སྨན་རྩིས་དྲ་བ། - མན་ངག་ལྷན་ཐབས།

ལེའུ་སོ་བརྒྱད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 10.11.2020
མན་ངག་ལྷན་ཐབས། >>

                                                                   

ལེའུ་སོ་བརྒྱད་པ། ལྷོག་པ་བཅོས་པ།

ལྷོག་པའི་ནད་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་སྲུང་བཅོས་ཐབས་རྣམ་པ་དྲུག་གིས་བསྟན། །རྒྱུ་རྐྱེན་གཉན་རིམས་སྤྱི་དང་འདྲ་བ་ལ། །དབྱེ་བ་འབྱུང་བ་ས་ཆུ་མེ་རླུང་བཞི། །དཀར་ནག་ཁྲ་དང་རྒོད་དང་ཡང་རྒོད་དང༌། །ཡམ་བུ་ཡུ་མོ་དེ་ལྟར་བཅུ་གཅིག་སྟེ། །རྟགས་ལ་ཕྱི་ནང་གསང་བ་བྱེ་བྲག་བཞི། །ཕྱི་རྟགས་སྐྲངས་དབྱིབས་འབྲུམ་པ་ཆུ་བུར་འདྲ། །ཉ་སྦྲུལ་སྡོམ་སྡིག་རྟ་བླ་སྦལ་ལྕོང་དང༌། །ན་ཆུང་ནུ་མ་ལྟར་སྐྲངས་ཉམ་ང་འཇིགས། ཁ་དོག་དམར་རམ་ནག་སྨུག་ཁྲ་བོར་སྐྲངས། །ན་ལུགས་ཕྲུམ་སེར་ཁྱེར་དང་ཚིགས་གཞི་ན། །མགོ་ན་ཁ་ཁ་འཕྱོ་འདར་སྙིང་མི་དགའ། །ནད་རྟགས་རྩ་ནི་ཁ་རྒྱུག་གཏིང་ན་གྲིམས། །ཆུ་ནག་རླངས་འཐིབས་ཀུ་ཡ་འཁྲུགས་ནས་འོང༌། །རེག་བྱ་ཚོར་མེད་ཡང་ན་བཟོད་པ་ཆུང༌། །ཤིན་ཏུ་ཚ་འམ་ཤིན་ཏུ་གྲང་བར་འགྱུར། །ཨན་སྟོང་འགྲམ་དང་སྒལ་མཆན་དམར་ཐིག་འབྱུང༌། །གསང་རྟགས་ནག་པོ་གསུམ་བཏང་དངངས་འདར་ཡིན། །བྱེ་བྲག་རྟགས་ལ་ས་ལྷོག་སྐྲངས་བརྟན་སྲ། །སྐྲངས་མདོག་ཐོར་པའི་མགོ་བོ་ནག་པོར་འོང༌། །མེ་ལྷོག་དམར་ཚ་མཆེད་སྐྱེན་མེས་འཚིག་འདྲ། །ཆུ་ལྷོག་འཇམ་བསིལ་ཆུ་བུར་ཆུ་སེར་འཛག །རླུང་ལྷོག་སྐྱ་གསོབ་མི་བརྟན་འཕར་ཞིབ་བྱེད། །དཀར་པོ་ཟུག་ཆུང་རྩ་ཆུ་ཕྱི་ཡུལ་གྲང༌། །ནག་པོ་ཟུག་ཆེ་རྩ་ཆུ་ཕྱི་ཡུལ་ཚ། །ཁྲ་བོ་རྟགས་འདྲེས་ཟུག་གཟེར་ལྡང་དུབ་བྱེད། །རྒོད་ནི་འབྲོས་སྐྱེན་ནད་དྲག་སྐྲངས་པ་སྐྱེན། །ཡང་རྒོད་ཁོང་དུ་འཆོར་སྐྱེན་འཁོར་ལ་འཕྲོ། །ཡམ་བུ་སྐྲངས་པ་འབར་འབུར་ཡམས་ཐབས་འོང༌། །ཡུ་མོ་སྲ་བརྟན་ནད་ཟུག་ཆུང་བའམ། །ཡང་ན་སྙི་ལ་འདོལ་ཞིང་འགུལ་བའོ། །ལ་ལ་ལྷོག་པ་རྙིད་པོ་ཞེས་སུ་འདོགས། །སྲུང་བྱེད་སྲོག་སྔགས་སྲུང་བ་འདི་བཞིན་ཏེ། །ཨཱོཾནགསདུསཙཧསེཕོ (སྲོག་སྔགས་) སོད། གྷལཧུརཁཾཁྱུར (བསྲུང་སྔགས་) རྦདཿ    གསེར་དང་བཙན་དུག་ཕག་ནག་བྱ་རྒོད་ཁྲག །བྱུགས་ལ་རབ་གནས་སྤྱི་མཐུན་སྲུང་བར་བྱེད། །ཡང་ན་དུང་དང་སྦལ་སྦྲུལ་གཉིས་ཀྱི་ཤ  །སྟག་གུལ་མུ་གླ་ཤུ་དག་འཛིན་པ་དང༌། །རྟ་བོན་པ་དང་ར་ལུག་ཐུག་པོ་ཡི། །ཁྲབ་མ་བཅས་པའི་རྫས་སྣ་བཅུ་གཉིས་ལ། །ངག་བཅད་དྲག་སྔགས་འདི་ཉིད་བརྒྱ་རྩ་བཏབ། ཨཱོཾ་ཁྲོཾ་ཁྲོཾ་ཁྲུས་ཁྲུས་ལྷང་ལྷང་ཚེར་ཚེར་དྷ་དྷ་ཕུག་རྦད་སྭཱཧཱ།  དགྲ་མདོག་ (གནམ་ལོའི་དགྲ) ཐུམས་བཏང་མི་ཕྱུགས་གང་ཡང་ཐུབ། །བཅོས་ཐབས་སྤྱིར་བསྡུས་ཟས་སྤྱོད་སྨན་དཔྱད་བཞི། །ནུས་ལྡན་ཟབ་མོ་སྔགས་ཀྱི་བཅོས་དང་ལྔ། ཟས་ནི་དཀར་དམར་མངར་དང་རུལ་སྐྱུར་སྤང༌། །ཕྱེ་ཚོད་དྲལ་ཐུག་ཆུ་གྲོག་ཆབ་ཚ་བསྟེན། །སྤྱོད་ལམ་ཆགས་པ་ཉིན་གཉིད་དྲག་ཤུལ་དང༌། །རྟ་ཞོན་ཆུ་བརྒལ་ཁྲོ་ཚིག་མི་སྡུག་སྤང༌། །ཐོག་མའི་དུས་དེར་ཆུ་སྐོལ་ལན་འགའ་བཏང༌། །དེ་ནས་སྨན་གྱིས་བཅོས་པ་ཞི་སྦྱང་གཉིས། །ཞི་བྱེད་བྱ་ཁྱུང་ལྔ་པ་ཚད་ལྡན་སྟེང༌། །གུ་གུལ་སྟག་ཤ་དངུལ་ཆུ་མུ་ཟི་བསྣན། །བྱ་ཁྱུང་དགུ་འོ་ཚ་ (དྲོད) ན་ག་པུར་དང༌། །གི་ཝཾ་གྲང་ན་ཤིང་ཚ་བསྣན་བྱས་ལ། །ལོ་བརྒྱད་ཆུ་འམ་དྲི་ཆུས་ (དགེ་སློང་ངམ་སྔགས་པའི་) འཕུལ་ལ་བཏང༌། །ཡང་ན་གུ་གུལ་ཐང་གིས་འཕུལ་ཀྱང་རུང༌། །སྨན་ནད་ཐོན་ངེས་ལན་གཅིག་བཏང་བའི་རྗེས། །ཚ་ན་སྤང་རྩི་བཅུ་གཉིས་ཐེངས་འགའ་བསྔགས། །དེ་ནས་རྒྱུད་རྒྱལ་དངུལ་ཆུ་བཅོ་བརྒྱད་པ། །མ་སོད་བར་དུ་བཏང་ཞིང་རྔུལ་དུ་དབྱུང༌། །རླུང་ལྷོག་བུ་དང་མེ་ལྷོག་མེ་བཙའ་དང༌། །ཆུ་ལྷོག་སྔགས་མཆིལ་ས་ལྷོག་ནན་ལ་སོགས། །སོ་སོའི་གྲོགས་སུ་འགྱུར་ཕྱིར་སྤང་བར་བཤད། །བྱུག་པ་འཛིན་པ་མུ་ཟི་སྟག་ཤ་བ། །གླ་རྩི་གུ་གུལ་གཉན་དུག་ལྷོག་པ་གསོད། །སོ་ཐོག་ཀྱི་ལྕེ་བྲག་སྤོས་ཆུ་རྩ་དང༌། །སྤྲུ་རྩ་ཁྱི་སྤྱང་མི་བྲུན་སྐྲངས་པ་འཇོམས། །རྭ་གཞོབ་དུད་པ་བྱ་བལ་བྱ་བྲུན་ཏེ། །བྱུག་པའི་སྦྱོར་བ་འདི་རྣམས་གང་བྱེད་ཀྱང༌། །བྲག་ཞུན་ཤུ་དག་དྲི་ཆུ་ཀུན་གྱི་གྲོགས། །ཞིབ་ལ་སླ་བ་མ་སྐམས་ཡང་ཡང་བྱུགས། །སྐྲངས་ཚད་མ་བཤིག་འབྲོས་ན་ནོན་པ་གཅེས། །མ་ནོན་ཤོག་བུ་སྤུ་ནན་ཕྱི་ནན་བྱ། །ཡང་ན་བྱུག་སྨན་རེག་པ་འབུར་འཇོམས་བཤད། །གླ་གུལ་འཛིན་པ་ (གསང་དགེ་སློང་དང་སྔགས་པ་གང་རིགས་) ཆེན་ཁྲོ་གཉེར་ (ཤུ་དག་) ཅན། །མུ་ཟི་རི་བོང་བྱ་དང་ཁྱི་སྤྱང་བྲུན། །ཐར་ནུ་རེ་ལྕག་བྲག་ཞུན་སྟག་ཤ་ནག  །ཡུང་བ་ལྡོང་རོས་བ་བླ་སྤྲུ་ནག་རྩ།  །ཆུ་རྩ་དུད་པ་སྨན་ཆེན་ཞིབ་པར་བཏགས། །སྦྱར་ཚད་ལག་ལེན་ཟབ་གནད་ཞལ་ལས་ཤེས། །རང་ངམ་ (ཆུ་འམ་) ཡོན་ཏན་རྒྱས་པའི་ཆུ་ (བྱིས་པ་ལོ་བརྒྱད་པའི་ཆུ་ལ་ཟེར་) ལ་སྦྱར། །བསྐ་སླ་འོ་མ་ཙམ་དེ་ཡང་ཡང་དུ། །སྐྲངས་མགོ་མ་འབུར་བྱིལ་བྱུགས་རང་སྐམ་འགྲོ  །སྐྲངས་མགོ་འབུར་ན་ (མཐེབ་སྐོར་གྱི་རྒྱ་ཙམ་) སྐར་ཁུང་བཞག་ལ་བྱུག །སྐྲངས་པའི་འབྲོས་སྣ་མ་ཤོར་གནད་དུ་ཆེ། །རིམས་བརྩེགས་ཤོག་བུ་ཙམ་དུ་ཆགས་པའི་རྗེས། །འཇམ་ཞིང་མཉེན་པའི་ཤོག་བུ་དེབ་ཏུ་བཏང༌། །ནང་མ་རེ་བཞིན་རོལ་མེད་བྱུག་པ་གཅེས། །ལྷོག་པས་སྐྲངས་པ་མ་ལུས་འདི་ཡིས་འདུལ། །གཞན་ཡང་སྨན་འདི་གཉན་དང་འབྲེལ་བ་ཡི། །སྐྲངས་པ་མ་ལུས་འཇོམས་པའི་ཐོ་བ་ཡིན། །ཞི་བྱེད་མ་ཐུབ་བཤལ་གྱིས་སྦྱང་བ་ལ། །ཁྱུང་ལྔའི་སྟེང་དུ་སྟག་ཤ་གུལ་ནག་དང༌།  །དངུལ་ཆུ་ཐར་ནུ་རེ་ལྕག་དྲི་ཆུར་སྦྱར། །རིལ་བུ་བྲ་རིལ་ཙམ་གྱི་བཤལ་གྱིས་སྦྱང༌། །སྔགས་ཀྱི་བཅོས་ཐབས་གོང་བཤད་གག་པའི་དུས། །བཤད་སོགས་སྣ་མང་ཁྱད་པར་རང་ཉིད་ནི། །ལྕགས་ཀྱི་རྟ་མགྲིན་རི་རབ་ཙམ་གྱི་དབུར། །པདྨ་འབྱུང་གནས་བསྒོམ་པའི་བསྐྱེད་རིམ་བརྟན།  །ཨཱོཾ་ཨག་སོདཿ (ས) ཨིག་སོདཿ  མུག་ཨེར་སོདཿ  མུག་ཐུམ་སོདཿ  ཨཱོཾ་མུག་ཐུམཿ  (ཆུ)  སརྦ་མུགས་ཐུམསཿཏེ་ཙ་མུགས་ཐུམསཿབཛྲ་མུགས་ཐུམསཿཨཱོཾ་མེ་མེ་ (མེ་) ཚེ་མ་ཚེ་མཿལ་ཚགས། ཁྱུ་གཏོར་མ་རུ་ཙེ་ཐང་བྲངཿཚེ་ཏ་ཤིང་ལ་རྐྱེན་ཆུག  མེ་སྙིང་སོདཿམེ་ལྷ་སོདཿམེ་ལྷོག་སོདཿཨཱོཾ་བྱ་ཆུར་སོདཿ (རླུང་) བྱ་ཆུར་སོདཿམུག་ཨེར་སོདཿཅེས་པ་རང་རང་འབྱུང་མཐུན་ (གང་ཡིན་གོང་བཤད་ཀྱི་) སྔགས་བགྲངས་ལ།  །སྤྱི་བོ་ཚིགས་པ་དང་པོ་སྙིང་ག་དང༌།  །ལྟེ་བ་བཞི་དང་རྩེ་སྒོ་མཆན་ཁུང་གཉིས། །གདབ་པས་འཇུག་སྒོ་སྡོམ་ཞིང་སྲ་མཁར་སྒྱེལ།  །སྐྲངས་དང་རྨ་རིགས་གང་ཡོད་གདབ་དུས་སུ། །བདུད་རྩིའི་ཆར་པ་བབས་པར་བསམ་ཞིང་གདབ། །དེ་ཡང་རླུང་ལྷོག་རིགས་ལ་ཕུ་མི་འདེབས། །ས་ལྷོག་སྐྲངས་ཆུང་སྐྱི་གས་ལ་མི་གདབ། །དེ་མིན་ལྷོག་སོགས་གཉན་ནད་ཀུན་ལ་བསྔགས། །མེ་ (དཔྱད) ལྷོག་མ་ཡིན་ལུང་པའི་མདོ་སྒོ་བགག  །རི་བོའི་རྩེ་ལ་མེ་རྒྱས་གདབ་པ་དང༌། །སྐྲངས་པའི་ཐ་མ་དམག་གིས་ (སྐྲངས་མ་སྐྲངས་ཀྱི་མཐའ་མཚམས་བསྲེག) བསྐོར་བ་དང༌། །སྟེང་དུ་གནམ་ལྕགས་དབབ་པ་བཞི་ཡིས་བཅོས། (རྐང་པ་ལ་མིག་དམར་ལག་པ་ལ་ཨ་སོ་བསྲེག   ཁོང་ཤོར་རམ་སྦུགས་མ་བྱུང་ན་སྤྱི་གཙུག  །སྔོན་པོ་དཀར་ནག་མཚམས།  སྲིན་ལག་རྐང་མཐིལ་ལྕགས་ཀྱིས་བསྲེག  ཉའི་ཟེ་བ།  སྦྲུལ་གྱི་མཇུག་མ།  སྡོམ་དང་རྟ་བླའི་རྐང་པ།  སྡིག་པའི་རྭ། སྦལ་པའི་རྒྱབ།  ལྗོང་མོའི་མགོ   ན་ཆུང་གི་ནུ་འདྲའི་དཀྱིལ་རྣམས་བསྲེག   རྒྱ་ཐུམས་ལྟ་བུར་སྐྲངས་ཚོད་སྦྱར་ལ་བསྲེག)   ཐུབ་པའི་རྟགས་སུ་སྐྲངས་བྲི་ཟུག་གཟེར་ཆོགས།  །ཡང་ན་རྣག་ཏུ་ཁུགས་ན་འཚོ་བ་ཡིན།  །ཞེས་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་ཡོན་ཏན་རྒྱུད་ཀྱི་ལྷན་ཐབས་ཟུག་རྔུའི་ཚ་གདུང་སེལ་བའི་ཀཏྤཱུ་ར་དུས་མིན་འཆི་ཞགས་གཅོད་པའི་རལ་གྲི་ཞེས་པ་ལས་ལྷོག་པ་བཅོས་པའི་ལེའུ་སྟེ་སོ་བརྒྱད་པའོ།།

 

མཐའ་མའི་འདོན་ཐེངས་།: 11.11.2020 ཉིན། 10:30 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།