སྨན་རྩིས་དྲ་བ། - མན་ངག་ལྷན་ཐབས།

ལེའུ་སོ་བདུན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 10.11.2020
མན་ངག་ལྷན་ཐབས། >>

                                        

  ལེའུ་སོ་བདུན་པ། གཉན་ནད་བྱིན་ལོག་གམ་ཉྭ་ལོག་འཁྲུ་སྐྱུག་བཅོས་པ།

ཡན་ལག་གཉན་བབས་བྱིན་ལོག་ཅེས་གྲགས་སམ། །ཉྭ་ལོག་འཁྲུ་སྐྱུགས་རྒྱུ་རྐྱེན་རྟགས་བཅོས་དང༌། །སྲུང་བ་ལྔ་ལས་རྒྱུ་རྐྱེན་གཉན་སྤྱི་མཐུན། །སྤྱི་རྟགས་གཉན་ཚད་ཀུན་དང་མཐུན་པ་ལ། །རྩ་རྒྱུད་ཕྲ་ལ་ཆུ་ནི་མར་ནག་འདྲ། །མགོ་ན་ཕྲུམ་སེར་ཁྱེར་ཞིང་ཚིགས་གཞི་ན།  །ཡར་ལ་སྐྱུག་ཅིང་མར་ལ་བཤལ་བ་དང༌། །ཉྭ་རྣམས་འགྱུར་ཞིང་རྩ་རྣམས་འབྲོས་པ་འབྱུང༌། །སྐད་མདངས་འཆོར་ཞིང་གདོང་པའི་བཀྲག་མདངས་ཉམས། །གདོན་གྱིས་བཏབ་ལྟར་བླ་འཆོལ་སྣ་ཚོགས་བྱེད། །བཅོས་ཐབས་སྨན་དཔྱད་ཟས་སྤྱོད་རྣམ་པ་བཞི། །སྨན་ནི་དང་པོ་ཕུར་ནག་གུ་གུལ་ཐང༌། ལན་འགའ་བསྟེན་པས་ནད་འདི་ལྷོགས་ཀྱང་སྲིད། །གཉེན་པོ་ཁོང་བསད་ཕྱི་ནས་བྱུག་པ་ལ། །དཔའ་བོ་ཆིག་ཐུབ་སྤྱི་སྨན་སོར་མོའི་ཚིགས། །རི་བཅུད་གདུགས་དཀར་འཁོར་ལོའི་རྩ་བ་དང༌། །འདོད་ཆགས་རྩེ་མོ་ཞེ་སྡང་ཚིལ་བུ་དང༌། །གཏི་མུག་འཁོར་ལོ་བེནྡེའི་མཁྲིས་པ་དང༌། །བོན་པོའི་ཐལ་བ་འདྲེ་འཇིགས་ཐང་ཆུ་དང༌། །བརྟན་པོའི་དྲེག་པ་དྲི་ཅན་ལྟེ་བ་རྣམས། (ཁོང་སྨན་འཕུལ་རྟ་) །དྲི་ཆུར་ (བྱུག་སྨན་ཁུ་བ་) སྦྱར་བ་ཕྱིར་བྱུག (གང་འཁྱུག་སར་) ཁོང་དུ་བཏང༌། །གཞན་ཡང་གཉན་སྨན་རིགས་ཀུན་ཁོང་བཏང་དང༌། །ཕྱིར་བྱུག་བྱས་ཀྱང་འཕྲོད་པར་བཤད་ནའང༌། །སྨན་མཆོག་འདི་ལས་ལྷག་པ་གཞན་གང་མེད། །མཐེ་བོང་སྲིན་ལག་སྟོད་སྨད་ (ཚབས་ཆེ་ན་བཞི་ཀ་དང་གཞན་གང་འགྱུར་ངོས་) གང་འགྱུར་གྱི། །ཉྭ་སུལ་ཉྭ་མཇུག་ཚིགས་པ་དྲུག་པ་དང༌། །སྐྱུག་ན་སྤྱི་བོ་སྐེ་སྟོང་དཀར་ནག་མཚམས། །འཁྲུ་ན་ལྟེ་འོག་མཚོན་གང་མེ་ཡིས་བསྲེག །ཛཱ་ཏི་སུག་སྨེལ་པི་ལིང་བཅའ་སྒ་དང༌། རྒྱ་ཚྭ་རྒོད་ཤའི་ཁུས་འཕུལ་སྐྱུག་ན་བཏང༌། །འཁྲུ་ན་ཨིནྡྲ་བཞི་སྟེང་ད་ཏྲིག་དང༌། །སྨག་དང་རམ་བུའི་མཁར་པོས་འཁྲུ་བ་བཅད། །དེ་ལྟར་ཞི་བྱེད་མ་ཞི་སྦྱོང་བ་དེ། །གོང་བཤད་དྲག་པོ་བཅུ་གསུམ་བཏང་བའམ། ། ཁ་ལ་རྒྱས་འདེབས་གང་རུང་བཤལ་གྱིས་སྦྱང༌། །མར་དཀར་ཐུག་པ་ལ་སོགས་ཟས་དྲོད་བསྟེན། །མཐིལ་བཞི་གཞུང་རྒྱུད་བསྐུ་མཉེའི་བྱུག་པ་དང༌། །ཉྭ་རྣམས་འགྱུར་བ་སྣམ་བུས་དམ་དུ་བཅིང༌། །ཕྱི་རྗེས་ཟས་སྤྱོད་གཉན་ཚད་སྤྱི་དང་མཐུན། །མི་འབྱུང་བསྲུང་ན་སྲོག་སྲུང་སྔགས་འདི་ནི། །ཨཱོཾ་ར་ཛ་ཧ་ཤི་མ་རུ་ཏྲི་ཡཾ་རྦད། ཏྲི་ཏ་རྦད་ཤ་ནེ་དུ་ཡཀྲཾརྦད་བྷྱོཿཤུ་དག་གླ་རྩི་ཤིང་ཀུན་སྦྱར་བ་ཡིས། །རྒྱ་ཤོག་བྲིས་ལ་རབ་གནས་སྤྱི་མཐུན་བྱས། །སྔགས་ཀྱིས་ངར་བཏགས་ལུས་ལ་བཏགས་པས་ཐུབ། །ཅེས་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་ཡོན་ཏན་རྒྱུད་ཀྱི་ལྷན་ཐབས་ཟུག་རྔུའི་ཚ་གདུང་སེལ་བའི་ཀཏྤཱུ་ར་དུས་མིན་འཆི་ཞགས་གཅོད་པའི་རལ་གྲི་ཞེས་པ་ལས་གཉན་ནད་བྱིན་གས་ནག་པོའམ་ཉྭ་ལོག་འཁྲུ་སྐྱུག་བཅོས་པའི་ལེའུ་སྟེ་སོ་བདུན་པའོ།།

 

 

མཐའ་མའི་འདོན་ཐེངས་།: 11.11.2020 ཉིན། 10:28 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།