སྨན་རྩིས་དྲ་བ། - མདུན་ངོས།

བྱང་ཐང་ཁུལ་དུ་སྨན་སྐོར་ལེགས་གྲུབ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 26.05.2023
མདུན་ངོས། >>


བྱང་ཐང་ཁུལ་དུ་སྨན་སྐོར་ལེགས་གྲུབ།

ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༢༨ ནས་ཟླ་ ༥ ཚེས་ ༡༠ བར་བདུན་ཕྲག་གཉིས་ཙམ་རིང་འགྲོ་ཕན་སྨན་རྩིས་ཁང་དང་། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ Ladakh Autonomous Hill Development Council (LAHDC) གཉིས་ནས་མཉམ་སྦྲེལ་ཐོག་ལ་དྭགས་བྱང་ཐང་ས་ཁུལ་ཁག་དགུ་ལ་སྨན་སྐོར་གྱི་ལས་གཞི་ཞིག་སྤེལ་གནང་ཡོད། དེ་ཡང་ཉིན་དང་པོར་ལ་དྭགས་གླེ་ཡན་ལག་སྨན་རྩིས་ཁང་དུ་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་བཀྲིས་རྒྱལ་མཚན་མཆོག་དང་། རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་མཆོག་གིས་དར་འཕྱང་དབུ་འཛུགས་ལས་རིམ་བསྐྱངས་སྐབས་ལ་དྭགས་ཀྱི་འབྲེལ་ཡོད་དཔོན་རིགས་མང་པོ་ལྷན་འཛོམས་གནང་ཡོད།

དེ་ཡང་བྱང་ཐང་ས་ཁུལ་བཀག་གཞུང་དྲུང་ཁྲི་དང་། རྒོད་ཡུལ། ཧན་ལེ། མ་ཁྱུ། རོང་གོ། ཉོ་མ། སུམ་མདོ། ཆུ་མུར། ས་སྨད་བཅས་ཁག་དགུ་རུ་ལ་དྭགས་སྨན་རྩིས་ཁང་ཡན་ལག་སྨན་ཁང་ནས་སྨན་པ་ལེགས་བཤད་ཆོས་མཚོ་ལགས་དང་། ལས་རོགས་གཉིས། ཉམས་གསོག་སྨན་པ་གཅིག་བཅས་ཕེབས་ཡོད། དེ་དུས་ནད་པ་ཁྱོན་ ༦༥༢ ལ་བརྟག་དཔྱད་སྨན་བཅོས་དང་ཟས་སྤྱོད་ལམ་སྟོན་ཚུལ་བཞིན་གནང་ཡོད་ལ། ད་ཐེངས་ནད་པ་ཕལ་ཆེ་བ་བུད་མེད་དང་ཕྲུ་གུ་ཡིན་པ་བརྗོད། དེ་ལྟར་ནད་པའི་སྨན་རིན་དུ་ཧིན་སྒོར་ ༢,༢༤,༦༠༢་ ༠༠ (ཉིས་འབུམ་ཉིས་ཁྲི་བཞི་སྟོང་དྲུག་བརྒྱ་བཅུ་མེད་གཉིས།) ཟིན་པ་ཡོངས་རྫོགས་རིན་མེད་བཏང་གནང་ཡོད། ད་རེས་སྨན་སྐོར་གྱི་སྨན་དོད་ཧིན་སྒོར་འབུམ་གཉིས་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱིས་སྨན་སྦྱིན་མཐུན་འགྱུར་གནང་བར་འགྲོ་ཕན་སྨན་རྩིས་ཁང་ནས་ནད་པ་རྣམས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་བཀའ་དྲིན་ཤིན་ཏུ་ཆེ་ཞུ་རྒྱུ་ཡིན།

ཇི་ལྟར་མཁྱེན་གསལ་བཞིན། ལ་དྭགས་བྱང་ཐང་ལྟ་བུ་མཐའ་འཁོབ་ཀྱི་ཉམ་ཐག་ནད་པའི་འཕྲོད་བསྟེན་བདེ་རྩར་དམིགས་ཏེ། འགྲོ་ཕན་སྨན་རྩིས་ཁང་གི་གླེ་ཡན་ལག་སྨན་ཁང་ནས་ཕྱི་ལོ་ ༡༩༩༨ ནས་བཟུང་ད་བར་མུ་མཐུད་ཟླ་བ་གཉིས་སམ་གསུམ་མཚམས་སུ་སྨན་སྐོར་དུ་བསྐྱོད་དེ་སྨན་སྦྱིན་འབུལ་བཞིན་ཡོད་ན།  འཕགས་ཡུལ་དང་ཕྱི་རྒྱལ་ཁག་ཏུ་འཚོ་བཞུགས་རང་རིགས་གཏོང་ཕོད་ཅན་རྣམས་ནས་ཀྱང་། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱིས་སྨན་སྦྱིན་སྒོ་ནས་བསོད་ནམས་རླབས་པོ་ཆེ་བསགས་གནང་བའི་དཀར་ཚོགས་དགེ་སྒྲུབ་ལས་ལ་དཔེ་བླངས་ཏེ། སྨན་སྦྱིན་གྱི་ལས་གཞི་ལ་མཐུན་འགྱུར་གནང་ཐུབ་ན་སྤྱི་སྒེར་ཀུན་ལ་དགེ་མཚན་ཆེན་པོ་ཡོད་པས་ངེས་པར་ཐུགས་བསམ་བཞེས་གནང་ཡོང་བ་ཞུ།།




















































མཐའ་མའི་འདོན་ཐེངས་།: 26.05.2023 ཉིན། 4:08 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།