སྨན་རྩིས་དྲ་བ། - མན་ངག་ལྷན་ཐབས།

ལེའུ་སོ་དགུ་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 10.11.2020
མན་ངག་ལྷན་ཐབས། >>

                                                         

ལེའུ་སོ་དགུ་པ། གཉན་ནད་འབྲས་བཅོས།

གཉན་རིམས་ཤ་རུས་རྩར་བེམ་འབྲས་ཞེས་པ།་ །རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་ལྔ་ཡིས་བསྟན། །རྒྱུ་ནི་གཉན་ཚད་སྤྱི་དང་འདྲ་བ་ལ། །དྲག་ཤུལ་རྐྱེན་དང་ས་བདག་ཀླུ་གཉན་འགྲས། །ངན་ཁྲག་ཆུ་སེར་རྐུན་བུ་ལ་སོགས་པ། །རླུང་བསྒྲིལ་ལུས་ཀྱི་ལྷན་སྐྱེས་སྲིན་དང་བསྡོངས། །ཤ་རུས་རྩ་ལ་ཞེན་པས་འབྲས་སུ་བརྗོད། །དབྱེ་བ་སྐབས་འདིར་ཕྱི་ནང་གཉིས་སུ་བསྡུས། །ཕྱི་ལའང་ཤ་རུས་རྩ་ཡི་འབྲས་གསུམ་ལས། །ཕྱི་རྟགས་རྩ་རྒྱུད་ཕྲ་འདར་སྐྲངས་མནན་སྲ། །ཤ་ཡི་འབྲས་ནི་ཉུང་གཤེར་འཁྱགས་པ་འདྲ། །རུས་འབྲས་རུས་པ་མདོག་འགྱུར་རྩི་ཉམས་ཟོས། །ཡང་ན་རུས་སྟེང་ལྕགས་ཀྱི་གཟེར་བཏབ་འདྲ། །རྩ་འབྲས་སྐྲངས་ཤིང་སྦྲུལ་ནག་ཁྲོས་པ་འདྲ། །དེ་ཡིས་བརྟག་པ་གུལ་ནག་ལྡོང་རོས་དང༌། །བ་བླ་མུ་ཟི་མཚལ་མཉམ་དྲི་ཆུར་སྦྱར། །རྨ་ཆེན་རྨ་མེད་གང་ཡིན་དོགས་སར་བྱུག  །མིན་ན་མི་འབྱར་ཡིན་ན་འབྱར་བ་ལ། །ཤུལ་དུ་ཤ་རོ་བྱུང་ན་འཁྲུལ་པ་མེད། །ཁོང་འབྲས་སྐྲན་ལྟར་རེག་པ་སྲ་བའམ། །མི་མངོན་གཏིང་ནུབ་ཟས་ལ་འཁྲེན་པ་སྟེ། །སྨིན་ནས་གྱེན་ཐུར་གཉིས་ཀར་རྣག་རྡོལ་འགྱུར། །བཅོས་ཐབས་སྨན་དཔྱད་ཟས་སྤྱོད་རྣམ་བཞི་སྟེ། །སྨན་ནི་སྤྱི་རུ་ཁོང་ལ་ཁྱུང་ལྔའི་སྟེང༌། །དངུལ་ཆུ་ཀླུ་བདུད་རྡོ་རྗེ་བྲག་སྤོས་དང༌། །གསང་བའི་སྨན་བསྣན་བཏང་བས་ཁོང་གཉན་བསྲུང༌། །བྱེ་བྲག་ཕྱི་འབྲས་མི་རུས་ཉ་ཡི་ཤ  །སྤྲུ་རྩ་རེ་ལྕག་ཅོང་ཞི་གཞིར་བཞག་སྟེང༌། །ཤ་ལ་བདུད་རྩི་ལྔ་བསྣན་ལུམས་ཀྱིས་འདུལ། །རུས་ལ་པི་ལིང་ར་མཉེ་འབའ་ཆ་དང༌། །རུས་སྣ་སྣ་ཚོགས་རྩ་ལ་མཚལ་ཚ་ལ། །བསིལ་བའི་སྔོ་སྣ་བསྣན་པའི་ལུམས་ཀྱིས་གདུལ། །མ་ཞི་ཀུན་ལ་སྒ་དང་པི་པི་ལིང༌། །ཕོ་རིས་གོ་སྙོད་གཡེར་མ་ལྕམ་འབྲུ་དང༌། །ལན་ཚ་ཤུ་དག་བི་ཥ་གླུམ་ཀླད་སྦྱར། །ཞག་འགའ་བཅིངས་ལ་དེ་རྗེས་རྨ་ཡོད་ན། །རྒྱ་ཚྭ་དོམ་མཁྲིས་སྒ་དང་པི་ལིང་ཕོ། །དྭ་བ་རྒུ་དྲུས་ཐར་ནུ་དབྱི་མོང་གི  །མྱུ་གུ་རྡོ་ཐལ་རེ་ལྕག་ལྕེ་ཚ་དང༌། །བུལ་ཏོག་སྦྲང་རྒོད་སྦྱར་བའི་བཅུ་བཞི་པའི། །རེང་བུ་མ་ཆོད་བར་དུ་རྨ་ནང་བརྫང༌། །ཡང་ན་རེ་ལྕག་བི་ཥ་སྤྱང་ཚེར་རྩ། །ཝ་དང་རི་བོང་བྲུན་རྣམས་ནུས་ལྡན་བསྲེགས། །དངུལ་ཐལ་དོམ་མཁྲིས་གུ་གུལ་དཀར་པོ་བསྡེབས། །རེང་བུ་གོང་བཞིན་ཞག་འགའི་བར་དུ་འཇུག །ཡང་ན་ཤ་ཡི་འབྲས་ལ་དབྱི་མོང་ཤུན། །སྲུབ་ཀ་ཐར་ནུ་སྦྲང་རྒོད་བཞི་སྦྱར་ལ། །རུས་འབྲས་དངུལ་ཟངས་ས་འབྲས་རྒྱ་ཚྭ་དྭ། །ཕག་ཚིལ་རྣམས་སྦྱར་རྩ་འབྲས་དེ་བཞིན་དུ། །རྒྱ་ཚྭ་རྒུ་དྲུས་ལྡོང་རོས་སྦྲང་རྒོད་དེ། །གསུམ་གར་བི་ཥ་དང་བཅས་སྦྱར་ལ་བྱུགས། །ཆོད་ནས་རྒུ་དྲུས་བ་བླ་ཡུང་ལྡོང་རོས། །དོམ་མཁྲིས་ཀ་ར་གོ་ཙན་ཐང་ཆུ་བྱུག  །དེ་ཡིས་ཤ་འུ་མྱུར་དུ་སྐྱེ་བར་བྱེད།  །ཁོང་འབྲས་སྨིན་དུ་མི་གཞུག་གསར་དུས་བཅོས། །དང་པོ་སྨྱུང་བྱ་བོང་ང་བྱི་ཏང་ག  །དུག་ཉུང་སྒྲོན་ཤིང་ཕོ་བ་རིས་བསྐོལ་བླུད། །དེ་ནས་སྤྱི་བཅོས་སྐབས་ཀྱི་ཁོང་སྨན་བསྟེན། །མ་ཐུབ་ཁྱུང་ལྔའི་སྟེང་དུ་བྱང་ཁྲ་དང༌། །རྒྱ་ཚྭ་མཚལ་དཀར་སྡིག་སྲིན་ཚ་ལ་དང༌། །ཆུ་སེར་སྨན་གསུམ་བསྣན་པའི་རྒྱུན་བཤལ་ལམ། །དྲག་པོ་གནམ་ལྕགས་ཟིལ་པའི་བཤལ་གྱིས་སྦྱང༌།  །ཟས་སྤྱོད་གཉན་ཚད་སྤྱི་བཞིན་བསྟེན་དགོས་ཀྱང༌། །ཅུང་ཟད་ཡང་པས་ཤ་གསར་ལ་སོགས་པ། །རྩ་ཆུའི་བབས་དང་བསྟུན་ཏེ་རིག་པས་དཔྱོད། །ཅེས་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་ཡོན་ཏན་རྒྱུད་ཀྱི་ལྷན་ཐབས་ཟུག་རྔུའི་ཚ་གདུང་སེལ་བའི་ཀཏྤཱུ་ར་དུས་མིན་འཆི་ཞགས་གཅོད་པའི་རལ་གྲི་ཞེས་པ་ལས་གཉན་ནད་འབྲས་བཅོས་ཀྱི་ལེའུ་སྟེ་སོ་དགུ་པའོ།།



 

 

མཐའ་མའི་འདོན་ཐེངས་།: 11.11.2020 ཉིན། 10:31 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།