང་རྩིས་ཁང་ཞེས་པའི་སྡེ་ཚན་གཉིས་ཀྱང་རིམ་བཞིན་སྒོ་འབྱེད་གནང་། དེ་ནས་ཕྱི་ལོ་ ༡༩༦༧ ལོར་རྩིས་ཁང་དང་བོད་ཀྱི་རིག་གཞུང་སྨན་སྦྱིན་སློབ་ཁང་གཉིས་ཟླ་སྒྲིལ་བཏང་སྟེ་མེག་ལོཌ་ཏུ་གནས་སྤོས་བྱས། སྒྲིག་འཛུགས་སམ་བསྟི་གནས་ཀྱི་མཚན་དུ་འགྲོ་ཕན་སྨན་རྩིས་ཁང་ཞེས་གསོལ་ཏེ་རང་སྐྱོང་སྡེ་ཚན་ངོ་བོར་གནས་པ་ཞིག་ཡིན་འདུག སྐབས་དེར་སྨན་རྒྱུའི་མ་དངུལ་ྋསྐུ་སྒེར་ནས་གསོལ་བསྩལ་གནང་བ་དང་། སྨན་དགེ་རྣམས་ཀྱིས་རྡོ་གཞོང་ཆུང་ངུ་ཞིག་གི་སྟེང་དུ་སྨན་རྒྱུ་རྡུར་སྣུར་གྱིས་ཉེར་མཁོའི་གསོལ་སྨན་སྦྱོར་སྡེབ་གནང་བ་དང་། སྨན་སྦྱིན་ཁང་དུ་ནད་པར་བརྟག་དཔྱད་གསོལ་སྨན་གནང་བ་དང་། ཞོར་དུ་སློབ་ཕྲུག་རྣམས་ལ་སློབ་འཁྲིད་གནང་བ་བཅས་སྐུ་ལས་ཚད་མེད་བསྐྱོན་ཡོད་པ་ཞིག་ཡིན་འདུག་ལ། སྨན་སྦྱིན་ཁང་དང་རྩིས་ཁང་གཉིས་དངོས་སུ་འགོ་འབྱེད་བྱུང་བ་ནས་བཟུང་ལོ་ཤས་རིང་དགེ་སློབ་རྣམས་ཀྱི་འཚོ་རྟེན་སྐྱོབ་གསོའི་སྐམ་ཕོགས་ཁོ་ནར་བརྟེན་པ་དང་། སྙིང་སྟོབས་ཆེན་པོས་སྨན་བཏོག་བསྐྱོད་པ་དང་། སྨན་བརྡུང་བ། རིལ་བུ་བསྒྲིལ་བ། ནད་པར་བརྟག་དཔྱད་གནང་བ། སྐོར་སྐྱོད་སྨན་བཅོས་སོགས་ཕེབས་ཏེ་སྤྱི་ཚོགས་ཞབས་ཞུ་རླབས་ཆེན་བསྒྲུབས་ཡོད་འདུག  དེ་བཞིན་དུས་འཁོར་བ་བློ་གྲོས་རྒྱ་མཚོས་ྋགོང་ས་མཆོག་གི་དགུང་ཀེག་ཀེག་རྩིས་ཀྱིས་གཙོས་ལོ་ཐོ་འདོན་སྤེལ་ཡང་གནང་འགོ་ཚུགས་ཡོད་པར་མངོན།

ཕྱི་ལོ་ ༡༩༦༨ ལོར་སྐབས་དང་པོའི་སྨན་སློབ་བྱམས་པ་བསོད་ནམས་དང་། ཡེ་ཤེས་བསོད་ནམས། བཀྲིས་རྒྱལ་མཚན་བཅས་སློབ་ཐོན་བྱུང་སྟེ་རང་རང་སོ་སོའི་ལས་སྣེར་ཞུགས་ཤིང་། སྐབས་དེར་སྐུ་སྒེར་ནས་བུན་གཡར་ཞུས་ཏེ་གངས་སྐྱིད་དུ་ས་ཁྱོན་ཨེ་ཀ་ལྔ་ཙམ་སྤུས་གཟིགས་ཐོག་ཨ་མ་རྗེ་བཙུན་པདྨ་ལགས་ཀྱི་བརྒྱུད་འཇར་མཎ་རོགས་ཚོགས་ཤིག་གི་མཐུན་རྐྱེན་ལ་བརྟེན་ནས་ད་ལྟའི་ལས་ཁུངས་ཚུགས་ཡུལ་གྱི་མཁར་ཁྱིམ་དེ་ཉིད་འཛུགས་སྐྲུན་གནང་ཐུབ་པ་བྱུང་འདུག་ལ། ཕྱི་ལོ་ ༡༩༧༥ ལོར་ནད་གསོ་ཁང་གངས་སྐྱིད་དུ་སྤོ་ཤུད་བྱས་པ་དང་། ལོ་དེར་སྐབས་གཉིས་པའི་སྨན་སློབ་རྣམས་ཀྱང་སློབ་ཐོན་བྱུང་བ་དང་། འབུམ་སྡེ་ལ་དང་། རྡོ་རྗེ་གླིང་། བལ་ཡུལ་ཀ་ཐ་མན་གྲུ་བཅས་ཀྱི་ཡན་ལག་སྨན་ཁང་ཡང་གསར་འཛུགས་རྒྱ་བསྐྱེད་ཐུབ་པ་བྱུང་འདུག

ཕྱི་ལོ་ ༡༩༨༠ ལོ་ནས་ལོ་ལྔའི་རིང་སྐུའི་གཅེན་པོ་བློ་བཟང་བསམ་གཏན་མཆོག་གིས་སྨན་རྩིས་ཁང་གི་དབུ་འཛིན་གནང་རིང་འཛིན་སྐྱོང་གི་ལས་དོན་མཐའ་དག་ལ་ཡར་རྒྱས་ཤུགས་ཆེར་བྱུང་བ་དང་། བོད་ནས་སྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་གདན་ཞུ་གནང་ངོར་རྒྱ་གར་དུ་ཆིབས་ཕེབས་གནང་ཐུབ་པ་བྱུང་བ་དང་། ཕྱི་ལོ་ ༡༩༨༡ ལོ་མཇུག་ཏུ་བླ་སྨན་བསྟན་འཛིན་རྣམ་རྒྱལ་ལགས་བོད་ནས་ཕེབས་འབྱོར་གྱིས་སྨན་སྦྱོར་ཁང་གི་འགན་འཛིན་ཡུན་རིང་གནང་སྟེ་སྨན་སྦྱོར་ཁང་གི་ལས་དོན་ཐོག་ཡར་རྒྱས་ཅིས་ཆེ་བཏང་ཡོད་འདུག  ཕྱི་ལོ་ ༡༩༨༢ ལོར་སྨན་རྩིས་ཁང་གི་བསྟི་གནས་ཡོངས་རྫོགས་གངས་སྐྱིད་དུ་གནས་སྤོས་བྱུང་ཞིང་། ལོ་དེར་ྋརྒྱལ་བའི་ཕོ་བྲང་དུ་ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་གིས་ཐུགས་འགན་གཙོ་བཞེས་ཀྱིས་རིན་ཆེན་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ཕྱག་ལེན་འགོ་འཛུགས་གནང་བ་སོགས་ཀྱིས་སྨན་སྦྱོར་གྱི་ཕྱག་ལེན་ཇེ་རྒྱས་སུ་ཕྱིན་འདུག  དེ་ནས་ཕྱི་ལོ་ ༡༩༨༤ ལོ་ནས་བཟུང་བླ་སྨན་བློ་བཟང་དབང་རྒྱལ་ལགས་དང་། བླ་སྨན་ཀུན་དགའ་འགྱུར་མེད་སོགས་བོད་ནས་ཕེབས་འབྱོར་བྱུང་སྟེ་གསོ་རིག་བསྟན་པ་ཇེ་རྒྱས་སུ་ཕྱིན་པ་དང་། རྩིས་རིག་སློབ་དཔོན་བྲག་མཐོན་བྱམས་པ་རྒྱལ་མཚན་ལགས་དང་། རྩིས་རམས་པ་རྒྱལ་ནང་བློ་བཟང་ནོར་བུ། རྩིས་རིག་མཁས་དབང་ཚེ་དབང་རྣམ་རྒྱལ་སོགས་ཀྱིས་རྩིས་རིག་བསྟན་པ་ཇེ་རྒྱས་བཏང་བའི་ཞབས་འདེགས་བསྒྲུབས་ཡོད་འདུག  དེ་ནས་རིམ་བཞིན་སྨན་རྩིས་མཐོ་སློབ་ནས་སློབ་ཐོན་བྱུང་བའི་སྨན་པ་དང་། སྐར་རྩིས་པ་རྒན་འབྲིང་གཞོན་གསུམ་གྱི་ལྷག་བསམ་སྙིང་སྟོབས་ལ་བརྟེན་ནས་ད་བར་བོད་ཀྱི་གསོ་བ་རིག་པ་དང་སྐར་དཔྱད་རྩིས་རིག་གི་སྲོག་ཤིང་མི་ཉམས་རྒྱུན་འཛིན་གནས་ཐུབ་པ་མ་ཟད། འགན་འཛིན་རིམ་བྱོན་གོང་མ་རྣམས་ཀྱི་དབུ་ཁྲིད་ལམ་སྟོན་དང་། ལྷག་བསམ་གཞུང་སེམས་ལྡན་པའི་འཛིན་སྐྱོང་ལས་བྱེད་རྣམས་ཀྱི་སྲི་ཞུ་འབད་བརྩོན་ལ་བརྟེན་ནས་འགྲོ་ཕན་སྨན་རྩིས་ཁང་གི་སྒྲིག་འཛུགས་ཀྱང་སྲ་བརྟན་དུ་གྱུར་ཏེ་སྤྱི་ཚོགས་ཞབས་ཞུ་སྒྲུབ་བཞིན་ཡོད།

ད་ལྟའི་ཆར་སྨན་རྩིས་ཁང་ལ་ཁྱོན་ལས་བྱེད་ ༦༤༡ ཡོད་ཅིང་། དེའི་ནང་ནས་ ༡༤༨ སྨན་པ་ཡིན་པ་དང་། ༣༡ སྐར་རྩིས་པ་ཡིན། རྒྱ་བལ་གཉིས་སུ་ཡན་ལག་སྨན་ཁང་ཁྱོན་ ༦༣ ཡོད་པ་རྣམས་ཀྱིས་ལོ་ལྟར་སྨན་སྦྱིན་ཆེད་ཧིན་སྒོར་ས་ཡ་ ༥༠ མིན་ཙམ་གཏོང་གི་ཡོད་ལ། ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༣༡ བར་དུ་ཧིན་སྒོར་༢,༨༠,༠༥,༥༩༠་༠༠འབབ་ཀྱི་སྨན་སྦྱིན་བཏང་འདུག  །དེ་བཞིན་ནད་པ་ཁྱོན་ ༥,༤༠,༥༧༠ ལ་བརྟག་དཔྱད་གཟིགས་སྐྱོང་གནང་ཐུབ་པ་བྱུང་ཡོད།  དེ་བཞིན་འདི་གའི་རིག་གཞུང་སྡེ་ཚན་ཁག་ནས་ལས་དོན་གལ་ཆེ་ཁག་གང་དང་གང་བསྒྲུབས་ཡོད་མེད་ཀྱི་སྙན་གསན་བུད་ཙམ་རེ་ཞུ་རྒྱུ་ལ།

༡།         རྒྱ་གར་སྲོལ་རྒྱུན་སྨན་གྱི་ལྷན་ཁང་ (Ayush Department) གི་ཁྲིམས་སྒྲིག་དགོངས་དོན་དྷ་ས་སྨན་རྩིས་མཐོ་སློབ་ཧི་མཱ་ཅཱལ་མངའ་སྡེའི་གཙུག་ལག་སློབ་གྲྭ་ཆེན་མོ་Atal Medical & Research University ཁྱབ་ཁོངས་སུ་ཚུད་པ་སོགས་ཡུལ་ཁྲིམས་གཞིར་བཟུང་དེབ་སྐྱེལ་ལས་དོན་ཟིན་ཏེ་སྨན་སློབ་སྐབས་ཉེར་ལྔ་པ་བསྡུས་ཡོད།

༢།         སྦེང་ལོར་མཐོ་སློབ་ཀྱང་ཀཱར་ཎ་ཀྲ་ཀ་མངའ་སྡེར་ཡོད་པའི་ Rajiv Gandhi University of Health Sciences ཁྱབ་ཁོངས་སུ་ཚུད་པ་སོགས་ཡུལ་ཁྲིམས་གཞིར་བཟུང་དེབ་སྐྱེལ་ལས་དོན་ཆ་ཚང་ཟིན་ཏེ་སྨན་སློབ་སྐབས་དང་པོ་བསྡུས་ཡོད།  

༣།         ཕྱི་ལོ་ ༢༠༡༨ ལོར་རྒྱ་གར་སྲོལ་རྒྱུན་སྨན་གྱི་ལྷན་ཁང་ནས་གསལ་བསྒྲགས་སྤེལ་བ་གཞིར་བཟུང་ཕྱི་ལོ་ ༢༠༡༧ བར་དུ་དྷ་ས་སྨན་རྩིས་མཐོ་སློབ་ནས་བསླབ་པ་མཐར་སོན་སྨན་པ་དཀའ་བཅུ་པ་དང་། སྨན་རམས་པ་ཆུང་བ་ལ་ངོས་འཛིན་དེབ་སྐྱེལ་གནང་རྒྱུའི་ཐག་གཅོད་བྱུང་ཡོད་པའི་དགོངས་དོན། ལོ་འདིར་ལས་ཐོག་སྨན་པ་ ༧༦ ལ་དབུས་ནས་དེབ་སྐྱེལ་ལག་འཁྱེར་ཐོབ་ཡོད་པ་དང་། དེཧ་རཱ་དུན་ཁུལ་གྱི་སྨན་པ་གསུམ་པ་དང་། འབུམ་ལ་སྨན་པ་བཞི་ས་གནས་ནས་དེབ་སྐྱེལ་གནང་ཐུབ་པ་བྱུང་ཡོད། 

༤།        དྷ་ས་སྨན་སྦྱོར་ཁང་དང་། ཅོན་ཏ་ར་ཡན་ལག་སྨན་སྦྱོར་ཁང་གཉིས་ནས་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་དང་བླ་མ་གོང་མའི་ཐུན་མོང་མ་ཡིན་པའི་ཕྱག་རྒྱུན་ལྟར་རིས་མེད་སྐྱེ་འགྲོ་ཡོངས་ཀྱི་འཕྲོད་བསྟེན་སྨན་བཅོས་སླད་གསོལ་སྨན་ ༡༨༧ དང་། རིན་ཆེན་རིལ་བུ་སྣ་ཁ་ ༨ ། ཐང་ཕྱེ་སོགས་སྡེབ་སྦྱོར་དང་བཟོ་སྐྲུན་ཐོག་དགའ་ལྡན་ཕོ་བྲང་ཆེད་མ་ཎི་རིལ་བུ་དང་བདུད་རྩི་ཆོས་སྨན་བཟོ་སྐྲུན་ཞུ་བཞིན་ཡོད་ལ། རྩིས་ལོ་འདིར་གུར་ཕྱོགས་ཁ་ཚར་ཞེས་པའི་མཆིན་ནད་དུག་ཐབས་ལ་ཕན་པའི་གསོལ་སྨན་ཞིག་གསར་བཟོ་བྱས་ཡོད།

༥།         སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་ནས་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་གཞི་རྩར་བཟུང་ནས་ལུས་སེམས་བདེ་ཐང་ཡོང་སླད་སླད་འཚོ་བཅུད་ཆེ་བའི་ཟས་སྨན་དང་། ལུས་ཁམས་སྙོམས་ཤིང་ནད་གཞི་སོ་སོར་ཕན་པའི་སྨན་ཇའི་རིགས། ལུས་ཀྱི་པགས་དྭངས་གསོ་བའི་བྱུག་པའི་རིགས། འཁྲུས་རྫས་རིགས་བཅས་ཐོན་དངོས་མི་འདྲ་བ་ཁག་ ༦༥ ཙམ་བཟོ་སྐྲུན་གནང་མུས་སུ་ཡོད་ལ། རིང་མིན་ཀོག་ཤི་དག་སེལ་གྱི་སྐྲ་བྱུགས་ལྡེ་ཁུ་ Shampoo ཞིག་འདོན་འཆར་ཡོད།

༦།         སྨན་རྫས་ཉམས་ཞིབ་སྡེ་ཚན་ནས་བོད་ཀྱི་གསོ་རིག་གཞུང་ནས་བསྟན་པའི་རིན་ཆེན་རིགས་དང་། སྔོ་སྨན་རྩི་སྨན་སོགས་ཀྱི་སྨན་རྫས་རྣམས་ལ་ཞིབ་འཇུག་བྱས་ཏེ་སྔོ་སྨན་ངོས་འཛིན་དང་། སྨན་རྒྱུ་གསར་འཚོལ། ས་གནས་འདྲ་མིན་གྱི་སྨན་རྫས་དཔེ་མཚོན་གསོག་ཉར། སྨན་རྫས་སྐོར་ལ་དཔེ་དེབ་རྩོམ་སྒྲིག་དང་ཕབ་སྒྱུར། སྨན་རྒྱུ་འདེབས་ལས། བོད་ཀྱི་སྨན་རྩིས་དང་འབྲེལ་བའི་ཐང་ག་དང་སྨན་རྩྭའི་དཔེ་རིས་འབྲི་བཞེངས། དཔེ་དེབ་དང་འགྲེམས་སྟོན་བརྒྱུད་དཔར་རིས་ཀྱི་ལམ་ནས་བོད་ཀྱི་གསོ་བ་རིག་པ་དང་། དེ་འབྲེལ་གྱི་ནང་དོན་ཁག་ངོ་སྤྲོད་བྱེད་བཞིན་ཡོད། ལོ་འདིར་སྔོ་སྨན་འདེབས་ལས་ཚན་པ་དང་ཟུང་སྦྲེལ་དཔལ་ལྡན་ནང་སྲིད་ལས་ཁུངས་སུ་གཞིས་ཆགས་ཁག་ཏུ་སྔོ་སྨན་འདེབས་ལས་ཀྱི་ལས་འཆར་ཐོག་ཕྱ་གྲུ་མཉམ་འདེགས་ཞུ་མུས་ཡིན།

༧།         ནད་བཅོས་ཉམས་ཞིབ་སྡེ་ཚན་ནས་ལྷག་པར་ནད་རིགས་ཁག་ལ་བོད་སྨན་གྱི་ཕན་ཁྱད་དང་། ཕྱི་ལུགས་ནས་བཅོས་དཀའ་བའི་ནད་རིགས་ལ་བོད་སྨན་གྱི་ཕན་ནུས་གང་འདྲ་ཐོན་མིན་ཞིབ་འཇུག་བྱས་ཏེ་མཐའ་མའི་གྲུབ་དོན་དེང་དུས་ཀྱི་ཚན་རིག་ཐོག་ནས་ར་སྤྲོད་བྱེད་བཞིན་ཡོད། རྩིས་ལོ་འདིར་མཆིན་ནད་དུག་ཐབས་ Hep B དང་གཅིན་སྙི་ཟ་ཁུ་Diabetes Type (II) གཉིས་ཀྱི་ཉམས་ཞིབ་ཟིན་པ་དང་། ཕོ་སྨུག་གཉན་ཅན་ Gastritis གྱི་སྙན་ཐོ་བཟོས་ཏེ་ཚན་རིག་དུས་དེབ་ཅིག་ནང་འདོན་སྤེལ་ཆེད་དུ་ཕུལ་ཡོད། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་རོགས་རམ་ཐོག་ H. Pylori གཉན་ནད་ཐོག་ཉམས་ཞིབ་ཟིན་ནས་སྙན་ཐོ་གྲ་སྒྲིག་བྱེད་མུས་ཡིན་པ་དང་།རྒྱལ་སྤྱིའི་ནད་རིགས་དབྱེ་སྲོལ་ལྟར་ Clinical/Hospital Management Software System for MTK Branch Clinics/DHIS2 ཞེས་པའི་མཉེན་ཆས་ཐོག་ཕྱག་ལས་གནང་མུས་ཡིན། དེ་བཞིན་བི་ལཱས་པུར་རྒྱ་གར་རྒྱལ་ཡོངས་ཚན་རིག་སློབ་གཉེར་ཁང་ (AIIMS Bilaspur) དང་ཟུང་འབྲེལ་ཐོག་བྱེར་འགྲམས་རང་བཞིན་གྱི་འབྲས་ནད་(Traditional Tibetan Medicine in metastatic solid organ cancer- A Retrospective study) ཐོག་ཉམས་ཞིབ་ཀྱི་ལས་གཞི་འགྲོ་མུས་ཡིན།

༨།         པར་སྐྲུན་དང་ཕབ་སྒྱུར་སྡེ་ཚན་གྱིས་སྔོན་བྱོན་མཁས་དབང་རྣམས་ཀྱིས་བརྩམས་པའི་བོད་ཀྱི་སྨན་རྩིས་རིག་པའི་གཞུང་ལུགས་ཕྱོགས་སྒྲིག་དང་། འཚོལ་ཞིབ་བདག་ཉར། ཕབ་སྒྱུར། པར་སྐྲུན། དཔེ་རྒྱུན་དཀོན་རིགས་ཀྱི་སྨན་རྩིས་གཞུང་དང་། ཉམས་ཡིག་རིགས་འཚོལ་སྒྲུབ། མྱུར་སྐྱོབ། ཞིབ་འཇུག  གློག་རྡུལ་དྲ་ལམ་དང་དུས་དེབ་སོགས་པར་སྐྲུན་གྱིས་ཕྱི་ནང་མི་རིགས་དོན་གཉེར་ཅན་ལ་ངོ་སྤྲོད་བྱེད་བཞིན་ཡོད། ལོ་འདིར་ྋསྐུ་བཅར་སྨན་པ་འཇིགས་མེད་དགེ་འདུན་ལགས་ཀྱིས་བརྩམས་པའི་བོད་ཀྱི་གསོ་རིག་འཇམ་དཔྱད་རིག་པའི་རྣམ་བཤད་དང་ལག་ལེན་བཻཌྰུརྱའི་འོད་སྣང་ཞེས་པ་པར་སྐྲུན་བྱས་ཡོད་ལ། སྨན་རམས་པ་ངག་དབང་སྦྱིན་པ་ལགས་ནས་བསྟན་འགྱུར་གསོ་རིག་གི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་གནས་གསུམ་པའི་ལེའུ་བདུན་པ་ནས་གནས་བཞི་པ་ལེའུ་ཉེར་གཅིག་བར་ཞུ་དག་ཟིན་ཡོད།

༩།         སྐར་དཔྱད་རྩིས་རིག་དང་རྒྱ་བསྐྱེད་སྡེ་ཚན་གཉིས་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ལོ་རེའི་དགུང་ཀེག་ཀེག་རྩིས་བཞེངས་རྒྱུས་མཚོན་དགའ་ལྡན་ཕོ་བྲང་གི་ཞུ་སྒོ་ཁག་དུས་ཐོག་སྨིན་སྒྲུབ་ཐོག་ྋསྐུ་བཅར་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་ཆོས་ཕྱོགས་དང་འབྲེལ་བའི་ཚེས་ཆ་དང་། དབུས་བོད་མིའི་སྒྲིག་འཛུགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས། བོད་ཁྱིམ་སློབ་གྲྭ་དགོན་སྡེ་གྲྭ་ཚང་བཅས་ཀྱི་རྩིས་འབྲས་དང་འབྲེལ་བའི་ཞུ་སྒོ་ཁག་སྐབས་འཕྲལ་སྒྲུབ་འབུལ་ཞུ་བཞིན་པ་མ་ཟད། ལོ་ཐོ་རྒྱས་འབྲིང་བསྡུས་གསུམ་དང་སྲུང་འཁོར་བཟོ་འདོན་གནང་རྒྱུ་དང་། ཕྱི་ནང་མི་མང་ཆེད་དུ་ཚེ་རྩིས་དང་། བག་རྩིས། གཤིན་རྩིས། ནད་རྩིས་སོགས་བསྐོར་རྒྱུ། སྐོར་བསྐྱོད་དང་རྒྱ་བསྐྱེད་སྡེ་ཚན་ནས་བོད་རྩིས་རིག་པ་ཁྱབ་སྤེལ་དང་། ངག་ཐོག་རྩིས་འབྲས་ལམ་ནད་བཅོས་རྩིས་རིག་ (Medical Astrology)གི་ནད་པར་ཞབས་ཞུ་བསྒྲུབ་རྒྱུ་སོགས་གནང་གི་ཡོད། ད་བར་རྩིས་ལོ་འདིར་ཚེ་རྩིས་རྒྱས་འབྲིང་བསྡུས་གསུམ་འདོན་འབུལ་བྱས་པ་ ༥༦༠ དང་། ངག་ཐོག་རྩིས་འབྲས་ཞུས་པ་ ༣༢༧ བྱུང་འདུག 

མདོ་དོན་འགྲོ་ཕན་སྨན་རྩིས་ཁང་གི་དབུས་སའི་སྨན་རྩིས་ལས་བྱེད་ཐམས་ཅད་ཀྱིས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཐུགས་བསྐྱེད་བཀའ་དགོངས་གཞིར་བཟུང་སྤྱིར་བོད་ཀྱི་ཆོས་དང་རིག་གཞུང་དང་། ཡང་སྒོས་བོད་ཀྱི་གསོ་བ་རིག་པ་དང་། སྐར་དཔྱད་རྩིས་རིག་གི་བསྟན་པ་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཐོག་ལ་འབད་འབུངས་གང་ཡོང་ཞུ་བཞིན་ཡོད་པ་དང་། འབྲེལ་ཡོད་ལས་བྱེད་ཆེ་ཕྲ་ཆུང་གསུམ་གྱི་མཉམ་རུབ་ལ་བརྟེན་ནས་ན་ནིང་ཁས་ལེན་བྱས་པའི་ལས་དོན་གང་ཙམ་བསྒྲུབས་ཐུབ་པ་བྱུང་ཡོད་ཅེས་སྙན་གསན་ཞུ་རྒྱུ་དང་འབྲེལ། ལས་བྱེད་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་པ་མ་ཟད། ལོ་འདིར་འགྲོ་ཕན་སྨན་རྩིས་ཁང་ལ་དམིགས་བསལ་དཔལ་འབྱོར་ཐོག་ནས་མཐུན་འགྱུར་གནང་མཁན་ཨ་རིའི་གཞུང་གི་རོགས་ཚོགས་དང་། བོད་ཀྱི་ཐེབས་རྩ། (USAID and Tibet Fund)འཇར་མཱན་བོད་མིའི་རོགས་ཚོགས་(German Aids to Tibet)གཙོས་པའི་སྤྱི་སྒེར་སྦྱིན་བདག་རྣམ་པ་དང་། དེ་བཞིན་རྒྱལ་ས་ཁག་ཏུ་ཡན་ལག་སྨན་ཁང་འཛུགས་གཉེར་གནང་རྒྱུའི་མཐུན་འགྱུར་རྒྱབ་སྐྱོར་གནང་བཞིན་པའི་རྒྱ་གར་སྦྱིན་བདག་བཅས་རྣམ་པ་ལྷན་རྒྱས་ཡོངས་ལ་གོ་སྐབས་འདིའི་བརྒྱུད་ནས་འགོ་ལས་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ལན་གྲངས་དུ་མར་ཞུ་རྒྱུ་ཡིན། ཨ་རིའི་གཞུང་གི་རོགས་ཚོགས་དང་བོད་ཀྱི་ཐེབས་རྩའི་རོགས་རམ་ལ་བརྟེན་ནས་བུ་བཅོལ་ཁང་བཟོ་བཅོས་དང་། སྨན་སྦྱོར་ཁང་དུ་འཕྲུལ་ཆས་གཉིས་གསར་ཉོ། དེ་བཞིན་སྨན་རྩ་འདེབས་ལས་ཀྱི་ལས་དོན་རྒྱ་བསྐྱེད་གཏོང་ཐུབ་པ་བྱུང་ཡོད་ཅིང་། སྦེང་ལོར་མཐོ་སློབ་ཀྱི་གཞུང་ལམ་དེ་འཇར་མཱན་བོད་མིའི་རོགས་ཚོགས་ཀྱི་མཐུན་རྐྱེན་ལ་བརྟེན་ནས་གསར་བཟོ་ཐུབ་པ་བྱུང་ཡོད།

མཐའ་དོན། བསླབ་པ་མཐར་སོན་དང་རྒྱུད་གསུམ་ངག་རྒྱུགས་འབུལ་ཞུ་མཁན་གྱི་ཕྱག་འཁྱེར་བཞེས་མཁན་སྐབས་ཉི་ཤུ་པའི་སྨན་པ་རྣམས་དང་། ཞབས་ལོ་ཉི་ཤུ་དང་སུམ་ཅུ་ལོན་པའི་གཟེངས་རྟགས་ཕྱག་འཁྱེར་བཞེས་མཁན་ལས་བྱེད་བཅས་རྣམ་པ་ཡོངས་ལ་ལེགས་སོའི་འཚམས་འདྲི་ཞུ་རྒྱུ་ཡིན། ལོ་འདིར་ཆོད་གན་ལས་བྱེད་ཀྱི་དུས་ཡུན་ཕར་འགྱངས་མི་ཐུབ་པ་དང་། སྨན་སློབ་སྐབས་ཉི་ཤུ་དང་རྩིས་སློབ་སྐབས་བཅུ་གཅིག་ནས་བཟུང་ལས་ཀའི་ས་མིག་ཐོན་ནས་འདེམས་རྒྱུགས་ལམ་ནས་མ་གཏོགས་ལས་བྱེད་དུ་འཇུག་བཞེས་མི་ཐུབ་པའི་གསལ་བསྒྲགས་སྤེལ་དགོས་བྱུང་བ་རྣམས་སྐབས་བབ་མི་རྒྱུ་གཉིས་ཀྱི་གནས་སྟངས་དབང་གིས་ཡིན། ལྷག་པར་སྨན་སློབ་དང་རྩིས་སློབ་བསྡུ་ཕྱོག་ཐོག་སྔོན་ཚུད་ནས་གནས་སྟངས་དང་དགོས་མཁོ་ལ་གཞིགས་ནས་གནང་འོས་གནང་དགོས་ཤིག་ཏུ་གྱུར་ནའང་དེ་ལྟར་བྱུང་མི་འདུག  འོན་ཀྱང་འགན་འཛིན་ལྷན་ཚོགས་ཀྱི་དགོངས་གཞི་དང་ལམ་སྟོན་ཡོད་པ་གཞིར་བཟུང་། ལས་ཀའི་གོ་སྐབས་ཐབས་འཚོལ་བྱ་རྒྱུ་དང་། རང་རང་སོ་སོ་ནས་སྨན་ཁང་འཛུགས་གཉེར་གནང་འདོད་ཡོད་པ་རྣམས་ལ་གསོལ་སྨན་ཉོ་ཚོང་གི་མཐུན་འགྱུར་སྤྲོད་རྒྱུ་བཅས་ཀྱི་ཐོག་ལ་འབད་བརྩོན་ཞུ་ཆོག  དེ་རིང་གསལ་བསྒྲགས་ཞུ་རྒྱུ་ཞིག་ནི་སྐབས་ཉི་ཤུའི་སྨན་པ་ཁྲོད་ནས་སྒེར་གྱི་སྨན་ཁང་བཟུང་མཁན་ཡོད་ཚེ་འགྲོ་ཕན་སྨན་རྩིས་ཁང་ནས་སྨན་དང་། རིན་ཆེན་རིལ་བུ། དེ་བཞིན་ཐོན་དངོས་བཅས་ཀྱི་ཐོག་ལ་ Classified rate ནས་བརྒྱ་ཆ་ཉི་ཤུ་ཙམ་གྱི་ཆག་ཡག་ཐོག་ཉོ་ཚོང་ཆོག་རྒྱུ། འོན་ཀྱང་འགྲོ་ལུགས་ལྟར་དགོས་ངེས་ཀྱི་གན་རྒྱ་འཇོག་རྒྱུ་དང་མང་མཐའི་ཚད་གཞི་བཟོ་རྒྱུ་རིགས་བྱེད་པའི་ཐོག་ནས་ཉོ་ཚོང་བྱ་རྒྱུ། ད་ལྟའི་ཆར་སྨན་པ་བཞི་ཀཱ་ཛཱགྶ་ཐཱན་དུ་བསྐྱོད་རྒྱུའི་གོ་སྐབས་ཐོབ་ངེས་ཡིན་པ་དང་འདྲ་མཚུངས་ཕྱི་ནང་སྡེ་ཚོགས་གཞན་ནས་སྨན་པའི་དགོས་མཁོ་ཞུ་བསྐུལ་བྱུང་ཚེ་གོ་སྐབས་སྤྲོད་རྒྱུ་ཡིན།

            ད་ལྟའི་དུས་འདིར་ལས་བྱེད་ཆེ་ཕྲ་ཆུང་གསུམ་ནས་མཉམ་རུབ་གང་ལེགས་གནང་དགོས་པའི་དུས་ཤིག་ཏུ་གྱུར་བ་ནི་ཁ་གསལ་བཟོས་ཡོད། ད་བར་ངོས་ཀྱིས་དུས་ཡུན་ལོ་གཅིག་རིང་འཛིན་སྐྱོང་གི་བྱེད་སྒོ་ཁག་ལ་འགྱུར་བཅོས་ཆེ་འབྲིང་ཆུང་བཏང་སྐབས་ཚང་མས་བརྩི་སྲུང་མཉམ་རུབ་གང་ལེགས་གནང་གི་འདུག་ལ། དམིགས་བསལ་མཐོ་སློབ་གཉིས་དང་སྨན་པ་དེབ་སྐྱེལ་དང་། དབུས་སུ་ཁང་ཁུངས་རིགས་ཅུང་ཟད་བཟོ་བཅོས། ས་གནས་ཁག་ཏུ་འགྲོ་གྲོན་སྲི་ཚགས་དང་ནད་པ་འགྲོ་འོང་བདེ་བ་སོགས་ལ་དམིགས་ནས་ཡན་ལག་སྨན་ཁང་གི་རྟེན་གཞི་སྤོས་པ་སྦེང་ལོར་ཀོ་ར་མངྒལཱ་དང་། ཤིས་ལོང་གཉིས་བྱུང་བ་དང་། སྤོ་འཆར་ཡོད་པ་སྒང་ཏོག་དང་། ཅཱནྡི་གྷར། མུམ་བྷེ་མ་ལཱཌ་ཡོད་པས། འབྲེལ་ཡོད་སྨན་པ་དང་ལས་བྱེད་བཅས་ཚང་མས་ཐུགས་འགན་གང་ལེགས་བཞེས་ཀྱི་འདུག་པས། རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞུ་བ་དང་འབྲེལ། མུ་མཐུད་ཚང་མས་མཉམ་རུབ་གནང་རོགས་གནང་ཞེས་འབོད་བསྐུལ་ཡང་ཞུ་རྒྱུ་ཡིན།

            ལོ་འདིར་སྒྲུབ་དགོས་པའི་ལས་དོན་གལ་ཆེ་བ་ཁག་གཉིས་ཙམ་ཡོད་པ་ནི། ང་ཚོ་སྨན་རྩིས་ཁང་གི་ལས་བྱེད་ལས་ཟུར་རྣམས་ནས་རྗེས་ལོར་ྋརྒྱལ་དབང་ཐམས་ཅད་མཁྱེན་པར་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དང་། དཔལ་ལྡན་དགའ་ལྡན་ཕོ་བྲང་ནས་ལམ་སྟོན་དང་ས་ཆ་གསོལ་བསྩལ་བྱུང་ཚེ་གནས་མཆོག་རྡོ་རྗེ་གདན་དུ་ཏཱ་ལའི་བླ་མ་གནའ་བོའི་བོད་དང་རྒྱ་གར་རིག་གཞུང་གི་བསྟི་གནས་ཁོངས་སུ་སྨན་རྩིས་ཁང་གི་ཡན་ལག་གམ་བསྟི་གནས་ཤིག་འཛུགས་སྐྲུན་བྱ་རྒྱུ་དེ་གཉིས་ཡིན། ངོས་ནས་དེ་དག་ཙམ་དུ་སྨན་རྩིས་ཁང་གི་སྒྲིག་འཛུགས་སྲ་བརྟན་ཡོང་ཐབས་ཐོག་འཛིན་སྐྱོང་དང་རིག་གཞུང་བྱེད་སྒོ་ཁག་ལ་གང་ཡོང་འབད་འབུངས་ཆོག་པ་ཞུ། མཐའ་དོན། ཡོངས་ཀྱི་དགེ་བའི་བཤེས་གཉེན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པ་དང་། བོད་ཀྱི་བདེན་མཐའ་མྱུར་དུ་སེལ་ཏེ་གཞིས་བྱེས་མཉམ་འཛོམས་མགྱོགས་ནས་མྱུར་དུ་ཡོང་བའི་སྨན་འདུན་དང་བཅས། འགྲོ་ཕན་སྨན་རྩིས་ཁང་གི་སྤྱི་ཁྱབ་འགན་འཛིན་ནས་ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༢༣ ལ།། །།

འདིར་ནོན། འགྲོ་ཕན་སྨན་རྩིས་ཁང་གི་འགན་འཛིན་མཆོག་གིས་མཛད་སྒོའི་སྟེང་གནང་བའི་གསུང་བཤད་དེ་གསན།







མཐའ་མའི་འདོན་ཐེངས་།: 28.03.2023 ཉིན། 11:30 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།