སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་རེ་གཉིས་པ། ཕྲན་བུའི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022
མན་ངག་རྒྱུད། >> ལེའུ་རེ་གཉིས་པ། ཕྲན་བུའི་ནད་གསོ་བ།



ལེའུ་རེ་གཉིས་པ། ཕྲན་བུའི་ནད་གསོ་བ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག ཕྲན་བུའི་ནད་ཀྱི་གསོ་ཐབས་བསྟན་པ་ནི། །ཉྭ་ལོག་འཁྲུ་སྐྱུག་བྱུང་ན་མཐེབ་སྲིན་བསྲེག །འདོད་ཆགས་རྩེ་མོ་ཞེ་སྡང་ཚིལ་བུ་དང༌། །གཏི་མུག་འཁོར་ལོ་བནྡེའི་མཁྲིས་པ་དང༌། །བོན་པོའི་ཐལ་བ་འདྲེ་འཇིགས་ཐང་ཆུ་དང༌། །བརྟན་པོའི་དྲེག་པ་དྲི་ཅན་ལྟེ་བ་རྣམས། །དྲི་ཆུར་སྦྱར་བ་ཕྱིར་བྱུག་ཁོང་དུ་བཏང༌། །ཡང་ན་བྱ་ཟེ་ཕག་སྣ་ངུར་པའི་ཤ །རྡོ་དྲེག་གླ་རྩི་བུལ་ཏོག་ཤུ་དག་དང༌། །སུག་སྨེལ་ཆུ་གྲང་འཕུལ་བཏང་གོས་ཀྱིས་བྱིབ། །ཡང་ན་སྦལ་པ་སྡིག་པ་སྟག་ཁྲ་བོ། །གླ་རྩི་དོམ་མཁྲིས་གི་ཝཾ་དྲི་ཆུར་སྦྱར། །གུ་གུལ་ཐང་བཏང་ཉྭ་སུལ་ལྕགས་ཀྱིས་བསྲེག །སྐྱུག་ན་སྐེ་སྟོང་དྲུག་པ་ལྷེན་སྣ་བསྲེག །སྲེ་ལོང་ཐང་བཏང་འཁྲུ་ན་ལྟེ་འོག་བསྲེག །ཁ་ཟས་བསིལ་དྲོད་ནད་ཀྱི་ཟོ་དང་སྦྱར། །མེས་འཚིག་རྨ་ལ་ཉ་ཡི་མཁྲིས་པ་དང༌། །དོམ་མཁྲིས་སྦལ་པའི་ཁྲག་དང་སྦྱར་ལ་གདབ། །ཡང་ན་བུལ་ཏོག་བྲག་སྤོས་ཕྱེ་མ་གདབ། །ཚབས་ཆེ་བ་ལ་ཁོང་དུ་ག་བུར་དང༌། །ཙན་དན་གུར་ཀུམ་གི་ཝཾ་མཁྲིས་སྣ་བཏང༌།  །ཆུ་རུག་ཤོ་མང་ཞོ་བཙགས་སྦང་འཇིབ་བྱ། །ཆུ་ལ་གནས་པའི་མཁྲིས་པ་མཐའ་དག་དང༌། །ག་བུར་ཅུ་གང་གུར་ཀུམ་ཧོང་ལེན་དང༌། །བུལ་ཏོག་བྲག་སྤོས་ཆུ་རྩ་རྨ་བཙིར་གདབ། །ཁབ་བམ་མདེ་འུ་ཁོང་དུ་ཤོར་བ་ལ། །ཨ་བར་སྐྱུར་གསུམ་གོང་མས་ཆ་བསྐྱེད་ལ། །ཁབ་ལེན་ཕྱེ་མ་སྲིན་བལ་ཆུ་སྦྱར་བཏང༌། །འགུལ་དུ་མི་གཞུག་གན་རྐྱལ་ཉལ་ལ་བསྡད། །སྲིན་གྱིས་དྲིལ་ནས་བཤང་སྒོར་འབྱིན་པར་འགྱུར། །ཤ་འམ་ཟན་ལ་སོགས་པས་བརྣངས་གྱུར་ན། །རྐང་པའི་མཁྲིག་མ་གཉིས་ནས་ལག་པས་བཟུང༌། །རྒྱབ་ཏུ་ཁ་བུབ་ཁུར་ལ་ཅུང་ཟད་སྒུར། །སྐེ་རགས་རྡོ་ཡིས་རྐང་མཐིལ་གཉིས་སུ་བརྡེག །དེ་ནས་རོ་སྟོད་རྒྱབ་པས་ཅུར་གྱིས་འབྱིན། །གྲེ་བར་གྲ་མ་ཟུག་ན་སྦྲུལ་ཚིལ་བྱུག །ནས་ཕུབ་ཐང་བཏང་བ་ཤ་ཁམ་ཆེར་བཟའ། །གྲེ་བར་རུས་པ་ཟུག་ན་གོ་བོ་ཡི། །གྲེ་བ་གྲོ་ཆང་ནང་སྦངས་ཁུ་བ་བྱིན། །ཉ་རུས་ཟུག་ན་སོ་བྱའི་ཤ་ཁུའམ།  །སྲམ་གྱི་སྣ་དང་མཆེ་བའི་ཁུ་བ་བཏང༌། །གནའ་བའི་རྭ་རུའི་དུམ་བུ་མུར་བར་བྱ། །སྡོམ་དང་སྡིག་པ་ཁོང་དུ་སོང་བ་ལ། །སྲད་དཀར་རམ་པ་ཆང་སྦྱར་ཁོང་དུ་བཏང༌། །ཆང་ནད་སྒ་གཡེར་ཚྭ་བཏགས་ཆང་སྦྱར་བཏང༌། །འཕྱི་མཁྲིས་དྲོན་མོ་མིད་ན་ཆང་ནད་འབྱང༌། །ཤ་བ་གནའ་བའི་ཁྲག་གཉིས་དྲོན་མོ་ལ། །ཚྭ་བཏབ་བཏང་ན་ཆང་ནད་གཏན་དུ་འབྱང༌། །སྔོ་སྒའི་ཚ་བ་སྨན་ཆུ་བསྟེན་པར་བྱ། །སྣེའུ་ལྷགས་ན་རང་གི་དྲི་ཆུ་བྱུག །ཕྱིང་པ་ཚ་ཆུར་བཙོས་པས་སྐྲངས་པ་མནན། །མཐེ་བོའི་སེན་མོ་སེར་ཙམ་བསྲེག་པར་བྱ། །གཉའ་རེངས་ལྟག་དགྱེ་ཚྭ་མར་བྱུགས་ལ་མཉེ། །བསེ་དྲི་ཏི་ཚ་ཤུག་ཐལ་རྔུལ་སར་བྱུག །རྐང་ལག་ཁ་བས་ཕྱིད་ན་ཆུ་ཡིས་བསྒྲང༌། །རྣ་བར་སྲོག་ཆགས་ཤོར་ན་རྒྱ་ཚྭ་དང༌། །ཤིང་ཀུན་མར་ནག་དུགས་བསྲོས་ཚུགས་ཚད་བླུག །ནུ་མ་སྐྲངས་ན་ལྟོ་བཀུག་ཐང་གིས་སྦྱང༌། །སྤེན་ཐལ་གནའ་བའི་གཞུག་སྤུ་རྒྱ་ཚྭ་རྣམས། །བྱིས་པའི་ཆུ་ལ་སྦྱར་ལ་ཐོ་རེངས་བཏང༌། །ཕིགས་ནས་དཔྱི་རུས་བསྲེགས་ཐང་ལྕག་ཏུ་བཏང༌། །ཟུག་ཆེ་སྤང་རྒྱན་དྲོད་སྨན་ཤིང་མངར་ལྕག །ནུ་མའི་ཚབས་དང་སྤུ་འགགས་སྐྲངས་པ་སྦྱོང༌། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཕྲན་བུའི་ནད་གསོ་བའི་ལེའུ་སྟེ་དྲུག་ཅུ་རྩ་གཉིས་པའོ།། །།


 

 

མཐའ་མའི་འདོན་ཐེངས་།: 21.12.2022 ཉིན། 9:41 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།