སྨན་རྩིས་དྲ་བ། - མདུན་ངོས།

འཕྲོད་བསྟེན་བལྟ་སྐྱོང་ཆེད་ལས་ཀྱི་དེབ་སྐྱེལ་ལས་གཞི་དབུ་འཛུགས་ཞུས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.09.2023
མདུན་ངོས། >>



འཕྲོད་བསྟེན་བལྟ་སྐྱོང་ཆེད་ལས་ཀྱི་དེབ་སྐྱེལ་ལས་གཞི་དབུ་འཛུགས་ཞུས།

ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༢༨ རེས་གཟའ་ཕུར་བུའི་ཉིན་འགྲོ་ཕན་སྨན་རྩིས་ཁང་གི་ཚོགས་ཁང་དུ། རྒྱ་གར་སྲོལ་རྒྱུན་སྨན་ལུགས་ཀྱི་བཟང་སྤྱོད་དང་དེབ་སྐྱེལ་ལྷན་ཚོགས་(BERISM: Board of Ethics and Registration for Indian System of Medicine) ནས་ཨཱཡུཥམཱན་བྷཱརཏ་ཌིཇིཊལ་མིཤན་(ABDM: Ayushman Bharat Digital Mission)འོག་ཏུ་བོད་ཀྱི་གསོ་རིག་སྨན་པ་རྣམས་ལ་འཕྲོད་བསྟེན་བལྟ་སྐྱོང་ཆེད་ལས་དེབ་སྐྱེལ་(HPR: Healthcare Professional registry)གྱི་ལས་གཞི་ཞིག་དབུ་འཛུགས་ཞུས་གནང་སོང་།

            ཉིན་དེར་འགྲོ་ཕན་སྨན་རྩིས་ཁང་གི་ཚོགས་ཁང་དུ་སྔ་དྲོ་ཆུ་ཚོད་ ༡༠ སྟེང་རྒྱལ་ས་དིལླི་ནས་ཆེད་ཕེབས། རྒྱ་གར་སྲོལ་རྒྱུན་སྨན་ལུགས་ཀྱི་བཟང་སྤྱོད་དང་དེབ་སྐྱེལ་ལྷན་ཚོགས་(BERISM: Board of Ethics and Registration for Indian System of Medicine) ཀྱི་ཚོགས་གཙོ་ Prof. Vaidya Rakesh Sharma མཆོག་དང་ཁོང་གི་ལས་རོགས་མི་སྣ་དགུ་དངོས་སུ་ཕེབས་ཏེ། དེར་འདུས་པའི་འགྲོ་ཕན་སྨན་རྩིས་ཁང་གི་འགན་འཛིན་ཐུབ་བསྟན་ཚེ་རིང་མཆོག་དང་། རིག་གཞུང་འགན་འཛིན་སྨན་རམས་པ་ཚེ་རིང་ནོར་བུ་མཆོག་གཙོས། དབུས་དང་ཅོན་ཏ་ར་སོགས་ཕྱོགས་ནས་བཅར་བའི་སྨན་པ་རྣམས་དང་། དེ་བཞིན་དྷ་སའི་ཁུལ་གྱི་སྨན་རྩིས་ཁང་གི་སྨན་པ་ཟུར་པ། དྲ་ཐོག་ནས་མཉམ་ཞུགས་སྨན་པ་བཅས་ཁྱོན་གསོ་རིག་སྨན་པ་ལྔ་བཅུ་ལྷག་ལྷན་འཛོམས་གནང་བ་དེར། ཐོག་མར་སྨན་ལས་རྣམས་ནས་གཡུ་ཐོག་གསོལ་འདེབས་འདོན་ཞིང་འགྲོ་ཕན་སྨན་རྩིས་ཁང་གི་སྤྱི་ཁྱབ་འགན་འཛིན་མཆོག་ནས་འཚམ་འདྲིའི་གསུང་བཤད་མདོར་བསྡུས་ཤིག་གནང་གྲུབ་རྗེས། ཁོང་ཚོའི་ལྷན་ཚོགས་ཀྱི་ཚོགས་མི་ཁག་གཅིག་ནས་རྒྱ་གར་གཞུང་གིས་སྣེ་ཁྲིད་པའི་དྲ་ཐོག་དེབ་སྐྱེལ་གྱི་ལས་གཞིའི་དམིགས་ཡུལ་དང་བསྒྲུབ་བྱའི་སྐོར་གསལ་བཤད་གནང་།

          དེ་ནས་རྒྱ་གར་གཞུང་གི་རྒྱལ་ཡོངས་འཕྲོད་བསྟེན་དབང་ཚད་(NHA: National Health Authority)ཀྱི་འཕྲུལ་རིག་འགོ་བྱེད་ཀྱིས་དྲ་ཐོག་དེབ་སྐྱེལ་བྱེད་ཚུལ་སྐོར་འགྲེལ་བཤད་གནང་། དེ་ནས་གསོ་རིག་སྨན་པ་རྣམས་སོ་སོའི་ལག་ཐོགས་ཁ་པར་བརྒྱུད་དྲ་ཐོག་དེབ་སྐྱེལ་བྱེད་པས་དེ་ཉིན་སྨན་པ་ཁྱོན་བཞི་བཅུ་དེབ་སྐྱེལ་ཟིན་ཡོད།

དྲ་ཐོག་དེབ་སྐྱེལ་ལས་གཞི་འདི་ནི་རྒྱ་གར་དབུས་གཞུང་གིས་ཨཱཡུཥམཱན་བྷཱརཏ་ཌིཇིཊལ་མིཤན་སྟེ་གྲངས་འཛིན་དགོས་དམིགས་གལ་ཆེ་དོན་ཆེར་དགོངས་ནས་དབུ་འཛུགས་ཞུས་པ་ཤིག་རེད། དེ་ཡང་དཔལ་འབྱོར་དང་། དངུལ་ཁང་ལས་དོན་སོགས་སྡེ་ཁག་འདྲ་མིན་ནང་གྲངས་འཛིན་དམིགས་དོན་གྱིས་ཁྱབ་ཡོད་པ་བཞིན། ལྷག་པར་སྲོལ་རྒྱུན་སྨན་ལུགས་གཞན་གྱི་སྨན་པ་རྣམས་ཀྱང་དེབ་སྐྱེལ་ཟིན་ཡོད་པ་ལྟར། རྒྱ་གར་སྲོལ་རྒྱུན་སྨན་ལུགས་ཀྱི་བཟང་སྤྱོད་དང་དེབ་སྐྱེལ་ལྷན་ཚོགས་ཀྱི་ཚོགས་གཙོས་སྣེ་ཁྲིད་ཅིང་། ཁོང་ཚོའི་མཐུན་འགྱུར་གྱིས་འགྲོ་ཕན་སྨན་རྩིས་ཁང་གིས་ལས་གཞི་འདི་གོ་སྒྲིག་ཞུས་པ་ཞིག་ཆགས་ཡོད། འདིའི་དམིགས་ཡུལ་དང་བསྒྲུབ་བྱ་གཙོ་བོ་ནི་རྒྱ་གར་ནང་དུ་སྲོལ་རྒྱུན་བོད་ཀྱི་གསོ་བ་རིག་པ་ཉམས་ལེན་གནང་མཁན་སྨན་པ་བསྟེན་འདོད་ཡོད་པའི་རྒྱ་གར་གྱི་མི་སེར་སུ་ཞིག་གིས་གཞུང་འབྲེལ་བརྒྱུད་ལམ་སྒོ་ནས་གསོ་རིག་སྨན་པའི་གནས་ཚུལ་མཁོ་འདོན་ཐུབ་པའི་ཆེད་དུ་ཡིན་པར་གསུངས།།

 

འདིར་ནོན།  འགྲོ་ཕན་སྨན་རྩིས་ཁང་གི་འགན་འཛིན་མཆོག་གིས་འཚམ་འདྲི་གསུང་བཤད་གསན།

འདིར་ནོན།  Prof. Vaidya Rakesh Sharma མཆོག་གི་གསུང་བཤད་གསན།

འདིར་ནོན།  Dr. Sidda Lingesh M.Kundari, Member, BERISM གསུང་བཤད་གསན།

འདིར་ནོན།  Dr. Narayan Jadhav, Member, BERISM གསུང་བཤད་གསན།

འདིར་ནོན།  Mr. Kunal, Technical Officer, NHA དམར་ཁྲིད་ལག་ལེན་གནང་བ་དེ་གསན།

 






མཐའ་མའི་འདོན་ཐེངས་།: 03.10.2023 ཉིན། 4:06 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།