སྨན་རྩིས་དྲ་བ། - གསོ་དཔྱད་རྒྱལ་པོའི་དཀོར་མཛོད།

ལེའུ་སོ་གསུམ་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 18.07.2019
གསོ་དཔྱད་རྒྱལ་པོའི་དཀོར་མཛོད། >>


ལེའུ་སོ་གསུམ་པ། ཅོང་ཞིའི་གདམས་པ།

 ཨོཾ་སྭསྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །ཅོང་ཞིའི་གདམས་པ་ནི། དང་པོ་ཅོང་ཞི་བཟང་པོ་དྲུས་ཕྱེ་ཙམ་དུ་བཏགས་ལ། ཆང་ངམ། ཤམ་པོ་ལ་བཏབ་ལ། སགས་ནས་སྦུ་བ་ཙིར་ཙིར་བྱུང་བ་དེ་རྣམས་བཟར་བུས་བྱབས་ལ་སྐྱུར་རོ། །དེ་ནས་ནུབ་གཅིག་བཞག་པ་གྲུང་པ་དེ་རས་གཙང་མའི་ཁུད་དུ་གཏུམས། རས་གཅུད་ལ་བཙིར། དེ་ནས་ནང་གི་རྩིགས་མ་དེ་རས་ཀྱི་ཁུད་དུ་བཀྲམ་ལ། སྟེང་ནས་རས་རྐྱང་པས་བཀབ་ལ་ཉི་མ་ལ་བསྐམ། བསྐྲམས་པ་དེ་རང་ཐགས་བཟང་པོ་ལ་ཉིས་འཐག་བྱས་ལ། དེ་ལ་པི་པི་ལིང་། ཕོ་བ་རིས་གཉིས། སྒ་རྡོག་ཕྱེད། རྒྱམ་ཚ་རིལ་མ་གཅིག་ཙམ། ཨ་རུ་ར་རྡོག་པོ་གཅིག བད་ཀན་སྨུག་པོ་ལ་ཀ་ར་དཀར་པོས་བྱ། སྐྱ་བོ་ལ་བུར་མ་དང་སྦྱར་ནས་ན་བའི་དུས་ན་ཉིན་གཅིག་ལ་ཡང་ནམ་ན་ཙ་ན་གཏང་ལ། མི་ན་ན་འཕྲོ་གཅོད་པ་ཡིན་ཏེ། འདི་དཀར་འདུས་ཞེས་བྱ་བ་ཁྱད་པར་ཅན་གྱི་གདམས་ངག་གོ། འདི་གཏང་བའི་སྔོན་དུ་ལ་ཕུག ཚ་མིག་ཞིབ་པར་བརྡུངས་ལ་ཆུ་ལྡུར་བ་བརྡུངས་ནས་འདྲེད་དུ་སོང་ནས་ནང་དུ་འགྲོ་མི་སྲིད་དོ། །མ་ཞུ་བ་སྙམ་བྱེད་ན་ཡུངས་རྡོག་རེ་རེ་བཅའ། རྩ་འགགས་ན་རང་གི་དྲི་ཆུ་གཏང་། ལྕམ་པའི་ཐང་བཏང་། དམ་ཚིག་ཏུ་འདི་བསྟེན་པའི་དུས་སུ་མར་ནག་དང་། སྣུམ་ཁུར་མི་བཟའོ། །སྤྱིར་ནད་བད་ཀན་ལ་རྒྱ་ཚ་གསུམ་པའི་ཐང་གཏང་། དེ་བས་སྦྱང་གཏང་ངོ་། །དེ་ནས་འདིའི་སྦྱོར་བ་བསྟེན་ན་གང་ཡང་སོས་སོ། །ཁྱད་པར་མཆོག་ཏུ་གྱུར་པའི་གདམས་ངག་རྡོ་ཆུའི་གདམས་ངག་ནི། མོ་གཅོང་བཟང་པོ་འགར་(མགར་)བའི་སོལ་མེར་བསྲེག ཅུ་གང་བཟང་པོའི་ཆུ་ལ་སྐྱུར་རོ། །དེའི་ཆུ་དེས་བསྐུ་བྱུག་བྱས་པས་སོ་དམ་པ་དང་། ལུས་རྡོ་རྗེ་བཞིན་དུ་འགྱུར་རོ། །ཚེ་ཉི་ཟླ་ལྟ་བུར་འགྱུར། སྟོབས་ཆེ། མདངས་རྨ་བྱ་དང་འདྲ། མིག་གིས་ཚངས་པའི་གནས་མཐོང་། སྐྲ་དཀར་དང་གཉེར་མ་མེད། རོ་ཙ་བར་བྱེད་དོ། །གཞན་ཡང་ཡོན་ཏན་བསམ་གྱིས་མི་ཁྱབ་བོ། །དཔལ་དུས་ཀྱི་འཁོར་ལོ་ནས་འབྱུང་། ཨི་ཐི། །རོ་སྟོད་ཚ་ཁོང་ངན་ནེ་བ། ནས་ཆང་འཇམ་པོ་ལ་ཅོང་ཞི་བཏབ་ལ་གཏང་། དེས་སེལ་ལོ། །ཛཱ་ཏི། ཅོང་ཞི་སྦྱར་ནས་གཏང་ན་སྙིང་རླུང་སེལ་ལོ། །བྲག་ཞུན་རིལ་མ་ཙམ་ཅིག་ཅོང་ཞི་དང་སྦྱར་ནས་གཏང་ན་བད་ཀན་དང་། དུག་ཐམས་ཅད་ཀྱི་ནད་སེལ་ལོ། །ཅོང་ཞི་དང་སྤང་རྒྱན་དཀར་པོའི་རྩ་བའམ། མེ་ཏོག་དང་སྦྱར་ནས་གཏང་ན་གྲེ་བའི་ནད་ལ་ཕན་ནོ། །བྲག་ཞུན་འདུལ་བའི་ཐབས་ནི། བྲག་ཞུན་ཁྲམ་ཁྲུམ་དུ་བརྡུངས་ལ་ཆུ་ལ་གདབ། དེ་ནས་བྲ་བའི་རིལ་མ་གཞིབ་ལ་སྐྱུར། དེ་ནས་ཡང་དཀྲུགས་ལ་དར་གཅིག་ན་རིལ་མ་བཞག དེ་ནས་དངས་མ་བཞུར་ལ་མེ་ལ་བསྡུ། དེ་ལྟ་བུ་སོང་བ་དང་། ཉི་མ་ལ་སྐམ་མོ། །འབྲུམ་ནག་གིས་གྲེ་བ་འཐབས་ན་དངུལ་ཆུ་དུག་མ་བཏོན་པ་དང་། གླ་རྩི་དང་ར་ཁྲག་སྦྱར་ནས་བཏང་བས། འབྲུམ་ནག་མཐོན་པ་རྣམས་ཕྱིར་འབྱུང་བར་འགྱུར་རོ། །ཡང་འབྲུམ་པས་གྲེ་བ་འགགས་པ་ལ། བོང་ང་ནག་པོ་སུམ་གཉིས། ཨ་རུ་སུམ་ཆ་སྦྱར་ནས་གྲེ་བར་བཏབ་སྟེ་ཅུང་ཟད་ཅིག་ན་ཧག་བྱས་པས་སངས་ནས་འགྲོའོ། །དངུལ་ཆུའི་དུག་འདོན་པ་ནི། ཚ་བ་སླད་པའི་མཆིལ་མ་དང་བསྣུར་བས་གཡའ་གུང་དུ་འོང་ངོ་། །ཡང་ན་ལྟར་བུས་ཀྱང་ངོ་། །རྒྱམ་ཚ་དང་། གླ་རྩི་ཆ་བསྙམས་ནས་ཞིབ་པར་བཏགས་ཏེ། ལིང་ཏོག་ལ་བཏབ་ན་མྱུར་དུ་སེལ་ལོ། །གཉན་རིགས་ཀྱི་ནད་འཇོམས་པའི་ཁོང་སྨན་ནི། ར་དུག་ཞོ་གཅིག་ཁྲོན་བུ་ཞོ་གཉིས། ཤུག་པ་ཚེར་མ་ཅན་གྱི་ལོ་མ་ཞོ་གཅིག་སྦྱར་ནས་བཏང་ན་གག་པ། ལྷོག་པ། གཟེར་ཐུང་། གཉན་རིགས་ཀྱི་ནད་ངན་ཙམ་སེལ་ལོ། །སྦྲུམ་མ་ལ་བཏང་ན་བུ་འཆོར་རོ། །འདི་ནི་ཁྱད་པར་གྱི་གདམས་པའོ། །ཨོཾ་ར་ད་ར་སོད། དུ་ར་སོད། ཆར་ཆར། ཆིར་ཆིར། སྲིན་བུ་མགོ་དམར་སོད། ཅེས་སོ། །སྲིན་ལ་ཆུ་རྩ་སྲན་མ་ཙམ་གསུམ་སྔགས་བརྒྱ་བརྒྱ་སོ་སོར་བཏབ་ལ། སོ་ན་བའི་བར་དུ་མནན་ནོ། །མིག་གི་སྲིན་བུ་ལ། གྱོ་མོ་གསར་པ་ལ་བརྒྱ་བཏབ་ལ། དར་ཚགས་ལ་བཙགས་ནས་དག་པ། ཁོང་སྲིན་ལ་བཞི་འོ་མ་ལ་ཚ་བཏབ་ལ་བསྐོལ་ཏེ་སྔགས་མང་དུ་བཏབ་ལ་ལྟོར་གཏང་ངོ་། །ལན་འགའ་བཏང་ངོ་། །སྲིན་བཤལ་གཏང་ན་རང་གི་དྲི་ཆུ་ལ་ཚ་ཞིབ་པོ་ཚུམ་གཅིག་བཏབ་ལ་མེ་ལ་བསྐོར། གྲངས་པ་དང་འཐུངས་ཏེ་མལ་ཆས་བྱིབས་ལ་ཉལ། ཅུང་ཞིག་ན་སྲིན་ཐམས་ཅད་འབྱུང་ངོ་། །དེས་ལོ་དུས་སམ་ཟླ་ཕྱེད་ཐུབ་བོ། །ས་མཱ་པྟ་མི་ཐི།། །།

 

མཐའ་མའི་འདོན་ཐེངས་།: 18.07.2019 ཉིན། 2:26 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།