སྨན་རྩིས་དྲ་བ། - མདུན་ངོས།

ཡུ་རོབ་རྒྱལ་ཁབ་བཞི་རུ་སྨན་རྩིས་སྐོར་སྐྱོད་ལེགས་གྲུབ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 14.08.2023
མདུན་ངོས། >>


ཡུ་རོབ་རྒྱལ་ཁབ་བཞི་རུ་སྨན་རྩིས་སྐོར་སྐྱོད་ལེགས་གྲུབ།

ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༢༤ ནས་ཟླ་ ༦ ཚེས་ ༢༧ བར་ཉིན་གྲངས་སོ་ལྔའི་རིང་འགྲོ་ཕན་སྨན་རྩིས་ཁང་གི་སྨན་རམས་པ་པ་སངས་དོན་གྲུབ་ལགས་དང་། སྐར་རྩིས་པ་བསྟན་འཛིན་བློ་ལྡན་ལགས། སྣེ་ཁྲིད་པ་བསམ་མཁར་བསོད་ནམས་སྟོབས་རྒྱལ་ལགས་བཅས་མི་སྣ་གསུམ་ཡུ་རོབ་རྒྱལ་ཁབ་བཞིའི་ནང་གི་གྲོང་ཁྱེར་བརྒྱད་དུ་སྨན་རྩིས་སྐོར་སྐྱོད་ལ་ཕེབས་ཡོད།

དེ་ཡང་ཕྱི་ཚེས་ ༢༤ དགོང་མོ་འཇར་མ་ནི་གྲོང་ཁྱེར་ Frankfurt དུ་འབྱོར་བའི་སྐབས་དེ་གའི་བོད་ཁང་གི་རིག་གཞུང་འགན་འཛིན་ཐོས་བསམ་རིན་པོ་ཆེ་མཆོག་གིས་སྣེ་ལེན་ཞུས་ཤིང་བོད་ཁང་དུ་ཉིན་གསུམ་རིང་ནད་པར་བརྟག་དཔྱད་སྨན་བཅོས་དང་། ངག་ཐོག་རྩིས་འབྲས་ཞུས་པ་མ་ཟད། བོད་སྨན་དང་བོད་རྩིས་རིག་པའི་སྐོར་ངོ་སྤྲོད་གཏམ་བཤད་དང་དོན་གཉེར་ཅན་ལ་སྨན་རྩིས་རིག་པའི་ཟབ་སྦྱོང་སྤྲད། དེ་དང་ལྷན་དུ་འགྲོ་ཕན་སྨན་རྩིས་ཁང་གི་གསོ་རིག་ཐོན་དངོས་ཚོང་སྒྱུར་ཡང་ཞུས་ཡོད།  དེ་བཞིན་དུ་གྲོང་ཁྱེར་ Freiburg དུ་གོ་སྒྲིག་པ་སྐུ་ཞབས་ Wilfred Pepper ལགས་ཀྱི་བཞུགས་གནས་ Tibet Kailash Haus སུ་ཉིན་དྲུག་བཞུགས།

དེ་ནས་སུད་སི་གྲོང་ཁྱེར་ Bern, Zurich, Olten and Rapperswill བཞི་རུ་ཉིན་གྲངས་བདུན་རིང་ནད་པར་བརྟག་དཔྱད་སྨན་བཅོས་སོགས་ཞུས་སྐབས་ས་གནས་ཀྱི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཀརྨ་ཆོས་སྐྱིད་ལགས་དང་། སྐོར་སྐྱོད་པ་བསོད་སྟོབས་ལགས་ཀྱི་སྤུན་མཆེད་ཚེ་དབང་འགྱུར་མེད་ལགས་དང་ནང་མི། ར་པས་ཝིལ་ས་གནས་མཐུས་མི་དབྱངས་ཅན་ལགས། དེ་བཞིན་སྨན་རྩིས་ཁང་གི་ལས་བྱེད་ཟུར་པ་བློ་ཚེ་ལགས་དང་། སྨན་པ་འཇམ་དབྱངས་བཀྲིས་ལགས་བཅས་ཀྱིས་ཕྱག་རོགས་གནང་ཡོད།

དེ་ནས་ France རྒྱལ་ས་ Paris དུ་ཉིན་ལྔའི་རིང་ Le Petit Tibet, Peace Tibet House དུ་སྨན་རྩིས་ལས་གཞི་སྤེལ་སྐབས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཀརྨ་འཕྲིན་ལས་ལགས་དང་། ཚོགས་གཞོན་ལགས། ཟ་ཁང་གཉིས་ཀྱི་སྦྱིན་བདག་རྣམས་དང་། སྨན་རྩིས་ཁང་གི་ལས་ཟུར་བཀྲིས་ཟླ་བ་ལགས། ནོར་བུ་ལགས། ཨ་ཅག་བདེ་སྐྱིད་ལགས། སྨན་རྩིས་ཁང་གི་ལས་ཟུར་ཕུན་ཚོགས་རིག་འཛིན་ལགས་བཅས་ནས་ཕྱག་རོགས་དང་མཐུན་རྐྱེན་སྦྱར་གནང་ཡོད།

མཐར་ Spain གྲོང་ཁྱེར་ Barcelona ནང་དུ་འབྱོར་སྐབས་ས་གནས་ཀྱི་བོད་ཁང་འགན་འཛིན་དང་ཡུ་རོབ་སྤྱི་འཐུས་སྐུ་གཞོགས་ཐུབ་བསྟན་དབང་ཆེན་ལགས་དང་ཁོང་གི་ལས་རོགས་ཤིག་གིས་སྣེ་ལེན་ཞུས། དེ་གའི་བོད་ཁང་ Casa Del Tibet ལས་ཁུངས་སུ་ཉིན་ལྔའི་རིང་སྨན་པ་བསྟེན་གཏུག་དང་ངག་ཐོག་རྩིས་འབྲས་ཞུས། མ་ཟད་ཕྱི་ལུགས་གྲུམ་བུའི་སྨན་པ་ཁག་གཅིག་ལ་གྲུམ་བུའི་སྨན་བཅོས་སྐོར་གཏམ་བཤད་གནང་། དེར་སྐུ་གཞོགས་དབང་ཆེན་ལགས་དང་། བོད་ཁང་ལས་འཆར་འགན་འཛིན་ཨ་ཅག་རིན་འཛིན་སྒྲོལ་མ་ལགས་ཀྱིས་མཐུན་རྐྱེན་མཐའ་དག་མཁོ་སྒྲུབ་གནང་ཡོད།

དུས་ཡུན་དེའི་རིང་ས་གནས་དེ་དག་ཏུ་ཁྱོན་ནད་པ་ ༢༩༤ ལ་བརྟག་དཔྱད་སྨན་བཅོས་དང་། དོན་གཉེར་ཅན་མི་སྣ་ ༦༣ ལ་ངག་ཐོག་རྩིས་འབྲས་ཞུས་པ་མ་ཟད། ས་གནས་ཁག་ཏུ་འགྲོ་ཕན་སྨན་རྩིས་ཁང་གི་ཕྱིར་ཚོང་ཅ་དངོས་ཚོང་སྒྱུར་ཡང་ཞུས་ཡོད། ལྷག་པར་བོད་ཀྱི་སྨན་རྩིས་རིག་པའི་སྐོར་གཏམ་བཤད་བྱས་པའི་བརྗོད་གཞི་ཁག་ནི། སྨན་རྩིས་རིག་པའི་ངོ་སྤྲོད་སྐོར་དང་། བོད་ཀྱི་སྨན་རྩིས་རིག་པ་གཉིས་ཀྱི་འབྲེལ་བའི་སྐོར། བོད་རྩིས་རིག་པའི་ཐོག་ནས་མི་ཚེ་དོན་དང་ལྡན་པ་སྐྱེལ་ཐབས། བོད་སྨན་གྱི་ལོ་རྒྱུས། བོད་སྨན་གྱིས་འབྲས་སྐྲན་གཅོང་ནད་ཀྱི་སྨན་བཅོས་བཅས་ཡིན།

ད་ཐེངས་ཡུ་རོབ་རྒྱལ་ཁབ་ཁག་བཞི་རུ་འགྲོ་ཕན་སྨན་རྩིས་ཁང་གི་སྨན་རྩིས་སྐོར་སྐྱོད་ལས་གཞི་འདི་ལ་སྣེ་ལེན་ཞུས་པ་དང་། སྐོར་སྐྱོད་གོ་སྒྲིག ལས་ཀར་ཕྱག་རོགས། འགྲུལ་སྐྱེལ། བཞུགས་གནས། གསོལ་ཚིགས། ས་གནས་ལྟ་སྐོར་སོགས་མཐུན་རྐྱེན་སྦྱར་བ་དང་རམ་འདེགས་གནང་མཁན་ཡོངས་ལ་འགྲོ་ཕན་སྨན་རྩིས་ཁང་ནས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།































མཐའ་མའི་འདོན་ཐེངས་།: 14.08.2023 ཉིན། 12:47 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།