སྨན་རྩིས་དྲ་བ། - མདུན་ངོས།

ལྷོ་ཨ་རིར་སྨན་རྩིས་སྐོར་སྐྱོད་ལེགས་གྲུབ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 09.06.2023
མདུན་ངོས། >>


ལྷོ་ཨ་རིར་སྨན་རྩིས་སྐོར་སྐྱོད་ལེགས་གྲུབ།

ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༢༡ ནས་ཟླ་ ༥ ཚེས་ ༢༩ བར་ཁྱོན་ཉིན་གྲངས་སོ་དགུའི་རིང་འགྲོ་ཕན་སྨན་རྩིས་ཁང་གི་སྨན་པ་ལྷུན་གྲུབ་རྡོ་རྗེ་ལགས་དང་། སྐར་རྩིས་པ་ངག་དབང་རྡོ་རྗེ་ལགས་གཉིས་ཀྱིས་ལྷོ་ཨ་རི་ Brazil རྒྱལ་ཁབ་ཀྱི་ས་གནས་ཁག་ལྔ་ཙམ་ལ་སྨན་རྩིས་སྐོར་སྐྱོད་ལས་གཞི་སྤེལ་གནང་ཡོད། དེ་ཡང་ས་གནས་སོ་སོར་གོ་སྒྲིག་གནང་མཁན་གྱི་ཚོགས་པ་ཁག་དང་མི་སྣ་བྱེ་བྲག་པ་རྣམས་ཀྱིས་མཐུན་འགྱུར་གང་ལེགས་གནང་བར་བརྟེན་སྨན་རྩིས་སྐོར་སྐྱོད་ལས་གཞི་ཚགས་ཚུད་བྱུང་ཡོད།

དེ་ཡང་ས་གནས་ཁག་ལྔ་དང་གོ་སྒྲིག་གནང་མཁན་ཚོགས་པ་དང་འབྲེལ་ཡོད་མི་སྣ་རྣམས་ནི། ཐོག་མར་ས་གནས་ Cabreuva རུ་ས་སྐྱ་ཆོས་སྒར་གྱི་བླ་མ་རིན་ཆེན་ལགས་དང་། དེ་ནས་གྲོང་ཁྱེར་ Rio De Janeiro ཡི་ཞི་བ་ལྷ་བོད་བརྒྱུད་ནང་བསྟན་སློབ་གཉེར་ལྟེ་གནས་ཀྱི་བཙུན་མ་རྣམ་གྲོལ་ལགས། དེ་ནས་རྔ་ཡབ་གླིང་ནས་སྐུ་ཞབས་ Mr. Denise ལགས། གྲོང་ཁྱེར་ Vitoria ནས་སྐུ་ཞབས་ Mr. Domingo Martins ལགས་དང་བཙུན་མ་ཀུན་བཟང་ལགས།  མཐར་གྲོང་ཁྱེར་ Sao Paulo དུ་བོད་ཁང་ནས་སྐུ་ཚབ་དོན་གཅོད་སྐུ་ངོ་འཇིགས་མེད་ཚེ་རིང་ལགས་ནས་སྨན་རྩིས་སྐོར་སྐྱོད་འདི་ལ་མཐུན་འགྱུར་གནང་ཡོད། ས་གནས་དེ་དག་ཏུ་སྨན་པས་ཁྱོན་ནད་པ་ ༡༢༠ ལ་བརྟག་དཔྱད་སྨན་བཅོས་དང་། སྐར་རྩིས་པས་དོན་གཉེར་ཅན་གྱི་མི་སྣ་ ༡༠༥ ལ་ངག་ཐོག་རྩིས་འབྲས་འདོན་གནང་ཡོད་པ་མ་ཟད་འགྲོ་ཕན་སྨན་རྩིས་ཁང་གི་གསོ་རིག་ཐོན་དངོས་ཁག་ཚོང་སྒྱུར་ཡང་ཞུས་ཡོད། ལྷག་པར་བོད་ཀྱི་གསོ་བ་རིག་པའི་སྒོ་ནས་གང་ཟག་སོ་སོའི་རང་བཞིན་བདུན་གྱི་ངོ་སྤྲོད་དང་། གཉེན་པོ་བཞིའི་སྒོ་ནས་གསོ་བའི་ཐབས་ལམ། ཉེས་པ་རླུང་མཁྲིས་བད་ཀན་གསུམ་གྱི་ངོས་འཛིན་དང་བཅོས་ཐབས་སོགས་དང་། དེ་བཞིན་སྐར་དཔྱད་རྩིས་རིག་ཐོག་ནས་བོད་ཀྱི་སྐར་རྩིས་རིག་པའི་ངོ་སྤྲོད་དང་། བག་རྩིས་སོགས་ཀྱི་སྐོར་ལ་གཏམ་བཤད་དང་ཟབ་སྦྱོང་གནང་སྐབས་ཚོགས་བཅར་བ་ ༣༥༠ ལྷག་ཙམ་ནས་དོ་སྣང་ཆེན་པོས་མཉམ་ཞུགས་གནང་ཡོད།

ད་ཐེངས་སྨན་རྩིས་སྐོར་སྐྱོད་འདི་ལ་མཐུན་འགྱུར་གནང་མཁན་གོང་གི་གོ་སྒྲིག་པ་ཡོངས་ལ་འགྲོ་ཕན་སྨན་རྩིས་ཁང་ནས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས། འབྱུང་འགྱུར་ཡང་སྨན་རྩིས་སྐོར་སྐྱོད་འདི་ལྟ་བུར་མུ་མཐུད་ནས་མཐུན་འགྱུར་གནང་བའི་རེ་བ་དང་ཡིད་ཆེས་ཞུ་བཞིན་ཡོད། ལྷག་པར་ད་རེས་སྐོར་སྐྱོད་འདི་ལ་སྨན་རྩིས་པ་མི་སྣ་གཉིས་ལས་མེད་སྟབས་ལྷོ་ཨ་རིའི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་མཆོག་ནས་ངོ་སོ་ཆེ་ཉམས་རྩ་ནས་མེད་པར་གཞན་དང་འབྲེལ་མཐུད་རོགས་རམ་དང་། གསོ་རིག་ཅ་དངོས་འཁྱེར་རྒྱུ། སྨན་སྤྲོད་བྱེད་པ། གསོ་རིག་ཐོན་དངོས་ཚོང་སྒྱུར་སོགས་ལ་ཐོག་མཐའ་བར་གསུམ་དུ་སྐུ་ངལ་འཛེམ་མེད་ཀྱིས་ཕྱག་རོགས་གནང་བར་འགྲོ་ཕན་སྨན་རྩིས་ཁང་ནས་སྐུ་ངོ་མཆོག་ལ་ཡི་རང་བསྔགས་བརྗོད་དང་སྦྲགས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།










མཐའ་མའི་འདོན་ཐེངས་།: 09.06.2023 ཉིན། 3:07 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།