སྨན་རྩིས་དྲ་བ། - མན་ངག་ལྷན་ཐབས།

ལེའུ་སུམ་ཅུ་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 10.11.2020
མན་ངག་ལྷན་ཐབས། >>

                                                   

ལེའུ་སུམ་ཅུ་པ། གཉན་ནད་མགོར་བབས་ཀླད་གཟེར་བཅོས་པ།

གཉན་ཞེས་བྱ་བའི་གདུག་ཅན་ནད་སྣ་ནི། །བསོད་ནམས་མཐུ་ཞན་སྙིགས་དུས་སེམས་ཅན་ལ། །གཞུང་ཆེན་རྣམས་སུ་མ་གྲགས་ནད་སྣ་དང༌། ཕྱོགས་ཙམ་མ་གཏོགས་མ་གསུངས་དུ་མ་འབྱུང༌། །བཅོས་པའི་ལོང་མེད་འཕྲལ་དུ་ཐོག་བབས་གསོད། །གཉན་ནད་ནག་པོས་འཛམ་གླིང་བཞི་ཆ་སྟོང༌། །དྲག་པོའི་ཟུག་རྔུས་ལུས་ཟུངས་གློ་བུར་འཁྲུག །ཚ་ཡང་གྲང་ཚུལ་གྲང་ཡང་ཚ་ཚུལ་སྟོན། །ངེས་མེད་སྣ་ཚོགས་རྩ་ཆུ་འཆོལ་བར་འབྱུང༌། །དེ་ཕྱིར་བལྟ་རེག་དྲི་བས་ངོས་བཟུང་དཀའ། །དྲི་ཕོག་ཡམས་ཐབས་འགོས་ནས་མཆེད་པ་སོགས། །ལྟར་སྣང་རིམས་ནད་སྤྱི་དང་འདྲ་ནའང༌། ནད་གཞན་གསོ་བའི་ཐབས་ཚུལ་དུ་ཤེས་ཀྱང༌། །འདི་ལ་སྒོས་ཀྱི་གཉེན་པོས་མ་སླེབས་ན། །སྨན་དཔྱད་གང་ཡང་ནད་ཀྱི་གྲོགས་ཡིན་ཏེ། །འཆི་བདག་ཁ་རུ་དེ་སྲོག་མྱུར་དུ་འགྲོ། །དེས་ན་ཐུགས་རྗེའི་གཏེར་མཛོད་ཨོ་རྒྱན་རྗེས། །སྙིགས་མའི་འགྲོ་བ་རྣམས་ལ་བརྩེས་དགོངས་པའི། །ཡབ་རྗེ་ཀུན་མཁྱེན་དམ་པ་མི་རྗེའི་ཚུལ། །བཟུང་བའི་མངའ་བདག་ཁྲི་སྲོང་ལྡེའུ་བཙན་སོགས། །དག་པའི་འཁོར་ལ་གདམས་པའི་ཟབ་གནད་དང༌། །གཞན་ཡང་སྒོས་ཀྱི་ཟབ་དགུ་བྱེ་བའི་བཅུད། །ཉུང་ངུར་བསྡུས་ནས་བཤད་ཀྱིས་ཡིད་ལ་གཟུང༌། །འདི་ལ་སྒེར་རྒྱུ་དེ་རྐྱེན་བབས་ས་དང༌། །མི་འབྱུང་སྲུང་བ་རྟགས་དང་གསོ་བའི་ཐབས། །དམ་ཚིག་ལོག་གནོན་ཕྱི་རྗེས་བཅད་དང་དགུ །དེ་ལ་རྒྱུ་ནི་དུག་གསུམ་ལས་སྐྱེད་པའི། །སྡེ་བརྒྱད་ལ་སོགས་དྲག་པོའི་གདོན་ཡིན་ཏེ། །རྐྱེན་ནི་མི་བསྲུན་སྙིགས་མའི་མི་རྣམས་ཀྱིས། །ཁྲིམས་ལ་མི་གནས་མནའ་ཟ་ནང་དམེ་བྱེད། །བག་མེད་ཐོ་ཅོས་ལྷ་ཀླུ་ཀུན་ལ་བསྡོས། །དམ་ཚིག་མི་སྲུང་བླ་མའི་བཀའ་ཡང་བཅག །མ་རུངས་མི་དགེ་སྤྱོད་ངན་སྣ་ཚོགས་ཀྱིས། །སྲུང་མའི་ཐུགས་ཁྲོས་ལྷ་ཡང་བདུད་དུ་བབས། །མ་མོའི་ཁ་རླངས་གདུག་པ་སྤྲིན་དུ་འཁྲིགས། །གཉན་རྒོད་རིམས་ནད་ཆར་བཞིན་ཕབ་པ་ལས། །སྤྲ་བ་རླན་མེད་མེ་དང་ཕྲད་པ་བཞིན། རྒྱུ་ལ་རྐྱེན་དེས་ཏྲེ་ཏྲེ་ཧོ་ཞེས་སམ། །པརྤ་ཏ་དེ་སྲིན་གྱི་གཟུགས་སྤྲུལ་པ། །རྩངས་པའི་མགོ་དབྱིབས་ཁ་ཆེ་སྦྲུལ་ལྟ་བུའི། །མཇུག་རིང་རྟ་བླ་ལྟར་དུ་ཡན་ལག་མང༌། །རླུང་གཤོག་ལྡན་པས་ཕྱོགས་ཀུན་རྒྱུ་བ་སྟེ། །བར་སྣང་ཁམས་ནས་བ་སྤུ་སྣ་སྒོར་ (བདུད་རྩི་བུམ་པ་དང་རྒྱུད་ཀྱི་དགོངས་པ་ཟུང་དུ་བསྒྲིལ་བ་) འཇུག །དེ་བསྟུན་ལུས་ནང་གནས་པའི་སྲིན་བུ་ནི། །ཁྲག་སྲིན་རྐང་མེད་ཟླུམ་ལ་དམར་བ་དེ། །ཁྲག་ལ་གནས་ཤིང་རྩ་ནང་ཀུན་ཏུ་རྒྱུ། །གཉན་ནད་ཀུན་གྱི་རྒྱུ་དང་མཛེ་ནད་བྱེད། །ཅེས་པའི་དུག་ཅན་སྲིན་བུ་རྣམ་པ་བདུན་(གག་ལྷོག་ལ་)། །ཟངས་ལྟར་དམར་ཞིང་ཕྲ་ལ་བལྟར་མི་མངོན། །སྐད་ཅིག་ཙམ་ལ་མགོ་རྐང་ཁྱབ་རྒྱུ་ནུས། །དེ་ལ་རྐྱེན་ནི་རླུང་མཁྲིས་བད་ཀན་འདུས། །སྐྱེད་བྱེད་ཡུལ་དུས་ཟས་སྤྱོད་གདོན་རྐྱེན་གྱིས། །སྲིན་འཁྲུགས་ལུས་ཟུངས་བཟས་པས་གཉན་ནད་འབྱུང༌། །དེ་ཕྱིར་དཀར་མངར་གནོད་ཅིང་དུག་གིས་འཇོམས། །དབྱེ་བ་བབས་ས་མིང་གིས་ཐ་དད་དེ། །མགོ་ལ་བབས་ན་ཀླད་གཟེར་ཞེས་བྱ་ཞིང༌། །གྲེ་བར་གག་པ་རོ་སྟོད་གཟེར་ཐུང་སྟེ། །ཕོ་བར་གཉན་གླང་རྒྱུ་མར་རྒྱུ་གཟེར་ལ། །ལྤགས་ལ་མེ་དབལ་ཚིགས་ལ་རྨེན་བུ་སྐྱེད། །ཉྭ་ལ་ཉྭ་ལྷོག་ཤར་བབས་ལྷོག་པར་བཤད། །ཤ་རུས་རྩར་བེམ་འདྲུལ་ཕྱིར་འབྲས་ཞེས་དང༌། །རྒྱུངས་པར་བབས་ན་འཛུམ་བུ་ལྟག་དགྱེ་དང༌། །མཁྲིས་བབས་རྩར་རྒྱུག་རིམས་སྨྱོན་ཏྲེ་ཏྲེ་ཧོ། །རྒྱ་ནད་མིག་སེར་ནག་པོ་གསུམ་འགྲིལ་ཞེས། །སྲོག་རྩ་དོན་(སྒེར་སྨོས་མིན་པ་ཕལ་ཆེར་)སྣོད་ནང་བབས་ནང་ལྷོག་དང༌། །གཉན་རིམས་ཁ་མེད་ཁྱེམ་བུ་འབར་འབུར་དང༌། །རྣ་རྩ་ཕུས་འདེབས་ངམ་རུ་ཞེས་པ་སོགས། །མདོར་ན་མིང་བཟུང་མི་ལང་ནད་ཀྱི་རིགས། །དུ་མས་འགྲོ་བའི་ཚེ་སྲོག་མྱུར་དུ་ལེན། །གསོ་བྱེད་རྣམས་ཀྱང་རང་ལ་འགོ་བའི་ཕྱིར། །འཁོར་ལོ་དཔེའུ་ཆུང་ལྟར་མུ་ཁྱུད་བཞི། །རྩིབས་ལྔའི་སྟེང་འོག་མཉམ་པ་ཕོ་འཁོར་གྱི། ཡི་གེ་ཕྱིར་བསྟན་མོ་འཁོར་ཡི་གེ་ནང༌། །དེ་ཕྱིར་ཕག་རྒོད་འཇིགས་རུང་དབུས་སུ་ཁྲོམ། །དེ་མཐར་ཕོ་འཁོར་ཡི་གེ་ཕྱི་རུ་བསྟན། །ཨཱོཾ་ག་རུ་ཌ་ཧཾ་ས་ཧེ་ཙ་ལེ་ཙ་ལེ་ཧཱུཾ་ཕཊཿ  འདི་འཆང་བའི་ལུས་ངག་ཡིད་གསུམ་ལ་འགོ་བའི་རིམས་ནད་འགོ་ནད་གཉན་པརྤ་ཏ་ལས་གྱུར་པའི་རིགས་ཆེ་གེའི་འཚེ་བ་ཐམས་ཅད་སྲུངས་ཤིག་མ་མ་རཀྵ་རཀྵ། མོ་འཁོར་དབུས་ཁྲོམ་ཨཱོཾ་ཕེ་ཁྱིམ་ནི་སྭཱ་ཧཱ། འདི་འཆང་ཡི་གེ་ཁ་ནང་དུ་བསྟན་ལ་གཞན་མ་འདྲ། །རྩིབས་ལྔར་ཨཱོཾ་ཨཱོཾ་དྷེ་བ་ནན་ཏེ་སད་ཀ་རུ་ནན་དེ་སདཿཨཱོཾ་ཨཱོཾ་བྲམ་ཟེ་སད་ཤོག་ཟི་ཤོག་སད། ཨཱོཾ་ཨཱོཾ་ཞུ་ཚེ་ཞུ་སད་ཤོག་ཟེ་ཤོག་སད།  ཨོཾ་གནམ་ལྕགས་རྡོ་རྗེ་ཁལ་པྲཾཿ  ཨཱོཾ་གནམ་ལྕགས་རྡོ་རྗེ་ཐིབས་སོདཿ  རྩིབས་མཆན་ལྔར།  །ཏངྱ་ཐཱ་ཨི་ལི་གྷི་བ་སུ་ཨི་གི་སྭཱཧཱཿ ཏངྱ་ཐཱ་མ་ཧཱ་ག་མ་ཧ་མ་ལི་ཧ་མ་ཧ་མ་སྭཱཧཱཿ   ཏངྱ་ཐཱ་བདག་ལ་བཛྲ་གྷནྡྷེ་ཀན་ཙ་དུར་མི་ཨེ་ཀི་ཧིཿ ཀནྡྷེ་ཧི་ཀནྡྷེ་ཙ་དུར་མི་ཨེ་ཀི་ཧིཿ ན་ག་ཧུ་ནི་ཨཱརྱ་སྭཱ་ཧཱཿ ཕྱི་མར་ཨཱོཾ་ཐིཾ་ཐ་ར་ཏི་ས་དུནྟེ་ཛྭ་ལ་རཾ་པ་ཡེ་ཧཱུཾ་ཕཊ། ཨོཾའ་ཡེདྷར་འཆང་བའི་སྒོ་གསུམ་ལ་གཉན་པརྤ་ཏ་ལས་གྱུར་པའི་འགོ་བའི་རིམས་ཆེ་གེའི་འཚེ་བ་ཐམས་ཅད་སྲུངས་ཤིག་རཀྵ། ཞེས་བྲིས་བཙན་དུག་ཤུ་དག་གུ་གུལ་དང༌། །ཤིང་ཀུན་ལྡོང་རོས་གླ་རྩི་བ་བླ་ཡུང༌། །མུ་ཟི་སྦྱར་བྱུགས་ཕག་རྒོད་བསྣོལ་མ་བྲིས། །རང་ཉིད་གསང་བདག་བསྐྱེད་ལ་རང་སྔགས་དང༌། །རྟེན་སྙིང་རབ་གནས་བྲིས་ནས་མ་ལངས་གོང༌། །ཚོན་སྐུད་དཀྲིས་ལ་ཤིས་བརྗོད་རང་ཉིད་ནི། །ཕག་རྒོད་བསྒོམ་ལ་སྙིང་གར་འཁོར་ལོ་ཡི། །རྩིབས་ལྔའི་སྔགས་སམ་བག་རེ་བཟླས་པ་ཡི། །ཧ་ལ་དང་སྦྲེལ་བཏགས་ཤིང་གཞན་བསྲུང་ཡང༌། །དེ་བཞིན་ཕག་རྒོད་སྙིང་གར་བསྐྱེད་ལ་བཏགས། །ནང་གི་ཟས་བསྲུང་རིམས་ལ་བཤད་ལྟར་བྱ། །ནད་དེ་འབྱུང་བའི་སྤྱི་རྟགས་དང་པོ་ནི། །ཞག་འགའི་གོང་ནས་ཚིག་པ་ཟ་བ་དང༌། །ཁྲོ་དང་ངུ་འདོད་སྐབས་སུ་འཁྲུ་སྐྱུག་འབྱུང༌། །ནད་གཞི་གང་ཡོད་སྟེང་འབབ་རེས་འགའ་གཟེར། ཁ་ཟས་དཀར་དམར་མངར་སྐྱུར་དུག་འདྲ་སྤང༌། །སྤྱོད་ལམ་གཡེང་མེད་མུན་ནག་དབེན་པའི་སར། །ར་ཕྱར་གདན་བཏིང་བྱང་ལ་སྔས་བསྟད་ཉལ། །དམ་ཉམས་ཡུགས་ས་འདྲེ་ཅན་འགྲུལ་ལ་འཛེམ། །ལྷ་རྗེ་ནད་གཡོག་ཕག་རྒོད་མཆེ་བ་བཏགས། །ཀ་ཅ་(ཁྱད་པར་མྱུར་སྨད་ཀྱི་དུས་སུ་)ཁྱེར་ལེན་རོལ་མོའི་སྒྲ་སྐད་སྤང༌། །ཚོགས་གསོག་འཆི་བསླུ་ལ་སོགས་རིམ་གྲོ་འབད། །དེ་དག་གཉན་ནད་སྤྱི་ཡི་ཆིངས་སུ་བཤད། །དེ་ནང་མགོར་བབས་ཡ་མ་ཀླད་གཟེར་ཞེས། །ངོ་བོ་གཉན་ཚད་སྤྱི་དང་འདྲ་བ་དེ། །རྟགས་བཅོས་གཉིས་ལས་དང་པོ་ངོས་བཟུང་རྟགས། །མུར་གོང་ལྟག་པ་གཟེར་དང་འཕར་རྩ་འཁྱུག །མིག་སྤྲིན་དམར་ལ་ཤ་ལྤགས་དྲོད་ཚ་ཞིང༌། །སྟོད་དུ་ཨེན་ཙམ་གཟེར་ལ་གློ་མང་འོང༌། །བཅོས་པའི་ཐབས་ལ་སྨན་དཔྱད་ཟས་སྤྱོད་བཞི། །སྨན་ནི་དང་པོ་མི་ཐོད་འབྲུག་རུས་དང༌། །ཐང་ཕྲོམ་དཀར་པོ་ཕུར་ནག་གུ་གུལ་ཐང༌། །ལན་འགའ་བསྟེན་རྗེས་གཏུམ་པོ་ཐང་ཕྲོམ་དཀར། །གླ་གུལ་ཤིང་ཀུན་ཤུ་དག་ལང་ཐང་རྩེ། །མུ་ཟི་ཤ་ཚིལ་དངུལ་ཆུ་བྱི་ཏང་ག །འབྲུག་རུས་མི་ཐོད་བཙའ་མ་ཏིག་ཏ་རྣམས། །གོང་གཉིས་གཙོར་སྨོས་ (དྲི་ཆུས་འཕུལ་ལ་)   ཁོང་བཏང་དུ་བས་བདུག །མ་ཞི་མན་ (བྱང་ལུགས་) ངག་གུར་གུམ་བཅུ་གསུམ་དང༌། །ཨ་བྱག་བསྣན་པའི་སྤང་རྩི་བཅུ་གཉིས་པ། །མགོ་ཐང་གསུམ་གྱིས་འཕུལ་བཏང་ལྟག་སྤྲད་ལ། །གུར་ཀུམ་ཤིང་མངར་ཏིག་ཏ་སྐྱུ་རུ་ར། །ཀ་ར་ཞུན་མར་སྦྱར་བའི་སྣ་སྨན་བཏང༌། །ཡང་ན་ཐང་ཕྲོམ་ཁཎྜ་ར་ཁྲག་ཚོས། །སྦྱར་བར་ཕན་པ་ཀུན་ལྡན་ཞེས་གྲགས་འདིས། །ཀླད་གཟེར་ཡ་མ་གཉན་རིམས་མཐའ་དག་དང༌། །རྩ་དཀར་རླུང་ལྡན་ལ་སོགས་ངོས་འཛིན་དཀའི། །མགོ་ནད་སྤྱི་ལ་ཕན་ཞེས་མྱོང་བའི་གནས། །ཡང་ན་གུར་ཀུམ་ཅུ་གང་ལྡོང་རོས་དང༌། །ཐང་ཕྲོམ་འབྲུག་རུས་ཐུན་རེ་གླ་རྩི་དྲུག །ལོ་བརྒྱད་དྲི་ཆུས་འཕུལ་བ་ཁོང་དུ་བཏང༌། །ཡང་ན་གུར་ཁྱུང་ཚད་ལྡན་སྦྱར་བའི་སྟེང༌། །ཐང་ཕྲོམ་བྱི་ཏང་ག་བསྣན་མཆོག་ཏུ་བསྔགས། །གར་ནག་བོང་གཅིན་རྟ་བྱས་སྣ་སྨན་བཏང༌། །སྨན་གྱིས་ཞི་དཀའ་མུར་གོང་འཕར་རྩ་དང༌། མཚོགས་སྟེང་མེ་གདབ་དཔྲལ་རྩར་རླངས་ཐོན་གཏར། །མ་ཐུབ་དྲག་པོའི་ལམ་ནས་སྦྱོང་བ་དེ། །ཐར་ནུ་སུམ་གཉིས་ཧོང་ལེན་ཆུ་རྩ་དང༌། །རེ་ལྕག་སྟག་ཤ་གླ་གུལ་ཤུ་དག་དང༌། །འབྲུག་རུས་སྦྱར་བས་དྲག་པོའི་ལམ་ནས་སྦྱང༌། །ཡང་ན་གཙོ་བོ་པདྨེ་ (བྱང་པ་) ཧ་ཤིག་རྡོ། །རྒྱ་ཚྭ་མཚལ་དང་ཚ་ལ་ལྔ་པོ་དང༌། །བརྒྱད་འགྱུར་ཐར་ནུ་སྔོ་ཡི་ཚ་བ་གསུམ། །བཞི་ཆ་བཟང་དྲུག་དེ་ཡི་ཕྱེད་ཙམ་པ། །ཆང་ཁྱོར་གང་ལ་སྦྱར་བ་ནད་སྟེང་སོགས། །མགོ་བོར་བྱུགས་ལ་ཧེལ་གེ་རློན་པ་དཀྲི། །རས་གཏུམས་ཉི་ཕྱེད་ཙམ་དུ་གན་རྐྱལ་བཞག །ཐེབས་རྟགས་རྩ་ལྟོ་སྦྲགས་པར་བཤལ་བ་འབྱུང༌། །མགོ་ལ་ཆུ་བུར་རྒྱག་ཅིང་ཆུ་རྣག་འཛག །ཟས་སྤྱོད་གཉན་ཚད་རྒྱས་པ་སྤྱི་དང་མཐུན། །མཇུག་ཏུ་གུར་ཀུམ་བཅུ་གསུམ་བསྟེན་ཀྱང་ཤིས། །ཞེས་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་ཡོན་ཏན་རྒྱུད་ཀྱི་ལྷན་ཐབས་ཟུག་རྔུའི་ཚ་གདུང་སེལ་བའི་ཀཏྤཱུ་ར་དུས་མིན་འཆི་ཞགས་གཅོད་པའི་རལ་གྲི་ཞེས་པ་ལས་གཉན་ནད་མགོར་བབས་ཀླད་གཟེར་བཅོས་པའི་ལེའུ་སྟེ་སུམ་ཅུ་པའོ།།

 

མཐའ་མའི་འདོན་ཐེངས་།: 10.11.2020 ཉིན། 4:39 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།