སྨན་རྩིས་དྲ་བ། - མདུན་ངོས།

སྨན་དགེ་བསྟན་པ་ཆོས་འཕེལ་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 26.12.2023
མདུན་ངོས། >>


སྨན་དགེ་བསྟན་པ་ཆོས་འཕེལ་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ།

བཞུགས་སྒར་སྨན་རྩིས་མཐོ་སློབ་ཁང་གི་སློབ་སྤྱི་ཟུར་པ་སྨན་དགེ་སྨན་རམས་པ་བསྟན་པ་ཆོས་འཕེལ་མཆོག་ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༢༣ སྔ་དྲོ་ཆུ་ཚོད་ ༡༠: ༥༠ ཙམ་ལ་བདེ་ལེགས་སྨན་ཁང་དུ་སྐུ་ཚེའི་འཕེན་པ་རྫོགས་པའི་ཤིན་ཏུ་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད། དམ་པ་དེ་འགྲོ་ཕན་སྨན་རྩིས་མཐོ་སློབ་ཁང་དུ་སློབ་གཉེར་བ་རྣམས་ལ་སློབ་ཁྲིད་སོགས་ཀྱི་སྒོ་ནས་གསོ་རིག་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ཞབས་འདེགས་མི་ལོ་ ༣༥ ལྷག་ཞུས་གནང་ཡོད།

སྨན་རམས་པ་བསྟན་པ་ཆོས་འཕེལ་ཁོང་ནི་ཕྱི་ལོ་ ༡༩༦༣ ཟླ་ ༡ ཚེས་ ༥ ཉིན་བོད་ལྗོངས་ཀྱི་རྒྱལ་ས་ལྷ་སར་འཁྲུངས་ཤིང་ཆུང་དུས་གཞུང་འཛུགས་སློབ་ཆུང་གསུམ་པ་དང་། སློབ་འབྲིང་བར་སློབ་སྦྱོང་གནང་། ཕྱི་ལོ་ ༡༩༨༠ ལོར་རྒྱ་གར་ལ་བཙན་བྱོལ་དུ་ཕེབས། དེ་ནས་བོད་གཞུང་སྨན་རྩིས་ཁང་དུ་སྨན་སློབ་འཛུལ་ཞུགས་མ་གནང་གོང་དུ་བཞུགས་སྒར་མཚན་ཉིད་གྲྭ་ཚང་དུ་སུམ་རྟགས་དག་ཡིག་དང་ནང་ཆོས་སློབ་སྦྱོང་གནང་བ་མ་ཟད། དེའི་དུས་ཀྱི་རྒྱ་གར་གྱི་མཐོ་སློབ་ཁང་ཞིག་ནས་ཐོན་པའི་བོད་རིགས་གཞིན་སྐྱེས་ཤིག་གི་མདུན་ནས་དབྱིན་ཇི་སྐད་ཡིག་སྦྱང་འགོ་འཛུགས། དེ་ནས་བོད་གཞུང་སྨན་རྩིས་ཁང་དུ་ཕྱི་ལོ་ ༡༩༨༢ ནས་ ༡༩༨༦ བར་སྨན་སློབ་སྐབས་ལྔ་པའི་ཁོངས་སུ་འཛུལ་ཞུགས་ཀྱིས་མཁས་དབང་བར་ཞི་ཕུན་ཚོགས་དབང་རྒྱལ་དང་། སྨན་དགེ་པ་སངས་ཡོན་ཏན། སྨན་དགེ་བློ་བཟང་ཆོས་འཕེལ་བཅས་ཀྱི་དྲུང་དུ་དམིགས་བསལ་བོད་ཀྱི་གསོ་རིག་གཞུང་ཆེན་དཔལ་ལྡན་རྒྱུད་བཞི་དང་། མན་ངག་ལྷན་ཐབས་ཆ་ལག་དང་བཅས་པར་སློབ་གཉེར་མཐར་ཕྱིན་གནང་རྗེས་སྨན་པ་དཀའ་བཅུ་པའི་སློབ་པ་མཐར་ཕྱིན་པ་རེད། དེ་ནས་བལ་ཡུལ་ཅ་སྤེལ་ཡན་ལག་སྨན་ཁང་དུ་ཟླ་ཤས་རིང་བཞུགས་རྗེས་ཕྱི་ལོ་ ༡༩༨༨ ཟླ་ ༣ ཚེས་ ༡ ཉིན་ནས་དྷ་ས་སྨན་རྩིས་མཐོ་སློབ་ཁང་དུ་སྨན་སློབ་སྐབས་༧ པའི་སྨན་དགེར་བསྐོ་གཞག་སྩལ། དེ་ནས་བཟུང་སྟེ་ཕྱི་ལོ་ ༢༠༢༣ བར་སྨན་སློབ་སྐབས་ཇི་སྙེད་ཅིག་ལ་སྨན་དགེའི་ངོ་བོར་སློབ་ཁྲིད་ཟམ་མ་ཆད་པའི་བཀྲིན་བསྐྱངས་གནང་ཡོད།

མཐར་དམ་པ་འདི་རྒྱ་གར་ནང་དུ་ཏོག་དབྱིབས་གཉན་རིམས་ ༡༩ རྒྱ་ཁྱབ་ཏུ་སོང་བའི་དུས་ནས་གཟུགས་གཞི་མི་བདེ་བ་གྱུར་རྗེས་དྲག་སྐྱེད་དེ་ཙམ་མ་བྱུང་སྟབས་ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༡༤ ཉིན་རྒས་ཡོལ་སྔ་བསྣུར་ཞུས་པ་བཞིན། འཛིན་སྐྱོང་ནས་ཀྱང་མཐའ་མཇུག་ཕྱི་ལོ་ ༢༠༢༣ ཟླ་ ༦ ཚེས་ ༡༣ ཉིན་བགྲེས་ཡོལ་དགོངས་འཁྲོལ་གནང་ཡོད།  ཉིན་ཤས་སྔོན་ནས་གཟུགས་གཞི་མ་བདེ་བའི་དབང་གིས་བདེ་ལེགས་སྨན་ཁང་དུ་བརྟག་དཔྱད་སྨན་བཅོས་གནང་མུས་ཡིན་པ་དང་། བར་སྐབས་ཕྱི་ནང་གི་ྋསྐུའི་བླ་སྨན་པ་རྣམ་གཉིས་ཀྱིས་བཀའ་སློབ་ལམ་སྟོན་གནང་བ་བཞིན་རྒྱལ་ས་དིལླིའི་དམིགས་བསལ་སྨན་ཁང་དུ་སྨན་བཅོས་སུ་ཕེབས་ཡོད་ཀྱང་། དྲག་སྐྱེད་མེད་པས་སླར་བདེ་ལེགས་སྨན་ཁང་དུ་འཁོར་བའི་ཉིན་ཤས་རྗེས་སྐུ་ཚེའི་འཕེན་པ་རྫོགས་ཏེ་མི་རྟག་རགས་པའི་གཞན་དབང་དུ་སོང་བའི་ཡིད་སྐྱོའི་གནས་ཚུལ་བྱུང་།

ཁ་སང་ཉིན་རྒྱབ་ཏུ་འགྲོ་ཕན་སྨན་རྩིས་ཁང་གི་མཆོད་ཁང་དུ་འགོ་ལས་ཚང་འཛོམས་ཐོག་དམ་པ་དེའི་ཆེད་དུ་མཆོད་འབུལ་སྨོན་ལམ་འདོན་ཚོགས་གནང་གྲུབ་རྗེས་མྱ་ངན་གུས་འདུད་མཚོན་ཆེད་སྡེ་ཚན་ཡོངས་རྫོགས་ལས་མཚམས་བཞག་གནང་ཡོད། འགྲོ་ཕན་སྨན་རྩིས་ཁང་གི་འགོ་ལས་རྣམས་ཀྱི་ལྷག་བསམ་དག་པའི་དགེ་བའི་སྟོབས་དང་དམིགས་བསལ་དམ་པ་དེ་དལ་འབྱོར་མི་ལུས་འདི་བོད་ཀྱི་གསོ་བ་རིག་པ་སྤྱི་དང་ཡང་སྒོས་རིག་པ་གང་ནས་བསླབ་པའི་འགྲོ་ཕན་སྨན་རྩིས་ཁང་རང་དུ་རྒྱལ་བའི་བཀའ་དགོངས་བཞིན་སྐུ་ཚེ་ཧྲིལ་པོ་བཏབ་སར་ཡང་དག་པར་སྨིན་པའི་མཛད་པ་དེའི་བསོད་ནམས་ཀྱི་མཐུས་མྱུར་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་འདུལ་ཞིང་དུ་སྐྱེས་ནས་སླར་ཡང་གཞན་རྗེས་འཛིན་གྱི་གསོ་བ་རིག་པའི་བསྟན་པར་ཞུགས་སྟེ་རིམ་གྱིས་ས་ལམ་བགྲོད་དེ་མར་གྱུར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་འགྱུར་ཐུབ་པའི་སྔོ་སྨོན་རྩེ་གཅིག་ཞུ།།

 

གཞན་ཡང་<<བཙན་བྱོལ་བོད་གཞུང་སྨན་རྩིས་ཁང་གི་བྱུང་རབས་དོན་ལྡན་ཚངས་ཐིག་>>ཅེས་བྱ་བའི་དེབ་ནང་གསལ་བའི་དམ་པ་དེའི་ལོ་རྒྱུས་སྙིང་བསྡུས་བཀོད་པ་འདི་ལྟར།

 

༦༽ སྨན་རམས་པ་བསྟན་པ་ཆོས་འཕེལ་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

སྨན་རམས་པ་བསྟན་པ་ཆོས་འཕེལ་ལགས་ནི་བོད་ཀྱི་རྒྱལ་ས་ལྷ་སར་འཁྲུངས་ཤིང་། ཆུང་དུས་བོད་ཀྱི་རྒྱལ་ས་ལྷ་སར་གཞུང་འཛུགས་སློབ་ཆུང་གསུམ་པ་དང་སློབ་འབྲིང་བར་སློབ་སྦྱོང་གནང་སྟེ། ཕྱི་ལོ་ ༡༩༨༠ ལོར་བཙན་བྱོལ་དུ་ཕེབས་ཤིང་། ཕྱི་ལོ་ ༡༩༨༢ ལོར་སྨན་སློབ་སྐབས་ལྔ་བའི་ཁོངས་སུ་འཛུལ་ཞུགས་ཀྱིས་ལོ་ལྔའི་རིང་བོད་ཀྱི་གསོ་བ་རིག་པའི་རྒྱུད་ཆེན་དཔལ་ལྡན་རྒྱུད་བཞི་ཆ་ལག་དང་བཅས་པར་སློབ་སྦྱོང་གནང་སྟེ་ཕྱི་ལོ་ ༡༩༨༦ ལོར་སློབ་མཐར་ཕྱིན། དེ་ནས་ཅ་སྤེལ་ཡན་ལག་སྨན་ཁང་དུ་ཟླ་ཤས་བཞུགས་རྗེས་བཞུགས་སྒར་ངྷ་སར་ཕྱིར་ཕེབས་ཏེ་སྨན་རྩིས་མཐོ་སློབ་ཁང་གི་སྨན་དགེར་བསྐོ་བཞག་སྩལ། དུས་དེ་ནས་བཟུང་ད་ལྟའི་བར་སྨན་དགེའི་ཐུགས་ཁུར་ཆེ་བཞེས་ཐོག་ཕྱི་ལོ་ ༡༩༩༢ ནས་ཕྱི་ལོ་ ༡༩༩༤ བར་སློབ་སྤྱི་དང་། ཕྱི་ལོ་ ༡༩༩༤ ནས་ ༢༠༠༨ བར་སློབ་སྤྱི་གཞོན་པའི་ཐུགས་ཁུར་ཡང་བླངས། ཕྱི་ལོ་ ༢༠༠༨ ནས་སློབ་སྤྱི་དང་སྨན་དགེའི་འགན་ཁུར་ཞུས།

ཕྱི་ལོ་ ༡༩༩༦ ལོར་སྨན་རམས་པ་ཆུང་ངུ་དང་། ཕྱི་ལོ་ ༢༠༠༦ ལོར་སྨན་རམས་པ་འབྲིང་གི་ཡིག་རྒྱུགས་སྤྲད་དེ་ལག་འཁྱེར་ཐོབ། དུས་ཡུན་དེ་དག་གི་རིང་ཁོང་གིས་མཐོ་སློབ་ཡིག་ཚང་གི་ཡིག་ཆ་ཉར་ཚགས་བྱེད་ཕྱོགས་དང། སློབ་མ་གསར་བསྡུའི་འགེངས་ཤོག་བཟོ་འགོད། སློབ་ཁྲིད་རྩ་འཛིན་བསྐྱར་བཅོས་དང་གཏན་འབེབས་གནང་བ། བོད་ཕྱི་ནང་གཉིས་ཀྱི་སྨན་རྩིས་དང་ནང་ཆོས་སོགས་ཀྱི་དཔེ་དེབ་འདྲ་མིན་ཐབས་འཚོལ་གྱིས་ད་ལྟའི་དཔེ་མཛོད་ཁང་འདིའི་རྨང་རྩ་བརྟན་པོར་བཙུགས་པ་སོགས་ཤེས་ཡོན་ཡར་རྒྱས་གཏོང་ཐབས་ལ་སྨན་པའི་ལས་དོན་གང་མང་བསྒྲུབས་ཡོད་པ་མ་ཟད།

དཔེ་རྒྱུན་དཀོན་རིགས་མེས་པོའི་ཞལ་ལུང་སྟོད་སྨད་གཉིས་དང་། གསོ་རིག་སློབ་དེབ་སོགས་ཐབས་འཚོལ་གྱིས་དཔར་བསྐྲུན་ཞུས་ཏེ་སློབ་ཕྲུག་ཚོའི་དགོས་མཁོ་བསྐངས་པ་དང་ཆབས་ཅིག་སྨན་པ་མི་ཉུང་བ་ཞིག་ནས་བླུ་ཡོན་ཞུས་པས་དཔར་འབྱོར་ཐད་ལའང་ཕན་ཐོགས་གང་ལེགས་བྱུང་འདུག དེ་སྔ་རྒྱུད་གསུམ་སྟེང་མན་ངག་རྒྱུད་ལས་གཉན་རིམས་ལེའུ་བཅོ་བརྒྱད་ལས་མན་ངག་རྒྱུད་ཁྲིད་མྱོང་མེད་ཀྱང་ཁོང་སློབ་སྤྱིར་བསྐོས་རྗེས་བླ་སྨན་པ་རྣམ་པས་གཙོས་གོང་རིམ་ལ་སྙན་གསེང་ཞུས་ཏེ་མན་ངག་རྒྱུད་ཁྲིད་འགོ་བཙུགས་པ་ནས་ད་ལྟའི་བར་དཔལ་ལྡན་རྒྱུད་བཞི་ཆ་ལག་དང་བཅས་པ་སློབ་ཁྲིད་འགྲོ་བཞིན་ཡོད་པ་རེད། ཁོང་སྨན་དགེ་དང་སློབ་སྤྱི་བགྲེས་གཞོན་གནང་བའི་རིང་སྨན་བཏོག་ཆོག་མཆན་ཞུས་པ་སོགས་ཀྱི་ལས་སྒོ་སྤྱི་དང་ལྷག་པར་སྨན་བཏོག་ལ་ཐེངས་བཅུ་བདུན་ཙམ་བསྐྱོད་དེ་སྨན་སློབ་རྣམས་ལ་སྨན་རྒྱུ་ངོ་སྤྲོད་གནང་བ་སོགས་ཀྱི་འགན་ཁུར་རྐང་ལེན་གནང་ཡོད་པ་རེད། དེ་དང་ཕྱོགས་མཚུངས་སྨན་རམས་པ་ཆུང་འབྲིང་གི་ཟབ་སྦྱོང་སློབ་ཁྲིད་གནང་མུས་ཡོད། གཞན་ཡང་ཁོང་གིས་ྋསྐུའི་བླ་སྨན་ཟུར་པ་ཡེ་ཤེས་དོན་ལྡན་མཆོག་དང་། བློ་བཟང་རྣམ་གཉིས་ལ་དགེ་བསྐུལ་ཞུས་དོན་ལྟར་མཐོ་སློབ་ཚོགས་ཁང་ཆེན་མོའི་ནང་གི་སྐུ་རྟེན་གཙོ་བོ་སངས་རྒྱས་སྨན་བླའི་སྐུ་དང། རྒྱལ་མཆོག་ལྔ་པ་ཆེན་མོ་དང་བླ་སྨན་མཁྱེན་རབ་ནོར་བུའི་སྐུ་བརྙན་གསེར་ཟངས་ལས་གྲུབ་པ་ན་བཟའ་རང་འགྲིག་བཅས་ལ་ཧིན་སྒོར་འབུམ་ཞེ་ལྔའི་འགྲོ་གྲོན་བཏང་སྟེ་སྦྱིན་བདག་གནང་ཐུབ་པ་བྱུང་ཡོད། དུས་ཡུན་དེ་དག་གི་རིང་སྨན་རྩིས་དུས་དེབ་ཚོགས་ཆུང་གི་ཚོགས་མི་དང་། སྨན་རྩིས་རིག་གཞུང་ལྷན་ཚོགས་ཀྱི་ཚོགས་དྲུང་བཅས་ལས་ཁུར་གང་མང་ཞུས་དང་ཞུ་བཞིན་ཡོད་པ་བཅས་ལོ་རྒྱུས་སྙིང་བསྡུས་སོ།། །།





མཐའ་མའི་འདོན་ཐེངས་།: 26.12.2023 ཉིན། 11:53 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།