སྨན་རྩིས་དྲ་བ། - མན་ངག་ལྷན་ཐབས།

ལེའུ་སོ་གཅིག་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 10.11.2020
མན་ངག་ལྷན་ཐབས། >>

                                                           

   ལེའུ་སོ་གཅིག་པ། གག་པ་བཅོས་པ།

གག་པའི་རྒྱུ་རྐྱེན་སྤྱི་ཆིངས་སྐབས་སུ་སོང༌། །འདི་རུ་དབྱེ་བ་རྟགས་བཅོས་གསུམ་གྱིས་བསྟེན། །དབྱེ་བ་ཕོ་མོ་བུ་དང་གཉན་གག་བཞི། །རྟགས་ནི་ལྕེ་ཡི་སྟེང་ལ་བད་ཀན་མཐུག །ལྕེ་མཆུ་འགྲམ་དང་རྐན་ཕུགས་ཐོར་པ་ཆགས། །གྲེ་བ་སྐད་འགགས་ཟས་དང་སྐོམ་མི་ཐར། །ཁྱད་པར་ཕོ་གག་སྐར་ཆེན་ཤར་བ་འདྲ། །མོ་གག་རྒྱ་ཕོར་ཁ་བུབ་ལྟ་བུ་སྟེ། །བུ་གག་ཞོ་ཆལ་གཏོར་བ་འདྲ་བ་འོང༌། །གཉན་གག་རལ་གྲི་སྣ་མའི་གཞུང་འདྲའམ། རུས་སྦལ་རྒྱབ་དང་ཁྲོ་བོའི་མིག་དང་འདྲ། །མིག་ལམ་མཐོང་བའི་ཕྱི་ཡི་རྟགས་ལ་བཟུང༌། །བཅོས་ཐབས་རྫས་དང་བསད་སྦྱངས་ཞི་བཞུ་དང༌། །བཅད་པ་ཟས་དང་ལོག་པ་མནན་དང་བརྒྱད། །དང་པོ་རྫས་ལ་རྨིགས་ཤ་ནས་འབྲུ་གསུམ། །སྐྱི་འབྲུ་རྒྱ་གཡེར་བཞི་པོ་ཆུ་སྦྱར་བཏང༌། །གསོད་བྱེད་སྨན་སྔགས་ཟུང་ལས་དང་པོ་རུ། །སྨན་ནི་གུ་གུལ་ཕུར་ནག་ཐང་བཏང་ལ། །ལྷོག་པར་བཤད་པའི་ཁྱུང་ལྔ་ཁ་ཚར་རམ། །བྱང་ལུགས་སྤང་རྩི་བཅུ་གཉིས་ཚད་ལྡན་སྟེང༌། །ལི་ཤི་གཙོར་སྨོས་ཚར་བོང་ཐང་གིས་དབུལ། །ཀྱི་ལྕེ་ (ཕྱི་རྒྱུད་ལས་) དཀར་པོ་སྤང་རྩི་དོ་བོ་དང༌། །སྤང་རྒྱན་དཀར་པོའི་ཕྱེ་མས་གག་ལྷོག་སེལ། །མེ་ཏོག་གསུམ་པ་ཞེས་གྲགས་དེ་ཡི་སྟེང༌། །སྟག་ཤ་ཤུ་དག་འཛིན་པ་ཨ་རུ་ར། །ཚར་བོང་ཕྱེ་མ་ཐུན་རེ་སྨྱུག་སྦུབས་བླུག །ལྕེ་མནན་ཆེ་ཆུང་རན་པའི་དབུགས་ཀྱིས་བུས། །གཞན་ཡང་རྒྱུད་ཆེན་མང་སྦྱོར་ཆེན་མོ་ཤིས། །སྔགས་ཀྱིས་བསད་པ་ལྕགས་ཀྱི་བྱ་ཁྱུང་བསྒོམ། །སྔགས་ཆུ་བླུད་ཅིང་སྐྲངས་ཀྱི་མཐའ་ནས་བརྡེག །ཨོཾ་ནག་པོ་ཀཱ་ལ་རཀྵ་རྦད་རྦད་སོད་སོད་ཕྱུངས་ཕྱུངས། སྤུ་གྲི་ཟངས་ཟངས། ལྕགས་ཀྱི་སྡེར་མོས་གནོད་བྱེད་འབྱུང་པོའི་སྙིང་ལ་ཟོ། །ནཱ་ག་བྱི་ར་ཡ་སོད།  ནཱ་ག་བྱི་མ་ལིང་སོད།  སྨྲ་བ་བཅད་དེ་བཟླས་པས་གཉན་རྣམས་གསོད། །གུ་རུ་ཆེན་པོའི་བདུད་རྩིའི་བུམ་པ་ལས། །ཧུར་ཁྱུང་ཧུར་ཁྱུང་སོད། །སྤྲུལ་ཁྱུང་སྤྲུལ་ཁྱུང་སོད། ནཱ་ག་ནཱ་ག་སོད། དྷེ་བ་དྷེ་བ་སོད། ཅེས་པ་སྨན་དང་ཆུ་དང་ཟས་རྣམས་ལ། །མང་བར་བཟླས་ལ་བཏབ་པ་ཁོང་དུ་བཏང༌། སྤྱི་བོའི་གཙུག་དང་མཐིལ་བཞི་ལྟེ་ཁུང་དང༌། །ཕོ་མོའི་གསང་གནས་རྣམས་སུ་གདབ་པར་བྱ། །སྐྲངས་པ་རྣམས་ཀྱི་མཐའ་བསྐོར་དབུས་སུ་བསད། །མགོ་བོ་སྐམ་པོ་འཕྲེད་ལ་གདབ་པ་དང༌། །ཉྭ་གཞི་རྣམས་ལ་རློན་པ་ཐུར་ལ་བརྡའ། །ངག་བཅད་མང་དུ་བཟླས་ལ་དྲག་ཏུ་བཏབ། །ཡང་ན་རི་བོང་པགས་པར་སྔགས་འདི་བཟླས། །གུ་གུལ་ན་འཚོ་ཨ་ཧྲི་པ་ཏ་ཧྲི་པ་ལ་ཧཱུཾ།  སྐྲངས་དང་ན་ཟུག་གང་ཡོད་གླན་པས་འཇོམས། །སྲུང་བྱེད་རིན་པོ་ཆེ་ཡི་སྔགས་འདི་བྲིས། ཌཀྵཐ་རྒྱ་ཅ་ཐ།  ཨཱོཾ་ན་ག་པ་རུ་པ་ཙ་ཧ་ལེ་ཕེས་སོད། གྷ་ལ་ཧུར་ཁྱུང་རྦདཿ  ལཾ་ཙམ་ཐྷྭརྭབྩཏ།  ཁྲག་གིས་བྱུགས། ཤམ་བུ་དང་བཅས་འཕྲེང་གཅིག་སྤྱི་བོར་བཏགས།  མི་ལག་མི་འགྲིམ་བྲིས་མཁན་གདན་མ་ལངས། །གག་པ་ལ་སོགས་ས་ནད་ཀུན་ཐུབ་འགྱུར། །ཅེས་སོགས་ནུས་ལྡན་སྔགས་ཀྱིས་བསད་པའོ། །དེ་ནས་སྨན་དང་སྔགས་ཀྱིས་བསད་པའི་རྗེས། །འདི་ལ་དཔྱད་མཆོག་སྦྱང་བ་བཤལ་ལས་མེད། །དེ་ཕྱིར་ཁྱུང་ལྔར་སྟག་ཤ་གུ་གུལ་དང༌། །ཐར་ནུ་ཆུ་རྩ་རེ་ལྕག་བསྣན་པས་སྦྱང༌། །ཡང་ན་བཟང་དྲུག་གླ་རྩི་གུ་གུལ་ནག །ཤུ་དག་མུ་ཟི་སྟག་ཤ་ཤ་ཆེན་དང༌། །ལྷོག་དུག་ཐར་ནུ་ཆུ་རྩ་དུག་པུཥ་པ། །གསེར་གྱི་མེ་ཏོག་ཧོང་ལེན་གི་ཝཾ་རྣམས། །དྲི་ཆུར་སྦྱར་བས་གསོད་སྦྱོང་ཆིག་ཆོག་བྱེད། །ཡང་ན་ཁ་ལ་རྒྱས་འདེབས་དག་ཀྱང་ཤིས།  །ཞི་བ་ཚྭ་བཙོད་འཛིན་པ་ཕོ་ཚོས་གདབ།  །བཞུ་བ་ཚ་ལ་རྒྱ་ཚྭ་མཚུར་གཉིས་གདབ། །བཅད་པ་རྒྱ་ཚྭ་རུ་རྟ་ཤུ་དག་གདབ། །དེས་མ་ཆོད་ན་ཀྱུང་བུས་བཞར་རྗེས་བསྲེག །ཟས་ནི་ཚ་སྐྱུར་དཀར་མངར་དྲོད་བཅུད་སྤང༌།  །ཕྱེ་ཚོད་དྲལ་ཐུག་ཆུ་གྲོག་བསྟེན་པར་བྱ། །ནད་ལོག་ཡར་རྫོང་ཀླད་ལ་ཤོར་བ་ན། །སྣ་ནས་ཆུ་སེར་འཛག་ཅིང་བླ་འཆོལ་སྨྲ། །དེ་ལ་སྣ་བཤལ་བཏང་ཞིང་ཆུ་སེར་སྦྱང༌།  །སྤྱི་བོའི་གཙུག་དང་སྡུད་སྒོ་སྨིན་མཚམས་བསྲེག  །མར་རྫོང་སྙིང་ལ་ཤོར་ན་ཤེས་པ་སྨྱོ།  །ལྕེ་གཞུང་ནག་ལ་ག་པུར་རྒྱལ་བློན་སྦྱར།  །རྩེ་མགོ་ཨོལ་མདུད་སྐེ་སྟོང་ཚིགས་པ་དྲུག  །བདུན་དང་དཀར་ནག་མཚམས་ནི་བསྲེག་པར་བྱ།  །དེ་ལ་སྐྱེད་མེད་ཚེ་ཟད་སྤང་བར་བྱ། །ཞེས་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་ཡོན་ཏན་རྒྱུད་ཀྱི་ལྷན་ཐབས་ཟུག་རྔུའི་ཚ་གདུང་སེལ་བའི་ཀཏྤཱུ་ར་དུས་མིན་འཆི་ཞགས་གཅོད་པའི་རལ་གྲི་ཞེས་པ་ལས་གག་པ་བཅོས་པའི་ལེའུ་སྟེ་སོ་གཅིག་པའོ།།

མཐའ་མའི་འདོན་ཐེངས་།: 11.11.2020 ཉིན། 10:16 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།