སྨན་རྩིས་དྲ་བ། - མན་ངག་ལྷན་ཐབས།

ལེའུ་ཞེ་བདུན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 10.11.2020
མན་ངག་ལྷན་ཐབས། >>


ལེའུ་ཞེ་བདུན་པ། གཉན་རིམས་ངམ་རུ་བཅོས་པ།

གཉན་རིམས་ངམ་རུ་ཞེས་སུ་གྲགས་པ་ནི། །འདི་ལ་འགའ་ཞིག་རླུང་རིམས་ཞེས་ཟེར་ཀྱང༌། །ངོ་བོ་རྒྱུ་རྐྱེན་གཉན་རིམས་སྤྱི་དང་འདྲ། །གཉན་མཁྲིས་རླུང་གི་རྟར་ཞོན་ལུས་ཀུན་ཁྱབ། །དབྱེ་བ་རླུང་མཁྲིས་བད་ཀན་ཁྲག་ཆུ་སེར། །འདུས་པ་དང་བཅས་རྣམ་པ་དྲུག་གིས་བསྟན། །སྤྱི་རྟགས་ཆམ་པའི་མངོན་ཚུལ་འདྲ་བ་ལ། །གྲང་ཤུམ་ཚིགས་བརྒྱུད་གཡའ་ལ་སྒྱིད་པ་སྐྱུར། །གློ་སོར་ལྷེན་སྣ་མགྲིན་པ་མི་བདེ་ཞིང༌། །ཚ་སུབས་གྲེ་བའི་ནད་འབྱུང་རྩ་ཁ་བྱིང༌། །གཏིང་གྲིམས་ཡང་ན་སྟོང་ལྷོད་དང་ལྡན་འོང༌། ཆུ་ནི་དམར་སེར་རྒྱ་བཤལ་ལྟ་བུ་འམ། །ཡང་ན་སྔོ་སྐྱ་ལྦུ་བ་ཅན་ཡང་འབྱུང༌། ལྕེ་མདོག་སྐྱ་ལ་མཐའ་དམར་གཞུང་འབྲུམ་མང༌། །བྱེ་བྲག་རླུང་གྱུར་གཡལ་མང་དཔྱི་རྐེད་ན། །དབང་པོ་མི་གསལ་ཁ་གདོང་གཡོ་ཞིང་སྐྱ། །མཁྲིས་པ་ཁ་སྐོམ་མགོ་ན་ལུས་རྔུལ་འཁྲུ། །བད་གྱུར་ལུས་ལྕི་ལྗན་ལྗིན་ཕོ་བ་སྦོ། །ཁྲག་གྱུར་སྟོད་རྒྱངས་གྲེ་འགགས་མིག་རྩ་དམར། །ཆུ་སེར་ཚིགས་ཁ་སྦོམ་ལ་གྲངས་དྲོས་ན། །འདུས་པ་དེ་དག་ཀུན་གྱི་རྟགས་ལྡན་འགྱུར། །བཅོས་ཐབས་དཔྱད་སྨན་ཟས་སྤྱོད་རྣམ་བཞི་སྟེ། །ཁྱད་པར་དཔྱད་བཅོས་རྔབས་རྭ་ནད་འདིའི་མཆོག །དང་པོ་ནད་འདི་ཁ་ལ་བབས་པའི་དུས། །མགྲིན་པའི་གནས་སུ་རྔབས་རྭས་སྡུད་པ་གནད། །བར་དུ་ནད་རྒྱས་སྟོད་གསང་རྔབས་རྭས་བསད། །ཐ་མ་བླ་གཉན་གང་དུ་བྱེར་ན་ཡང༌། །གང་གཟེར་རྔབས་རྭས་ལེགས་པར་རྔུབས་ཏེ་སྡུད། །ཆུ་བུར་མང་ཐེབས་ཆུ་སེར་འཛག་ན་བཟང༌། །སྨན་ནི་ནད་འདིར་སྨིན་བྱེད་ཐང་མི་དགོས། །ངོ་བོ་ཨ་གར་ནག་པོ་བི་ཥ་དང༌། །ཅུ་གང་ཛཱ་ལི་གོ་སྙོད་སུག་སྨེལ་བཅས། །ཨ་གར་བདུན་འདི་ཆང་དང་རུས་བཅུད་དང༌། །ཆུ་ཚན་ལ་སོགས་ཚ་གྲང་རྟས་འཕུལ་བ། །ནད་འདིའི་གཉེན་པོ་ཡིན་ཞེས་མཁས་ (མཚོ་སྨད་མཁན་ཆེན་) པའི་ལུགས། །ཡང་ན་མིང་ཅན་ཨ་བྱག་ཆ་གཉིས་ལ། །སྟག་ཤ་ཆ་ལྔ་ཨ་རུ་ཤུ་དག་དང༌། །བི་ཥ་ཆ་རེ་ཆུ་སེར་སྨན་གསུམ་དང༌། །སྒ་སྐྱ་ལང་ཚོ་ལྡན་པའི་ཁྲག་སྦྱར་འདི། །ངམ་རུ་འཇོམས་པའི་སྨན་གྱི་གཙོ་བོར་གླེང༌། །ཡང་ན་ཨ་གར་བརྒྱད་སྟེང་ལི་ཤི་དང༌། །གོ་སྙོད་བསྣན་པ་ཆང་གིས་འཕུལ་ཡང་སྣང༌། །ཡང་ན་བདེ་བྱེད་ཆུང་ངུའི་ཁ་ (སྦྱོར་སྡེ་ངག་) ཚར་དུ། །ལི་ཤི་ཨ་གར་ནག་པོ་རུ་རྟ་བསྣན། །གཞན་ཡང་ཨ་གར་སོ་ལྔ་བཅོ་ལྔ་འཕྲོད། །བྱེ་བྲག་ཨ་གར་བདུན་པའི་ཁ་ཚར་དུ། །རླུང་ལ་གྲི་ཤ་མཁྲིས་ལྡན་ཏིག་ཏ་དང༌། །བད་ཀན་ན་ལེ་ཤམ་དང་ཁྲག་སྐྱུ་རུ། ཆུ་སེར་ཤས་ཆེ་སེང་ལྡེང་བསྣན་པར་བྱ། །རླུང་རྟགས་ལྡན་ན་ཚིགས་གསང་བསྲེག་པ་དང༌། །བསྐུ་མཉེ་བྱ་ཡང་མཁས་འགའི་ལུགས་སུ་སྣང༌། །འདུས་པ་དེ་དག་ཀུན་གྱིས་གསོ་བར་བྱོས། །ཟས་ནི་ཕྱེ་ཐུག་མར་དཀར་བཏབ་པ་དང༌། །རླུང་རྟགས་ཆེ་ན་སྲེ་ལོང་ཐུག་པ་བསྟེན། །སྤྱོད་ལམ་དྲོ་གནས་ཡིད་འོང་གྲོགས་བསྟེན་བྱ། །ཞོ་དར་ཆུ་གྲང་ཇ་དང་ཐང་ཕྱེ་མ། །བསིལ་རྩུབ་གཏར་བཤལ་ག་པུར་མྱ་ངན་སྤང༌། །ཞེས་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་ཡོན་ཏན་རྒྱུད་ཀྱི་ལྷན་ཐབས་ཟུག་རྔུའི་ཚ་གདུང་སེལ་བའི་ཀཏྤཱུ་ར་དུས་མིན་འཆི་ཞགས་གཅོད་པའི་རལ་གྲི་ཞེས་པ་ལས་གཉན་རིམས་ངམ་རུ་བཅོས་པའི་ལེའུ་སྟེ་ཞེ་བདུན་པའོ། །དེ་ལྟར་གཉན་རིམས་བཅོས་པའི་ལེའུ་བཅོ་བརྒྱད་རྫོགས་སོ།།



 

 

མཐའ་མའི་འདོན་ཐེངས་།: 11.11.2020 ཉིན། 10:48 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།