སྨན་རྩིས་དྲ་བ། - མན་ངག་ལྷན་ཐབས།

ལེའུ་སོ་གཉིས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 10.11.2020
མན་ངག་ལྷན་ཐབས། >>

                                          

  ལེའུ་སོ་གཉིས་པ། གཉན་ནད་གཟེར་ཐུང་ངམ་སྟོད་གཟེར་དུ་གྲགས་པ་བཅོས་པ།

རོ་སྟོད་གཉན་བབས་གཟེར་ཐུང་ཞེས་བྱ་འམ། །སྟོད་གཟེར་གློ་ཚད་ཅེས་སུ་གྲགས་པ་འདི། །རྒྱུད་ཆེན་འཁྲུགས་ཀྱི་ལེའུའི་ཁོངས་བསྡུས་པ། །ངོ་བོ་གཉན་རིམས་སྤྱི་དང་འདྲ་བ་དེ། །རྟགས་སྲུང་འབབ་ས་བཅོས་ཐབས་བཞི་ཡིས་བསྟན། །རྟགས་ནི་རྒྱས་འཁྲུགས་སྐབས་ཀྱི་ཀུན་ཚང་སྟེང༌། །རྩ་ནི་ཐུང་ལ་སྦུད་སྦུད་ལན་མང་འཕར། །གཟེར་འཕོ་ལུད་པ་འགྱུར་ལྡོག་མང་བ་ལ། །ལྕེ་མཆུ་སྐྱ་སེར་ལུས་དང་ཤེས་པ་ཡང༌། །གཉིད་ཆུང་བ་སྤུ་ལྡོག་ཅིང་ཡམས་ཐབས་འབྱུང༌། །དེ་ལ་རླུང་གཉན་ཁྲག་གསུམ་གང་ཤས་ཆེ། །སྲེ་ལོང་ཐང་བཏང་ཕན་དང་བཏང་སྙོམས་དང༌། །གནོད་པ་རིམ་བཞིན་ངོས་འཛིན་ཤེས་པར་བྱ། །གཞན་ཡང་ཁྲག་གཟེར་གཡས་དང་གཉན་གཟེར་གཡོན། །རླུང་གཟེར་ངེས་པ་མེད་ཅེས་གོང་སྨན་གསུང༌། ཁྱད་པར་ཚིག་པ་ཟ་བ་གཉན་གྱི་གཟེར། །སྲུང་བྱེད་ག་པུར་མུ་ཟི་ལན་ཚྭ་དང༌། །གུ་གུལ་ལེགས་སྦྱར་གོང་པ་གཡོན་ལ་བཏགས། །བབས་ས་སྙིང་ལ་མིག་དམར་ནུ་མཆིན་གཟེར། །ལྕེ་སྐམ་དྲན་པ་མི་གསལ་བླ་འཆོལ་སྨྲ། །གློ་ལ་བབས་ན་ལུད་པ་སྣ་ཁྲག་ལུ། །དཔུང་མིག་སྒྲོག་རུས་སོག་དབྲག་བྲང་མདོ་ན། །མཆིན་བབས་གཡས་ཀྱི་རྩིབ་ལོགས་མཆིན་སྟེང་ན། །ཤེད་ཆུང་ལང་འདོད་བཤུལ་ཤ་ལྕི་བ་ཡིན། །མཆེར་བབས་འབུར་ཚུགས་བལྟ་ཞིང་སྦྲིད་པ་མང༌། །རྩིབ་ཐུང་གཡོན་གཟེར་ལུས་ལ་འབྲུམ་ཆུང་འོང༌། །མཁལ་བབས་མཁལ་རྐེད་ན་ཞིང་དགྱེ་དགུ་དཀའ། །རྩ་འཁྲུགས་ལུས་སྦྲིད་མིག་དམར་སྨྲ་བ་འཆོར། ཁ་སྐམ་ཆུ་འདོད་ལྕེ་ཐུང་གྲེ་བ་ཚ། །མཁྲིས་བབས་ཁ་ཁ་ལུས་སེར་སྐྲ་འདབ་རྔུལ། །རླུང་འཁྲུགས་ཁ་སྐམ་འཕྱོ་འདར་གཡལ་སྐྱིགས་འབྱུང༌། །ལུད་རིགས་སྐྱ་གསོབ་དམར་པོ་སེར་སྨུག་དང༌། །སྨུག་ནག་སྲེ་བོ་དམར་ཐང་སེར་ལ་དྭངས། །སྔོན་པོ་ལྦུ་བ་ཅན་དང་བརྒྱད་དུ་བརྟག །ཞག་ཀག་གློ་ཚ་དུག་ཐབས་བདུན་ཡིན་ཏེ། །གཞན་རྣམས་དགུ་ཡིན་བཅུ་གཅིག་འདས་འཚོ་མང༌། །གློ་བུ་སྙིང་མཆིན་བབས་པ་སྲོག་ལ་རྒོལ། །མཆེར་མཁལ་ཉེན་ཆེ་གློ་མ་མཁྲིས་བབས་འཚོ། །མོད་ནས་ལུས་ཀྱི་སྟོབས་ཤོར་གཟི་མདངས་ཉམས། །ལུད་པ་དུད་ཁུ་གཟེར་ལ་བཅོས་སྐྱེད་མེད། །དབུགས་ཐུང་ལུད་པ་གསོག་ཅིང་འདྲེ་ཁ་རྒོད། །ནད་ལྡོག་མང་ན་གནད་དུ་བབས་པ་ཡིན། །ཞག་ཀག་འདས་ཀྱང་འཚོ་བ་ག་ལ་སྲིད། །ནད་ལ་ལྡོག་ཆུང་དབུགས་དལ་ལུད་པ་ཁོགས། །སྨན་གཏར་གཟེར་ལུད་ཚ་བ་བཅོས་སྐྱེད་ཆེ། །འཚོ་བར་ངེས་ཀྱི་ལེ་ལོ་སྤོངས་ལ་བཅོས། །དེ་ཡང་སྨན་སྔགས་དཔྱད་ཟས་སྤྱོད་ལམ་ལྔ། །སྨན་ལ་དང་པོ་སླེ་ཏྲེས་ཨ་རུ་ར། །བཙོད་ཀྱི་ཐང་གིས་སྨིན་སྡུད་འབྱེད་པར་བྱེད། །དེ་རྗེས་ཨ་བྱག་གཟེར་འཇོམས་ཤ་ཆེན་དང༌། །ཐར་ནུ་ཆུ་རྩ་འཛིན་པ་ལྔ་ཡི་སྟེང༌། །ཚད་པའི་རྟགས་ཆེ་གི་ཝཾ་གླ་རྩི་བསྣན། །གུ་གུལ་ཐང་གིས་འཕུལ་བ་བཏང་བའམ། །རླུང་རྟགས་ལྡན་ན་ནས་ཟན་ཀླད་པ་དང༌། །གོ་ཐལ་བསྣན་པ་ཆང་གིས་འཕུལ་ལ་བཏང༌། །དེ་དག་བསད་དབྱུང་གཉིས་པོ་སྦྲགས་མ་སྟེ། །གཟེར་གྱི་གཉན་འཇོམས་འགྲོ་བའི་སྲོག་སྟེར་བྱེད། །ཡང་ན་འཛིན་པ་བོང་ང་ནག་པོ་དང༌། །ཤུ་དག་གུ་གུལ་གླ་དངུལ་གསང་བའི་སྨན། །མུ་ཟི་སྤྲུ་ནག་ཨ་བྱག་གི་ཝཾ་སྦྱར། ཁ་འཛིན་རླུང་གཟེར་ཛཱ་ཏི་ཚིལ་ཆེན་དང༌། །མཁྲིས་པར་སུམ་ཅུ་ཏིག་དང་དུག་མོ་ཉུང༌། །བད་ཀན་མ་ནུ་པ་ཏྲ་ཅོང་ཞི་དང༌། །འདུས་པ་ཚ་ལ་ཨ་རུ་ཁྲག་རུ་རྟ། །ལྷོག་གཟེར་སྟག་ཤ་མགོ་གཟེར་ལུག་མིག་དང༌། །འབྲུག་རུས་རྩིབ་ལོགས་མཆིན་དྲི་གཟེར་བ་ལ། །སྤྲུ་དཀར་གུར་ཀུམ་བྲག་ཞུན་མཁལ་རྐེད་ལ། །སུག་སྨེལ་ཡན་ལག་གཟེར་ལ་དབང་ལག་དང༌། །སླེ་ཏྲེས་གློ་སྙིང་གཟེར་ལ་ཅུ་གང་དང༌། །ཨ་གར་ཛཱ་ཏི་མཆིན་གཟེར་གུར་ཀུམ་བསྡེབས། །མཆེར་གཟེར་གསེར་མེ་ཕོ་གཟེར་མཁུན་གྲོས་འདེབས། །རྒྱུ་མར་ཨ་རུ་དུག་ཉུང་སྙ་ལོ་བཙོད། །སྲིན་གཟེར་མཚུར་ནག་མཁུན་པ་སྤྲུ་དཀར་དང༌། །གྲེ་གཟེར་རུ་རྟ་རྒྱ་ཚྭ་སྦལ་པའི་ཤ། །གློ་འཁྲུགས་ཚ་བར་ཏིག་ཏ་ཧོང་ལེན་དང༌། །ལུག་ངལ་ཡ་མ་ཀླད་གཟེར་ར་ཁྲག་དང༌། །གུ་གུལ་བསྐྱེད་སོགས་རང་རང་ཁ་བསྒྱུར་བསྡེབས། །གཟེར་རིགས་ཀུན་ལ་འགྲོ་བའི་དཔའ་བོ་ཡིན། །སྔགས་ཀྱིས་གཟེར་བཅོས་ཆུ་རྡོ་གནམ་མ་མཐོང༌། །ཨོཾ་བྷི་ཛ་ཝང་ཝང་གར་ཛ་ཏིང་ཏིང་སྭཱཧཱ། །ཞེས་པ་མང་བཟླས་གཟེར་སྟེང་མནན་པས་སེལ། །ཡང་ན་རྒྱ་ཤོག་རྒྱ་སྣག་འདི་བྲིས་ལ། །ར་ཛ་ཧྲི་མ་ར་ཡ་ཕཊཿ ཅེས་བྲིས་གཤམ་དྲིལ་ཁོང་བཏང་གཟེར་རིགས་འཆག །དེ་ལྟར་ཞི་བྱེད་རིགས་ཀྱིས་མ་ཞི་ན། །སྤྲུ་ནག་གླ་རྩི་མུ་ཟི་གུ་གུལ་དང༌། ཤུ་དག་སྨན་ཆེན་ཨ་བྱག་ཐར་ནུ་བ། །ལྡོང་རོས་ཨ་རུ་མཚུར་གཉིས་ཡུང་བ་རྣམས། །བྲག་ཞུན་ཆུས་སྦྲུས་རིལ་བུ་བྲ་རིལ་ཙམ། །གཉན་ཚད་སྤྱི་བཤལ་ཁ་ལ་རྒྱས་འདེབས་ཏེ། །ཁྱད་པར་གཟེར་གྱི་རིགས་ལ་བསྔགས་པའམ། །ཡང་ན་གཟེར་སྨན་སྦྱོར་བ་གང་རིགས་ལ། །ཐར་ནུ་གཙོར་སྨོས་དེ་སྟེང་ཨ་རུའི་མཆུ། །རེ་ལྕག་བསྣན་པས་ཐུར་སྦྱང་ཆུ་ཚན་གྱིས། །ལྕག་བསྐུལ་གྲང་ཤུམ་ཞི་ཞིང་དབུགས་ཁ་དལ། །གཟེར་དང་ཁྲོ་བ་ཞི་ན་གཉན་མགོ་ཆོགས། །དེ་ཡང་གཏར་བའི་དུས་སུ་སླེབ་པ་དེ། །ལུད་པ་ལྦུ་ཆུང་དཀར་གསོབ་རྩེ་ཆུང་གཏར། །ལུད་པ་ཁྲག་ཅན་རུ་ཐུང་གཡོན་པ་དང༌། །ལུད་པ་དུད་ཁུ་རུ་ཐུང་གཡས་པ་གཏར། ཁ་ཟས་ཆག་ཚེ་བ་རའི་ཞོ་དར་དང༌། ཁུར་མང་སྐྱབས་ཚོད་ཆུ་གྲོག་བསྐོལ་གྲངས་བསྟེན། །ལན་ཚྭ་ཤ་ཆང་ལ་སོགས་དྲོད་བཅུད་བསྡམ། །སྤྱོད་ལམ་མེ་དང་ཉི་མ་དྲག་ཤུལ་སྤང༌། །བསེར་བུ་གྲིབ་མ་བསིལ་སར་དལ་བར་བསྡད། །དེ་ལྟར་བཅོས་རྗེས་ཚད་སྟོབས་ཅུང་ཟད་འཆག །རྩ་དལ་ལུད་པ་འགྱུར་ལ་གཟེར་བ་ཆོགས། །དེ་ནས་ཙན་དན་གི་ཝཾ་བསིལ་གསུམ་དང༌། །ཏིག་ཏ་བ་ཤ་ཀ་དང་ཀ་ར་སྦྱར། །གློ་མང་ཤིང་མངར་འགོགས་དཀའ་སྟར་བུ་བསྣན། །གཟེར་མེད་ལུད་པ་གཙང་ལ་དང་ག་བདེ། །ལུས་དང་ཤེས་པ་ཡང་ལ་སྙིང་རྩ་སེང༌། །རི་ཐང་མཚམས་སུ་སླེབ་པས་གསར་བཅུད་གློད། །བཅོས་ཉེས་མ་བྱུང་ནད་ངོས་ཟིན་པ་ན། །བཤལ་གཏར་མི་དགོས་ཞི་བྱེད་ལྷོགས་པ་མང༌། །དཔྱད་དགོས་རུང་མིན་སྔོན་འགྲོ་ཕྱི་རྗེས་ཀུན། །ལས་ལྔ་སྤྱི་དང་མཐུན་པར་ཤེས་པར་བྱ། །ཞེས་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་ཡོན་ཏན་རྒྱུད་ཀྱི་ལྷན་ཐབས་ཟུག་རྔུའི་ཚ་གདུང་སེལ་བའི་ཀཏྤཱུ་ར་དུས་མིན་འཆི་ཞགས་གཅོད་པའི་རལ་གྲི་ཞེས་པ་ལས་གཉན་ནད་གཟེར་ཐུང་ངམ་སྟོད་གཟེར་དུ་གྲཌ་པ་བཅོས་པའི་ལེའུ་སྟེ་སོ་གཉིས་པའོ།།

 

 

མཐའ་མའི་འདོན་ཐེངས་།: 11.11.2020 ཉིན། 10:17 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།