སྨན་རྩིས་དྲ་བ། - གསོ་དཔྱད་རྒྱལ་པོའི་དཀོར་མཛོད།

ལེའུ་ལྔ་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 17.07.2019
གསོ་དཔྱད་རྒྱལ་པོའི་དཀོར་མཛོད། >>

ལེའུ་ལྔ་པ། མཁྲིས་པ་སྒོས་བཅོས།

ཨོཾ་སྭསྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །དང་པོ་མཁྲིས་པའི་ནད་ཀྱི་གཞི་ནི། མཆིན་པའི་ཁྲག་ཚད་ལས་ལྷག་པ་དང་། ངལ་དུབ་དྲག་པོ་དང་། མེ་ཚད་དང་། ཉི་ཚན་ལ་གཉིད་ཆེར་ལོག་པ་དང་། ཆང་སྐྱུར་མང་པོ་འཐུངས་པས་ཀྱང་མཁྲིས་པ་ཐུང་(ཐང་)ལ་ལྷག་པའོ། །དེ་ལ་མཁྲིས་ནད་སྤྱིའི་མཚན་ཉིད་ནི། མིག་སྤྲིན་དང་། ལྕེ་འོག་གི་རྩ་དང་། རྣ་རྒྱབ་དང་། ལག་མཐིལ་དང་། མཆན་འོག་དང་། རྣ་རྩེ་རྣམས་སེར་བ་དང་། ཆུ་དམར་ནག་འདྲ་བ། ཕྱིས་དཀར་པོ་བག་ཟན་དྲན་པ་དང་། སྐོམ་དད་ཆེ་ལ་ཁ་ཁ་བ་དང་། ཕོ་བ་ཅུང་ཟད་གྱོང་ཞིང་། སྒྱིད་པ་ཤིན་ཏུ་སྐྱུར་བའོ། །མཁྲིས་པ་གཤའ་ཡ་(ཀྵཡ་)ནག་པོ་ནི། རྟགས་དེ་རྣམས་ཀྱི་སྟེང་དུ་སེན་མོ་ནག་པོར་འགྲོ་བ་དང་། ལུས་པོ་ལ་ཕྲུག་(འཕྲུག་)པས་ཚིམ་པ་མེད་པ་དང་། སྐྲ་དང་སྨིན་མ་དབྱི་བའོ། །མཁྲིས་པ་རྩ་རྒྱུག་ནི། སྤྱི་རྟགས་ནི་དེ་རྣམས་ཀྱི་སྟེང་དུ། རོ་སྟོད་གྱོང་ཞིང་ཅུང་ཟད་སེར། ལུས་པོ་དང་སྣབས་ལ་ཡང་ཅུང་ཟད་སེར་པོ་འབྱུང་། ཟས་དར་གར་མི་འོང་བ། ཁ་ཁ་མིག་སྔར་སྔོ་དམར་དུ་འོང་། མཁྲིས་པ་ཟ་བྱེད་ནི།  ཟ་ཞིང་འཕྲུག་ན་ཆུ་སེར་འོང་། རླུང་གི་སྟོབས་ཀྱིས་ཞུགས་པ་ནི། སྤྱི་རྟགས་རྣམས་ཀྱི་སྟེང་དུ་རྣ་བ་འུར་བ་དང་། གཉིད་ཆུང་། ཤེས་པ་འཕྱོ་བར་འོང་། བད་ཀན་གྱི་སྟོབས་ཀྱི་ཞུགས་ན། སྤྱི་རྟགས་རྣམས་ཀྱི་སྟེང་དུ་ཕོ་བ་ལྡེམ་པ་དང་། ཤེད་ཆུང་བ་དང་། ཕྱིས་བག་ཟན་ལྟ་བུར་འབྱུང་། སྣོད་ཀྱི་མཁྲིས་པ་ཁ་ལུད་པ་ནི། སྤྱི་རྟགས་ཀྱི་སྟེང་དུ་མགོ་བོ་ལ་ཁ་ལུད་ན། མགོ་བོ་འཁོར་ཞིང་ཀླད་པ་ན། མཚོག་མ་རྡོལ་སྙམ་བྱེད། ཉི་མ་ལ་འདུག་ན་ན་བའོ། །མཆིན་པ་ལ་ལུད་ན། མཆིན་པའི་སྟེང་དུ་ན། ལུད་པ་སྐྱུར་ན་ཁ་ལ་འཁྲི། གློ་བ་ལ་ལུད་ན་ཁ་ཁ་ལ། གློ་མང་། ཕོ་བ་ལ་ལུད་ན་གསོས་(གསུས་)པ་ཆེ། ཁྲག་སླ་མོ་འཁྲུའོ། །ཐམས་ཅད་ལ་མཁྲིས་པ་ཅུང་ཟད་སྐྱུག་གོ། ལུས་ཟུངས་ཀྱི་མཁྲིས་པ་གནས་གྱུར་པ་ནི། རྩ་ལ་ལུས་གྲང་ཤུམ་བྱེད་དོ། །མཁྲིས་པ་ཤ་སེན་ནི། ཉམས་ཤེད་ཆུང་། ཁོང་སྦོ། ཆུ་འཐུངས་ཀྱང་ཁ་ཁ། རྫས་དཀར་པོ་ཡང་སེར་པོར་མཐོང་། སྔ་དྲོ་དང་། དགོངས་ཀ་བསིལ་དུས་བག་རེ་བདེའོ། །དེ་ལ་མཁྲིས་པ་བཅོས་པ་ལ་གསུམ་སྟེ། དང་པོ་བསྡུ་བར་དུ་སྦྱང་། ཐ་མ་བརྟས་པ་བྱའོ། །བསྡུ་བ་ནི་གསེར་གྱི་མེ་ཏོག དོམ་མཁྲིས། ཨ་རུ་ར། དུག་མོ་ཉུང་གི་ཐང་ཡང་ཡང་གཏང་། དེས་ཕོ་བ་མི་བདེར་སོང་ན་འདུས་པ་ཡིན་པས་སྦྱང་བར་བྱའོ། །གཉིས་པ་སྦྱང་བ་ནི། ཨ་རུ་རུ་ལ་དུར་བྱིད་ཀྱི་ཁུ་བ་བསྟིམ་ལ། དེ་བཙོས་ནས་བསྐམས་པ་དང་། ཨ་རུ་ར་ཟན་གྱི་ནང་དུ་གཏུམས་ལ་ལྕེ་མེ་ལ་བསྲེགས་ཏེ། ཟན་ཚོས། ཨ་རུ་ར་མ་ཚིག་པ་སེར་ཙམ་སོང་བ་གཅིག་དང་། ཨ་རུ་མཆུ་ཉུང་གཅིག དུར་བྱིད། ཐར་ནུ་དང་གསེར་གྱི་མེ་ཏོག་རྣམས་ཞིབ་ཏུ་བཏགས་ཏེ། བ་ཡི་ཆུ་ལ་བཏབ་སྟེ་གཏང་ངོ་། །རྗེས་ལ་སོགས་པ་བཤལ་སྤྱི་དང་འདྲའོ། །འདི་ནི་ཨ་རུ་ར་བཙོ་བསྲེགས་རྗེན་གསུམ་གྱི་སྦྱོར་བ་ཞེས་བྱ་སྟེ། མཁྲིས་པ་དང་། དུག་ལ་འདི་ལས་ལྷག་པ་མེད་དོ། །གསུམ་པ་བརྟས་པར་བྱ་བ་ནི། ཆང་གསར་པ་དང་། བ་མར་གསར་པ་རྣམས་ཕོ་བའི་མེ་དྲོད་དང་སྤྱད་ལ་ཅི་རིགས་སུ་གཏང་ངོ་། །ལུས་པོ་བརྟས་ནས་ཡུན་རིང་དུ་ལོན་པ་དང་། དགོས་ན་ཡང་བསྐྱར་ལ་གཏང་། བཤལ་རྗེས་མ་ཡིན་པ་ལ་ལུག་ཤ་དང་ཆང་སྤང་། ར་ཤ་དང་གཡག་ཤ་སྤང་ངོ་། །དཀར་དང་བ་ཤ་གསར་པ་བསྟེན། སྒོག་ཆུ་ཚ་མེད་ལ་ཟན་སྤགས། རླན་དང་ཉི་མ་སྤང་། མེ་བཙའ་བྱ་མི་རུང་ངོ་། །སྤྱིར་ཐམས་ཅད་ལ་རྩེའུ་ཆུང་དང་རུ་ཐུང་གཏར་ལ། བ་ལེ་ཀ་དང་། ཏིག་ཏ་གཏང་ངོ་། །ཞི་བྱེད་ཀྱི་སྨན་ལ་གསེར་གྱི་མེ་ཏོག་བོང་ང་དཀར་པོ། གུར་གུམ། དུག་ཉུང་། བྲག་ཞུན། ཨུཏྤལ། བ་ཤ་ཀ ཡུང་བ་རྣམས་གཏང་ངོ་། །ཁ་ཅིག་མཁྲིས་པའི་རིགས་མི་འབྱེད་པར། བསིལ་སྨན་དང་། གཏར་ག་འབའ་ཞིག་བྱེད་དེ། དེ་ནི་བུད་ཤིང་ཟད་པའི་མེ་བཞིན་དུ་ནད་དང་ལུས་ཟུངས་གཉིས་ཀ་འཛད་དོ། །མཁྲིས་པ་གྲང་བའི་རིགས་ལ། དང་པོ་རྒྱམ་ཚ་གསུམ་པའི་ཐང་གཏང་། བར་དུ་ད་ལིས་བདུན་པ་བུངས་བསྐྱེད་ལ་གཏང་། སེ་འབྲུ། ཚ་བ་གསུམ། སུག་སྨེལ། ཤིང་ཚ། ཀ་ཀོ་ལ། རྒྱམ་ཚ། ཀ་ར་སྦྱར་ལ་གཏང་ངོ་། །མདོར་ན་དྲོད་སྨན་འབའ་ཞིག་གིས་བཅོས་སོ། །དྲོད་སྨན་གཏང་བས་ཁམས་མི་བདེ་ཉོག་པ་སྙམ་བྱེད་ན། བྲེད་མི་དགོས་སོ། །དེའི་རྗེས་ལ་བགས་ཀྱིས་ལྕེ་བདེ་ལ། མིག་དང་། ལྕེ་མི་སེར་དུ་འགྲོའོ། །སྤྱིར་མཁྲིས་པ་ལ་མན་ངག་དུ་བྱས་པ་ལ། གྲང་བའི་དུས་དང་། ཚ་བའི་དུས་གཉིས་ཡོད་དེ། དང་པོ་ཟླ་བ་ཕྱེད་ནས་ཞག་ཉི་ཤུའི་བར་དུ་ཆུ་དམར་བ་དང་། མིག་སེར་བ་ཚོར་མ་ཐག་ནི་བར་དུ་དུས་ཞེས་བྱ་སྟེ། ད་ལིས་བདུན་པ་འབའ་ཞིག་གཏང་བས་འཚོ་འོ། །འདིའི་དུས་སུ་གཏར་གཏང་། བསིལ་གཏང་ན་ངེས་པར་འཆི་བར་འགྱུར་རོ། །དུས་ཡུན་རིང་པོ་ལོན་ཏེ། སྐྲ་འབྱི་བ་དང་། སེན་མོ་ནག་པོ་སོང་ནས། དྲོད་གནོད་པས་བཤལ་གྱིས་བཅོས་པ་མན་ངག་ཡིན་ནོ། །གཏར་ག་བྱས་ན་ཁྲག་མཁྲིས་པར་འོང་སྟེ། གང་ལ་ཡང་ཕུགས་སུ་གནོད་དོ། །སྣོད་ཀྱི་མཁྲིས་པས་ཁ་ལུད་པ་ལ། བག་ཙམ་གཏར་ཡང་དྲག་སྟེ། ཕལ་ཆེར་གཏར་ན་མཆིའོ། །སྤྱིར་ཡང་མ་ཞུ་བས་རྒྱུ་བྱས་པའི་མཁྲིས་པ་ཁོང་ན་སོང་བས་དྲོས་བཅོས་བྱའོ། །ད་ལིས་བདུན་པ་ནི་བ་ལུའི་ལོ་མ། ན་ལེ་ཤམ། སྒ་སྐྱ། པི་པི་ལིང་། དང་པོའི་ཆ་རེས་གང་ནས་གང་དུ་སྐྱེད། ཤིང་ཚ་དང་། སུག་སྨེལ། བ་ལུའི་ལོ་མའི་ཕྱེད། པི་པི་ལིང་གི་བརྒྱད་འགྱུར་ཀ་ར་གཏང་ངོ་། །མཁྲིས་པ་སྐྱེ་བའི་ཁ་ཟས་ཤ་རུལ་སུངས་དང་། མར་རྙིང་། ཐུད་རུལ། སྣུམ་ཁུར། མར་ནག སྒོག་པ། ཆང་ཉེས། སྐྱུར་པོ། ཞོ་སྐྱུར། མདོར་ན་དྲོད་ལ་འཇུག་དཀའ་བའི་ཟས་ཟོས་ནས། ཉིན་པར་གཉིད་ལོག་པ་དང་། མེ་དང་ཉི་མ་ལ་འདུག་དྲགས་པ་དང་། ལས་དྲག་ཤུལ་བྱས་པས་མཁྲིས་པ་འཁྲུགས་ཏེ་མིག་གི་ནང་དུ་གྱུར་པའོ། །དེ་དག་ནི་མཁྲིས་པ་ཚ་བའི་ནད་དོ། །དང་པོ་རླུང་སྐྱེ་བའི་རྒྱུ་འགའ་ཞིག་གི་རྐྱེན་གྱིས་མཁྲིས་པ་ཡུལ་བཏོན་ཏེ། ཕྱིར་གྲམ་ནས་མིག་ལ་སོགས་པ་སེར་པོར་བྱས་པ་དང་། གཉིས་པ་བད་ཀན་སྐྱེད་པའི་ཟས་སྣུམ་འཐུངས་པའམ། ཚིལ་བུ་ཟོས་པ་དང་། ཆང་མ་ཞུ་བ་དང་། མཁྲིས་པའི་ལམ་བཀག་ནས། ཕྱིར་ཡན་ལག་དང་མིག་ལ་སོགས་པ་སེར་པོར་འགྱུར་བའོ། །འདི་གཉིས་མཁྲིས་པ་གྲང་བར་ལས་གྱུར་བའོ། །མཇུག་ཚ་བ་མ་ཆོམ་པའི་ཚེ་ཚིགས་བ་བཅོ་ལྔ་པ་ལ་མེ་བཙའ་བྱས་ཀྱང་བཏུབ། འདི་ནི་ཁྱད་པར་མཆོག་ཏུ་གྱུར་པའི་མན་ངག་ཡིན་ནོ། །གསོ་དཔྱད་བདུད་རྩིའི་ཐིགས་པ་ལས་མཁྲིས་པ་སྒོས་བཅོས་ཀྱི་ལེའུ་རྫོགས་སོ།། །།

 

མཐའ་མའི་འདོན་ཐེངས་།: 18.07.2019 ཉིན། 10:08 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།