སྨན་རྩིས་དྲ་བ། - གསོ་དཔྱད་རྒྱལ་པོའི་དཀོར་མཛོད།

ལེའུ་ཞེ་བདུན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 18.07.2019
གསོ་དཔྱད་རྒྱལ་པོའི་དཀོར་མཛོད། >>


ལེའུ་ཞེ་བདུན་པ། མགོ་དཔྱད་པདྨ་དྲི་མེད།

ཨོཾ་སྭསྟི་སིདྡྷིཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །མགོ་བོ་བཅོས་པའི་མན་ངག་ལ། མེ་བཅོས་ཟླུམ་བཅོས་མི་བྱེད་པ། །གྲ་བཅོས་གཅིག་པུ་བྱེད་པ་ནི། །སྨྱོན་པའི་ལག་ཏུ་མཚོན་བསྐུར་འདྲ། །གྲ་བཅོས་ཟླུམ་བཅོས་མི་བྱེད་པར། །མེ་བཅོས་གཅིག་པུ་བྱེད་པ་ནི། །དཔའ་བོ་རྟིང་ནོན་མེད་པ་འདྲ། །མེ་བཅོས་གྲ་བཅོམ་མི་བྱེད་པར། །ཟླུམ་བཅོས་གཅིག་པུ་བྱེད་པ་ནི། །ལག་རྡུམ་བྲག་ལ་འཛེག་པ་འདྲ། །ཞེས་གནས་སྐབས་ཤེས་པར་བྱའོ། །ཨོཾ་སྭསྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །མགོ་དཔྱད་པདྨ་དྲི་མེད་ཅེས་བྱ་བ་འདི་ལ་དོན་གསུམ་སྟེ། དང་པོ་ཆག་མ་ཆག་གི་མཚན་ཉིད་དང་། བཅོས་པའི་ཐབས་དང་། ཐ་མ་རྗེས་གཅད་པའོ། །དེ་ལ་དང་པོ་ཕྱིའི་ཡུལ་བཞི་ལ་ཆག་མ་ཆག་གི་མཚན་ཉིད་བརྟག་པ་ནི། མིག་ཆེ་ཆུང་དུ་འདུག་ལ་མིག་ཤ་བབས་ན་ཆུང་བའི་དོས་ལ་སྐྱོན་ཡོད་པ་ཡིན། མིག་བྱ་ཤི་བའི་མིག་ལྟར་ཆུང་ལ་སླེང་ན་རུས་པའི་རྩ་ཀླད་པ་ལ་ཟུག་པའོ། །མགོ་ཆག་པ་འམ་རུས་པ་ལ་སྐྱོན་ཡོད་པ། མིག་ལ་སྐྲིག་ག་བྱས་ན་རུས་པ་ཆག་པའི་རྟགས་ཡིན། རྣ་བའི་ངོས་ནས་སྐྲིག་ག་མང་ལ་སྣའི་ངོས་ལ་མེད་ན་ཆག་ཚབས་ཆེ་བ་ཡིན། མིག་གློ་བུར་དུ་དམར་པོར་སོང་ན་ལྷ་ཐེམས་མགོ་ཆག་ཏུ་སོང་སྟེ། ཀླད་པའི་སྟེང་དུ་ཁྲག་བབས་པ་ཡིན། མིག་སྤྲིན་སེར་པོར་སོང་ནས་འདུག་ན་ཀླད་པའི་སྟེང་ན་རྣག་ཡོད། ཁྲག་གི་ལིང་ཏོག་བྱུང་ན། ཤ་རུས་ལྷ་བ་གསུམ་དུས་གཅིག་འཐེམས་པ་ཡིན་ནོ། །མིག་འཕྱི་བླ་འཆོལ་དང་སྨྱོ་འབོགས་བྱེད་ན་རྩ་འཁྲུགས་པ་ཡིན། མིག་རི་བོང་འཛིས་ནོན་པ་བཞིན་འཛུམ་པ་དཀའ་ན་རྒྱ་འཁྲུགས་པ་ཡིན། སྤྱིར་རྩ་འཁྲུགས་ན་ནི་བླ་འཆོལ་མང་། རྒྱ་འཁྲུགས་ནི་ལྐུག་པར་འགྱུར་རོ། །ཁ་སྨྲ་མི་ཤེས་ལ་བླ་འཆོལ་བྱེད་ན་རྩ་དང་རུས་པ་ཀླད་པ་གསུམ་ཀ་འཁྲུགས་སོ། །སྣ་གང་དུ་རྡུལ་ཆགས་ན་ལྷ་ཁྲག་རྒྱུག་པའི་རྟགས་ཡིན། གདོང་ལྕི་ན་ཆུ་སེར་ལྷ་མིག་ཏུ་ཤོར་བའི་རྟགས་ཡིན། སྐེམ་བྱེར་དུ་འགྲོ་ཞིང་སྨིན་མ་ཉལ་ན་སྟེང་དུང་དང་ལྷ་ང་གསུམ་ཆར་ཐེམས། རྫི་མ་ཚོམ་བུར་བྱེར་ན་ལྷ་བ་འབྲས་པའི་རྟགས་ཡིན། ལྷ་བ་འཛིན་པའི་སྨན་གདབ། ཀླད་པ་ལ་རྟགས་པ་ནི། ཤེད་ཆག་ན་ཀླད་པ་བཙན། སྣ་ཞོམ་ན་སྤྲི་བཙན། སྣ་སྐམ་ན་ཀླད་པ་ལ་ཚ་བ་ཤོར། སྣ་ཁྲག་དོན་མེད་པར་འོང་ན་ཀླད་ཙ་ཆད། དབུགས་ཐུང་ལ་རྒོད་ན་ཀླད་པའི་སྤྲིས་རལ། སྐྲ་འདབ་འདར་ཞིང་སྐྱུགས་ན་རུས་པས་ཀླད་པ་ནོན་པ་ཡིན་ནོ། །ལྷ་བ་སྐམ་བྱེད་གྱི་རྟགས་ལ། མཆུ་སྐམས་ལ་འགག་ན་ལྷ་བ་སྐམས་བྱེར་གྱི་རྟགས་ཡིན། མཆུ་ལ་དྲེག་པ་ཆགས་པ་དང་། སྐོམ་དད་ཆེ་བ་དང་། ཁ་ཁ་བ་དང་། ལྕེ་ཐུང་ལ་སྐམ་ན་ལྷ་བ་སྐམ་བྱེར་དུ་འགྲོ། ཡང་ན་སྙིང་རྩ་ཤོར། མིག་སེར་པོར་སོང་ན་ལྷ་བ་བྱེར། ལྕེ་སེར་བ་དང་རྩུབ་པ་གཉིས། ལྷ་བྱེར་བའི་རྟགས་ཡིན། སྐྲ་འདབ་བྱེར་ན་ལྷ་རྩ་ཤོར། རྩེ་ཆུང་འཕར་ན་ཡང་དེ་བཞིན་ནོ། །ལྷ་བ་གཤེར་བྱེར་གྱི་མཚན་ཉིད་ནི། བ་སྤུ་ལྡོག་པ་དང་། སྙིང་འཕར་བ་དང་། ལུས་ལ་ཚ་བ་སྐྱེས་པ་དང་། ན་ཏེང་ཏེང་བྱེད་པ་ཡང་ཀླད་པའི་སྟེང་ཁྲག་རླངས་དང་། རྩ་ལ་སྐྱོན་ཡོད་དོ། མིག་མི་ཐེག་ན་ཡང་རུས་པས་ཀླད་པ་མནན་ཏེ་ཆག མིག་འོག་མིག་དང་། འཕྲེད་ལ་བལྟ་ན་ཡང་མགོ་ཆག མིག་འབྲུ་ཚུགས་སུ་བལྟ་ན་ཡང་ལྷ་བ་འཐེམས་པའི་རྟགས་ཡིན། ལྟག་མིག་ཏུ་བལྟ་ཞིང་བཟློག་ན་ཡང་ཆུ་རྒྱུས་ཀྱི་རྩ་ཆད། ལྷ་བ་འཐེམས་པའི་རྟགས་ནི། ཀླད་པ་རྒྱ་འཁྲུགས་པ་ནི། མིག་འཛུམས་མི་ཤེས། མིག་རིབ་རིབ་པོར་རེས་ཅིར་མཐོང་། རེས་ཅིར་མཐོང་བ་དང་། ཚིག་པ་ཟ་ལ་སྤྲོ་ཐུང་བ་དང་། གྲང་ཤུམ་བྱེད་པ་དང་། བྱ་རྨྱང་བྱེད་པ་དང་། གཡལ་ལ་དང་། སྦྲིད་པ་མང་བ་དང། ཡང་སྙམས་བྱེད་སྐྱོང་བ་དང་། མདོར་ན་ལག་པས་མགོ་ལ་ཕུར། ཟུག་ཆེ་ན་མི་བརྗེད་པར་ན་བར་བྱེད། མགོ་འཐོམས་ལ་སྐད་གདངས་ཆག་པ་དང་། སྐད་མི་ཕྱིན་ནས་སྒེག་ཆོས་ཅན་དུ་སྨྲ་ན་ལྷ་བ་སྐམ་བྱེར་གྱི་རྟགས་སོ། །སྐད་ཐོག་པ་མེད་པར་སང་སང་གིས་སྨྲ་ན་གང་ན་ཡང་དོགས་པ་མེད་དོ། །འགྲོས་གོམ་པ་འདོར་མི་ཤེས་ན་ཆུ་རྩ་ཚད་པ་ཡིན། རྐང་ལག་བརྐྱང་བསྐུམ་མང་ན་མཁལ་རྩ་ཆད་པ་ཡིན། རྩའི་སྒོ་ནས་བརྟག་པ་ནི། རྩ་ཐུང་ལ་གྲིམས་པ་དང་། མཁྲང་བ་དང་། དྲག་ལ་རྒོད་ན་སྐྱོན་ཡོད་དོ། །རྩ་སྤྱིར་ཚ་ན་ཀླད་པའི་སྟེང་དུ་ཆུ་སེར་ཐིགས་ཏེ་ཅིས་ཀྱང་སྐྱོན་ཡོད་དོ། །རྩ་ལ་བརྟགས་པའོ། །ཆུ་ལ་བརྟག་པ་ནི། ཆུ་ཉུང་ལ་ཡང་ཡང་འོང་ན་མཁལ་རྩ་ཆད་དོ། །ཆུ་འོང་བའི་ཚེ་སྦུབས་ཚ་ན་མཆིན་རྩ་ཆད་དོ། །ཆུ་དམར་ན་ལྷ་བ་འཐེམས། ཆུ་སེར་ན་ལྷ་བ་བྱེར། ཆུ་འཁྲུགས་ན་སྟེང་འོག་གཉིས་ཀ་ཆག ཀུ་ཡ་མ་ཡལ་ན་ལྷ་བ་བྱེར། ཀུ་ཡ་དེངས་སམ་ཚིག་ན་ལྷ་རྩ་གཉན་པོ་ཆད་པས་གསོ་རུ་མི་གཏུབ། ཀུ་ཡ་འཐོར་ཞིང་འདུར་མ་བཏུབ་ན་ལྷ་བ་བྱེར་ཏེ་ཆུ་སེར་ཐ་མ་ཆོད་དོ། །དྲི་ཆེ་ན་ལྷ་བ་བམ། སྔར་བས་རླངས་པ་ཆེ་ན་ལྷ་བཤོར།

 

 ཆུ་ནག་ལ་འཁྲུགས་ན་འཆི། གཡའ་སྤང་གི་ཆུ་འདྲ་ན་ཀླད་པ་འཁྲུགས། ཆུ་མདོག་མི་དམར། མི་དཀར། མི་སེར། གུར་གུམ་ཆད་པའི་མདོག་ལྟ་བུའོ། །ཀུ་ཡ་བར་མ་ཆད་ན་བཟང་ངོ་། །ཆུ་བལྟ་བའི་དུས་ཚོད་ནི། དྲི་དང་རོ་དང་ཁ་དོག་གསུམ་ཚན་དེའི་དུས་སུ་ཤེས་པར་བྱའོ། །ཀུ་ཡ་སྤྲིས་མ་ནི་རླངས་པ་ཆད། གྲང་བར་མ་གྱུར་པ་ལ་བལྟའོ། །ཁ་ཤ་ལ་བརྟག་པ་ནི། རྨའི་ཁ་ཤ་མཁང་ལ་མཐོ་དམན་མེད་ལ་བཟོད་པ་ཆུང་ན་སྐྱོན་མེད་དོ། །ཁ་ཤ་གླེན་པའི་མཆུ་འདྲ་ན་སྐྱོན་ཡོད། ཕོག་མ་ཐག་སྐྲངས་ན་སྐྱོན་མེད། ཕོག་ནས་ཞག་གསུམ་ཚུན་ཆད་ལ་ཁ་ཤར་འཕར་ན་སྐྱོན་ཡོད། ཤ་རུས་འདྲེས་སུ་མི་བཏུབ་ན་རུས་པ་ཆག ཁ་ཤ་དཔངས་མཐོ་བའམ། ཡང་ན་ཞན་ཡང་སྐྱོན་ཡོད། ཤ་གདན་ལ་བརྟན་པ་ནི། ཤ་གདན་སྔོ་ལ་སོབ་པ་དང་། སྐྱ་ལ་སོབ་པ་དང་། ནག་ལ་སོབ་ན་སྐྱོན་ཡོད། བག་ཟན་ལ་མཛུབ་མོས་མནན་པ་ལྟར་འདུང་ན་རྡོ་རུས་མ་ཕྲད་ཀྱང་ཚབས་ཆེན་པོ་ཚོར་བ་ཆུང་ན་སྐྱོན་ཡོད། སྟེང་འོག་ཏུ་བེམས་སྐོར་བྱས་པས་རྨ་ཁ་མཁྲང་ཞིང་དམར་ལ་མཐོ་དམན་མེད་པ། ཚོར་བ་ཆེ་ལ་བཟོད་པ་ཆུང་ན་སྐྱོན་མེད་དོ། །རུས་མདོག་ལ་བརྟག་པ་ནི། གས་གྲུམ་དང་། སེར་ཀ་ལ་སོགས་པ་མིག་སྔར་ཆག་པ་མ་གཏོགས་པར་སྟེང་གི་ཆག་ཐེམ་བརྟགས་ཏེ་མི་རྒན་པོའི་སེན་མོ་དང་། རུས་པ་གཉིས་ཀ་སེར། དར་མའི་སེན་མོ་དང་། རུས་མདོག་གཉིས་ཀ་དམར། བྱིས་པའི་སེན་མོ་དང་། རུས་མདོག་གཉིས་ཀ་མ་ཉམས་ན་སྟེང་ཆག གྲི་མཚོན་རྣོན་པོས་ཐེབས་ཏེ། སྟེང་ནས་རུས་པ་ཤིག་རོ་ཙམ་ལངས་ཏེ་མདོག་མ་ཉམས་ན་སྐྱོན་ཡོད། མདེའུའི་ཟུར་གྱིས་ཝ་ལུང་དུ་སོང་ན་སྐྱོན་ཆུང་། མགོ་རིགས་འགའ་ཞིག་ལ་སྟེང་ན་ཝ་ཡོད། དེ་ཡི་ཤ་རུས་མི་བྱེ། རུས་མདོག་མི་ཉམས་སོ། །རུས་པ་སྟེང་འོག་གཉིས་ཀ་ཆག་ན་ཤ་རུས་བྱེ་ཞིང་རུས་མདོག་ཉམས་ནས་འོང་། མནན་ན་རུས་པའི་གས་གང་ན་ཡོད་པ་དེར་མི་བཟོད་པ་ཡིན། མགོ་ཆག་པ་ནི་རུས་པ་ཕྱི་ལྡེང་ལྡེང་ཡང་དཀར་པོ་ཤར་ཤར་བྱུང་ན་མགོ་ཆག་རུས་པ་གཞན་དམར་ལ་དབུས་སུ་ཞོ་ལྟ་བུར་བྱུང་ན་མགོ་ཆག ནད་པ་ལྕི་ཞིང་དང་ག་མི་བདེ་ན་མགོ་ཆག སྤྱིར་ལྷ་བ་འཐེམས་ཚབས་ཆེ་ན་ཞག་ལྔ་ནས་ན་ཚ་འབྱུང་། འབྲིང་བདུན། ཐ་མ་དགུ་ནས་ན་ཚ་འབྱུང་། དགུ་ལས་བཅོས་པ་ཕྱིས་ན་ལྷ་མིག་ཏུ་ཆུ་སེར་འཆོར། རྡོ་འམ་མཚོན་རྟུལ་པོས་རུས་པའི་ཁྲག་དབུས་སུ་བསྡུས་ན་སྨུག་ཐི་ལེ་འོང་། དེ་ལ་ཁྲག་བཏོན་པ་མཆོག དམར་རྩིག་གེ་བའམ། དམར་བྲིང་བྲིང་བ་དང་རྩིབ་མ་སོས་མནན་པ་ལྟར་སོང་བ་དང་། དེ་རྣམས་ལྷ་བ་འཐེམས་པའི་རྟགས་ཡིན། དུང་དུ་བས་ཁྱེར་བ་ལྟར་སེར་པོར་སོང་བ་ཆུ་བཏབ་པས་ཕྱོགས་བཞིར་འགྲོ་ན་ལྷ་བ་སྐམ་བྱེར་དུ་སོང་བའོ། །རུས་པ་མཐའ་བས་དབུས་དཀར་བ་དང་། དམར་བ་དང་། སྔོ་བ་དང་། སེར་བ་དང་། ནག་པ་དང་། ཁ་དོག་མི་གཅིག་པ་གང་བྱུང་ཡང་སྐྱོན་ཡོད། སྤྱིར་ལྷ་བ་འཐེམས་པ་ཟུག་གཟེར་ཆེ། ཧོར་རྡོལ། སྒང་གྲུམ་ཟུག་གཟེར་ཆུང་། རྩ་ལ་སོང་ན་ཟུག་གཟེར་ཆེ། ལི་ཕྱི་ལ་སྐྱེར་འབྲུམ་གཏོར་བ་འདྲ་ན་རུས་པ་འགྲམ་པ་མ་ཚོར་ཏེ་ལྷ་བ་ཡང་བྱེར། ཀླད་པའི་སྟེང་དུ་རྣག་ཕེབས་པ་ཡིན། སྤྱིར་རུས་མདོག་དུང་འདྲ་ན་མགོ་ཆག ལྕོ་གའི་སྒང་ང་འདྲ་ན་ལྷ་བའི་འཐེམས་པ་ཡིན། སྟེང་དང་འོག་དང་བར་གྱི་ལྷ་བ་ལ་ཁྲག་དན་ཕེབས་པ་ཡིན། སེན་མོ་ཤ་དང་མ་བྲལ་བ་འདྲ་ན་སྐྱོན་མེད་པ་ཡིན་ནོ། །ཡང་འདི་ལྟར་བརྟག ལྡུམ་བུ་རེ་རལ། བྲེ་གུ་གསར་ཐིག སྦལ་རྒྱབ། ཁབ་ལེན་ཞིབ་པར་བཏགས་ལ་ཆང་དང་སྦྱར། དར་གཅིག་ཞོ་དྲོད་ཙམ་དུ་བསྐོལ། དེ་ནས་ནད་པ་ལ་བླུད་པས་ཀླད་པ་ལ་སྐྱོན་ཡོད་ན་སྣ་ཁྲག་འོང་། རུས་པ་ཆག་ན་ཆུ་སེར་འོང་། ལྷ་བ་ལ་སྐྱོན་ཡོད་ན་སྣ་ཆུ་འོང་། རྩ་ལ་སྐྱོན་ཡོད་ན་གདང་པ་སྐྲངས། ཤ་ལ་སྐྱོན་ཡོད་ན་ན་བའི་སར་སྐྲངས། མདོར་ན་སྐྱོན་ཡོད་ན་དེའི་ཤ་རུས་དབྱེའོ། །སྐྲའི་སྒོ་བས་བརྟག་པ་ནི་སྐྲ་ཕག་ཟེ་ལྟར་འགྲེང་ན་རུས་པ་དང་སྲུབས་ལ་སྐྱོན་ཡོད། སྐྲ་བར་བར་ཉལ་ན་རྩ་དང་ཤ་ལ་སྐྱོན་ཡོད། སྐྲ་མཚམས་བྱེ་ན་ཀླད་པའི་སྐྱོན་ཡིན། སྐྲ་མཚམས་ཟེར་པོར་སོང་ནས་འཁྲུགས་ན་ལྷ་བའི་སྐྱོན་ཡིན། མདོར་ན་ཤ་རུས་བྱེ་བ་དང་། ཤ་མདོག་མི་གཅིག་པ་བྱུང་ན་སྐྱོན་ཡོད་པའི་རྟགས་ཡིན་ནོ། །སྨིན་མའི་སྒོ་ནས་བརྟག་པ་ནི། སྨིན་མ་ཟེད་ན་རུས་པ་དང་། སྲུབས་ལ་སྐྱོན་ཡོད། འཛིང་ན་ལྷ་བ་དང་རྩ་ལ་སྐྱོན་ཡོད། མིག་སྤྲིན་གྱི་སྒོ་ནས་བརྟག་པ་ནི། དཀར་པོ་ལ་ཐིག་ལེ་བྱུང་ན་ཀླད་པའི་སྐྱོན། དམར་པོ་འམ་སེར་པོ་བྱུང་ན་རྩ་དང་པགས་པའི་སྐྱོན། མིག་ཟི་ཟི་འམ། ཧར་ཧར་པོའམ། འདེགས་མི་ཤེས་ན་ཀླད་པའི་སྐྱོན་ཡིན། མིག་གཡས་གཡོན་རྟགས་གོང་ལྟར་བྱུང་བ་དེ་ལྟར་བརྟག་གོ། ལྕེའི་སྒོ་ནས་བརྟག་པ་ནི། ལྕེ་སེར་པོར་སོང་ན་ཤ་ལ་ཆུ་སེར་གྲམ་པ་ཡིན། ལྕེ་འཁུམས་ན་ཀླད་པའི་སྐྱོན་ཡིན། ལྕེས་རོ་མི་ཚོར་ན་མགོའི་སྲུབ་བྱེ་བ་ཡིན། ལྕེ་ལ་འབྲུམ་བུ་དམར་པོ་བྱུང་ན་རྩའི་སྐྱོན་ཡིན་ནོ། །འགྲོ་འདུག་ལ་བརྟག་པ་ནི། འགྱེལ་བུབ་མང་ན་ཀླད་པའི་སྐྱོན་ཡིན། ཉྭ་བཞི་འདར་ན་རྩའི་སྐྱོན་ཡིན་ནོ། །དྲང་པོར་མི་ཚུག་པར་འདར་ན་རུས་པའི་སྐྱོན་ཡིན། སྨྲ་ལ་དགའ་ན་མགོ་སྲུབས་བྱེ་བ་ཡིན། ཉལ་ལ་དགའ་ན་པགས་པའི་སྐྱོན་ཡིན་ནོ། །ཟས་ཀྱི་སྒོ་ནས་བརྟག་པ་ནི། འགྲངས་དུས་ན་བ་ཀླད་པའི་སྐྱོན་ཡིན། བསྐྲེས་དུས་ན་བ་རུས་པའི་སྐྱོན་ཡིན། ཟོས་རྟིང་འཁྱུག་ན་རྩའི་སྐྱོན་ཡིན། ཟོས་རུང་མ་ཟོས་རུང་ན་ན་ལྷ་བའི་སྐྱོན་ཡིན། སྣ་དང་སོ་དང་གདོང་པའི་རུས་པ་ན་བ་རུས་པའི་སྐྱོན་ཡིན། མིག་གི་འབྲས་བུ་དང་ཀླད་པ་ཚ་ན་རྩའི་སྐྱོན་ཡིན། གཟེར་བ་དང་སྐྱུགས་པ་དང་། འབྲུམ་མི་ཆོམ་ན་མགོ་སྲུབས་བྱེ་བ་ཡིན། སྤྱི་སྤྱིན་དུ་ན་བ་ཤ་དང་པགས་པའི་སྐྱོན་ཡིན། འཐིབས་ན་ཀླད་པའི་སྐྱོན་ཡིན། སྨྲ་མི་ཤེས་པར་ལྡིབ་པ་ཀླད་པའི་སྐྱོན་ཡིན། གཏམ་ལ་སྐྱེད་ཆོད་འོང་ན་རུས་པའི་སྐྱོན་ཡིན། ཟས་མི་འདོད་པར་གྲིབ་མ་སྙེད་ན་རྩའི་སྐྱོན་ཡིན་ནོ། །བྱུག་པ་རྫས་ཀྱི་སྒོ་ནས་བརྟག་པ་ནི། རུས་པ་སྔོ་ལ་གས་པ་དང་། སེར་ཀ་ངོ་མ་ཤེས་པ་ན་སྣག་ཚའམ་མཚལ་རུས་པ་ཁྱབ་པར་བཏབ་ལ་ཕྱིས་པས་དམར་པོ་འམ། ནག་བྲེང་གིས་བྱུང་ན་སྐྱོན་ཡོད་པ་ཡིན་ནོ། །རྨའི་མཐའ་དེའི་སྐྲ་བཞར་ལ་ཞག་གསུམ་སྦང་མའི་འཇིབས་སུ་གཞུག སྦང་མ་སྐམ་པ་ལ་སྤོས་ན་ཕྱིའི་ཤ་མི་ཐུལ་ལོ། །མེ་དང་ཉི་མ་ལ་མི་བསྡད། ཉིན་པར་གཉིད་མི་ལོག བུད་མེད་དང་མི་ཉལ། དྲག་ཤུལ་དང་འོ་དོད་མི་བྱ། དུས་མ་ཡིན་པར་ཁ་ཟས་མི་ཟ། དུས་ཀྱི་ཁ་ཟས་ཟོས་པ་དང་། བག་རེ་འཆག་ཏུ་གཞུག དུགས་དང་ཚ་ལྟོ་ལ་སོགས་པ་ཡང་དང་ཡང་དུ་བྱའོ། །ཤའི་རྒྱ་ཉམས་པ་ནི་ཤ་པགས་ཐམས་ཅད་བརྩེ་ནས། ན་བེམ་བེམ་བྱས་གཉིད་བྲོ་ལ་མགོ་མནན་པ་སྙམ་བྱེད་ན། ཉི་མ་ལ་མི་བཟོད་ལ། ཟས་ཟོས་པའི་རྗེས་ལ་ན་བ་ལ་ལྟོ་སྟོང་ལ་བདེའོ། །རྩའི་རྒྱ་ཉམས་པ་ནི་མགོ་ལུས་ཐམས་ཅད་ཚ། གཉིད་ཐུམ་ཕྲས་བྱེད། རིམས་གྱི་བཏབ་པ་བཞིན་ན། ལུས་ལ་ཡང་གྲང་འབྲུམ་འོང་། མགོ་ལ་རེག་ན་མི་བཟོད་པར་ཚ། མགོའི་རྩར་སྲོག་ཆགས་འགྲོ་བ་སྙམ་བྱེད། ཁ་སྐམ་ལ་དྲེད་(དྲེག་)པ་ཆགས་པ། ཟས་གྲང་མོ་སྙིང་ལ་འདོད་པ། གྲིབ་མ་ལ་སྙེད་པའོ། །རུས་པའི་རྒྱ་ཉམས་ན་མགོ་མི་ཐེག་པ་སྙམ་བྱེད། འཁྱག་འབྲུམ་འོང་། མིག་སྦྲིན་དཀར། སྐབས་སུ་སྐྱུགས། གློ་བུར་དུ་ལངས་ན་མགོ་འཁོར། ཡོས་སམ་སྲན་མ་འཆོས་ན་སོ་བརྩེ། གམ་དུ་ཐུག་ཆམ་དང་། ཀུ་ཅོ་སྦྱས་ན་སོ་བརྩེ། ཀླད་པའི་རྒྱ་ཉམས་ན་ཀླད་པ་བོ་བ་སྙམ་བྱེད། མིག་འོག་ཏུ་བཅུག་པ་ལྕི། ཤེས་པ་མི་གསལ། དང་ག་མི་བདེ། བརྗེད་ངས། ཡན་ལག་འདར། བླ་འཆོལ་མང་པོ་འོང་། ཡང་བྱེར་བའི་མཚན་ཉིད་ནི། ནང་གི་སྤྲིས་བྱེར་བ་ཞེས་བྱ་སྟེ། དར་དང་གཉིས་མ་འབྱོར་བའོ། །བར་ལྷ་བ་བྱེར་བ་ནི་སྔོ་ནག་སོབ་སོབ་འོང་བའོ། །ཕྱིའི་རུས་པ་བྱེར་བ་ནི་དུང་ལ་ཧམ་པ་ཆགས་པའོ། །རྩ་ཚ་བྱེར་བ་ནི་ལུས་ཚ་ལ་སྐོམ་དད་ཆེ་བའོ། །གྲང་བྱེར་ནི་དང་པོ་སྐྱ་བོ་བྱིལ་བྱིལ་པོར་འོང་། ཕྱིའི་སྐྱི་བྱེར་བ་ནི་གློག་ས་སྐྱ་བུན་དུ་བྱས་ནས་འཚོ་རུ་མི་འདོད་པའོ། །ཆག་པ་དང་། རྩ་ལམ་དང་། རྒྱ་སྲུབས་རྣམས་ནོར་ཉེན་ཡོད་པས་གཟབ་ལ་བརྟགས་ཏེ། ཆག་ན་ཁབ་མགོ་བཙུགས་ལ་བཏོན། རུས་པ་ལ་སྐད་འོང་ངོ་། །རྩ་ལམ་དང་རྒྱ་སྲུབས་འཇམ་པ་ལ་ཁྲབ་ཁྲལ་ཁྲལ་འོང་ངོ་། །མགོ་ལ་མདའ་ཕོག་ནས་ཀླད་པ་ལ་ཐལ་ན་སྐམ་པས་དབྱུང་དུ་མི་རུང་། ཟླུམ་པོར་བསྐོར་ལ་སྙི་བ་ལྡེག་ལྡེག་ཏུ་རུས་པ་བརྡར་ལ། མདེའུ་རང་འགྱེལ་དུ་གཏང་ངོ་། །མདེའུ་ལྡེབ་ཀྱིས་ཕོག་ན་མདེའུའི་སྣ་རུ་གྲོན་བཅུག་སྟེ་དྲ། འོག་གྲུམ་ན་མཐོང་བརྟོལ། རུས་པ་ཐག་ཆོད་པར་བརྡར། རྩ་རྣམས་མེ་བཙས་བསྲུང་། རྒྱ་སྲུབས་ལ་བབས་ན་ཕྱི་རུ་མེ་བཙས་སྦྲེལ་ལ་བསྲུང་། ནང་དུ་རྒྱ་སྲུབས་ཀྱི་སྣ་བཅད་དོ། །དེ་རྣམས་ནི་རྨའི་འཁོས་བཅད་པ་དང་། ཆག་མ་ཆག་གིས་མཚན་ཉིད་བསྟན་ཟོན་ཏོ། །དེ་ནས་གཉིས་པ་བཅོས་པའི་ཐབས་བསྟན་པ་ནི། སྟེང་ཆག་པ་དང་། དྲས་རྫོགས་པ་རྣམས་ནི་དྲོད་དང་ལུམས་ཀྱིས་བཅོས་སོ། །ཤ་མི་དྲ། རུས་པ་ལ་སྒོ་བྲུད་མི་བྱ། ཞག་དགུ་ཚུན་ཆད་ཉར་བསྒྲིམས། ཤ་གསར་དང་ཆང་གསར་པས་བཅོས། ལོག་ལ་ཕུག་ནས་བཅོས་སོ། །སྟེང་འོག་གཉིས་ཀ་ཆག་ནས་ཤ་དྲ་བར་ཤེས་ན་རུས་སྐྱོན་བསལ་ཐབས་ནི། སྤྱི་གཙུག་ཤ་ནི་བཞག་སྐོར་འདྲ་སྟེ་བསྐོར་དུ་མི་རུང་། མཚོག་མའི་ཤ་ནི་གཞུའི་བཤུལ་ཤ་འདྲ་སྟེ་མི་བསྐོར། དབུས་སུ་དྲ། ལྟག་པའི་ཤ་ནི་ཉ་གདང་གཤིབས་པ་འདྲ་སྟེ་གཤགས་ལ་དྲ། འཕྲེད་ལ་ཆོད་དུ་མི་རུང་། ལྟག་པའི་རྩ་ནག་པོ་དང་། རྩེའུའི་མགོ་གཡས་གཡོན་དང་། གཟེར་རྩ་དར། འཕར་རྩ་དང་། གཉན་པ་རྣམས་བསྐོར་མི་རུང་། དེ་རྣམས་སུ་ཤོ་རེ་དང་། སུམ་ཤོར་དང་། བཞི་ཤོར་དང་། བོང་མཆུ་དང་། གང་ལྟར་རིགས་པར་འོས་པར་འདྲ། གཙག་རྣོན་པོས་མ་བཏབ། འདར་མ་ལངས་པར་དྲས་ལ་པགས་པ་དང་ཤ་གདན་གཉིས་དུས་གཅིག་ལ་བསལ། གྲུ་བཞི་དང་གྲུ་གསུམ་དང་ཟླུམ་པོར་མི་དྲ། བལ་ཡེ་ཆུ་རུ་བཅུག་པས་ཁྲག་ཕྱིས་ལ་བལྟ། གཟེར་རྩ་ཁྱམ་པོ་འོང་སྲིད་པས་དམར་པོའི་ཐིག་ལེ་འདུག་ན་གཟབ་ལ་ལྟེ་བ་བཞིན་དུ་བཞག དར་ཡ་ཀན་རྩ་སྟེ་ཕྱི་རུ་བརྡར། ཕྱི་མ་རྣམས་བསྐོར་རོ། །དེ་ཡང་དང་པོ་འཁོར་གྱིས་མནན་ཏེ། དེའི་ཡོན་ཏན་རྩ་དང་ཤ་སྦྲིད་པས་ནད་པ་བཟོད་པ་ཆེ་ལ་ཤ་དང་རྩའི་ཁྲག་མི་འཆོར་རོ། །དེ་ནས་དྲས་པའི་སྟེང་ལ་སྨན་པས་ལྟེམ་རྩེ་བཅུག ཤ་རུས་བྱེ་མ་བྱེའི་མཚམས་སུ་ཉུལ་ཞིང་བལྟས་ལ་ཤ་རུས་བྱེ་མ་བྱེའི་མཚམས་ཚུན་ཆད་དྲ། ལྟེམ་རྩེ་ཕྱེང་ཀྱིས་སོང་ན་ཡང་དྲ་སྟེ། གས་ཆག་ཐམས་ཅད་དྲས་འོག་ཏུ་ཚུད་པར་བྱ། ཁྲག་བྱུང་ན་བལ་ཡེ་ཆུ་རུ་བཅུག་པས་གདབ། འཁོར་དྲག་ཏུ་མནན། དེས་མ་ཆོད་ན་སྤྲ་བ་ཧྲོག་ཧྲོག་བསྲེགས་པས་རྨ་ཁ་བརྫངས། དེ་ནས་སྐྱུང་བུས་མཐའ་མ་འབོས་བཞིན་དུ་བརྡར་ལ་ཐག་བཅད། ཁྲག་ངན་དང་ཆུ་སེར་གདོན། ཁྲག་གསོན་ཤི་དབྱེ། དབུས་སུ་ལྷ་བའི་ལྷག་མ་མི་བཞག་པར་དལ་བུས་སྦྱངས། ཀླད་པའི་ཚས་སུ་རུས་པ་སྦྲང་འདབ་རུ་བྱས་ལ། དབུས་སེན་མོས་འགྲུམ། བྱི་ཚེ་མིག་ཁྱིམ་བྱའི་མིག་མར་དུ་ཕུག་ལ་བཅོས། ཁྲག་ངན་པ་ནི་གནག་པ་དང་། སེར་བ་དང་། བྱ་ཕ་ཝང་རྒྱབ་ངན་པས་ཐོན་ཚད་གདོན། གས་ཀྱི་སྣ་རུ་བྱི་ཚེ་མི་དབུག ཡང་ན་མང་དུ་ཕུག་པས་ཀླད་པ་སྦོས་ནས་མི་འཚང་། ཀླད་པ་ལ་འཕར་ནོན་མི་དགོས་པའོ། །ལྷ་བའི་ཁྲག་དམར་ལ་དངས་ཤིང་སྦྲང་ཆར་བཞིན་དུ་ཀུན་ནས་སྙོམས་པར་འབབ་ན་རང་བཞིན་གྱི་ལྷ་ཁྲག་ཡིན་ནོ། །རྩ་སྣད་པ་དང་ལྷ་བ་འཐེམས་པ་ཞག་བདུན་ནམ་དགུ་འདས་ན་ལྷ་བ་བྱེར་ནས་འགྲོ། དེ་ནས་བཙན་ཁྲག་མྱུར་དུ་འདོན། སྤང་མ་ཕབས་དང་བཅས་རྨ་ཁ་ཁྱབ་པར་གཡོགས། ནད་པར་རྨ་ཁ་ཕྱེ་ཙམ་ན་ཁྲག་རོ་ར་ཤིག་ཙམ་ཅལ་ལེ་འདུག་ན་རྨ་ལྡོག་གོ། མདོར་ན་རྨ་ནི་རླན་དང་དྲོད་ཀྱིས་བཅོས། དེ་ནས་གཟོད་རྫོགས་ནས་རུས་ཐག་ཆོད། ལྷ་བ་གསོན་པ་དང་། ཕྲད་པ་དང་། རྨ་རྩི་ཀ་ར་གུར་གུམ་མཚལ་དང་གསུམ་རྟ་སྦྱར་ལ་གཏང་། སྐབས་སུ་ཀ་ར་གཅིག་པུ་གཏང་། ལྷ་བ་ལ་ཤ་གཟེར་མ་འདེབས་ཀྱི་བར་དུ་རྨའི་ནང་དུ་གླུམ་དང་མར་དཀར་སྦྱར་ལ་བྱུག གླུམ་དང་ཕབས་སྦྱར་བས་མཐའ་མ་བྱུག མན་ངག་ངེས་པའི་ཟིན་དུ་རུས་པའི་བཟོ་མ་ཟིན་གྱི་བར་ལ་སྦང་མ་མི་གཏང་། རུས་བཟོ་ཟིན་ནས་ཁྲག་མཁྲིས་ཅན་ནམ། ནམ་སླ་དྲོད་དུས་སུ་སྦང་མ་མ་དྲགས་ན་ལྷ་བ་འབྱེར། མར་ཚིལ་རྣམས་གཉིས་དཔྱད་ལ་གཏང་། དེའི་ཡོན་ཏན་གྱིས་ལྷ་བ་མི་འབྱེར་ལ། རྨ་ཁ་འཁྱགས་རུམ་བཞིན་དུ་སྡུར། དབྱར་སྟོན་དྲོ་བའི་དུས་གྲང་མོ་གཏང་། དགུན་དཔྱིད་གྲང་བའི་དུས་སུ་དྲོད་ལ་དབབ། ལྕིབས་ཀྱི་སྟེང་དུ་པགས་བུ་བྱའུ་ལྕེས་དགབ། དེ་ནས་རས་མས་གཡོགས་ལ་རས་འཇག་གིས་དཀྲི། ལྷ་བའི་ཤ་གཟེར་འཐེམས་ནས་མར་དཀར་དང་། ཞོ་ཆུ་བརྩིར་བ་གང་འཕྲོད་གཏང་། ཁྱེའུས་འཐུངས་པའི་ནུ་ཞོས་རྨ་བཀྲུ། བྱི་ཚེ་མིག་དང་། ཆག་སོ་ན་ཡར་ཤ་ངན་འཛེར་པའི་ཐབས་སུ་སྐྱེ་ལ། ཀླད་པ་མཐོ་ལ་བསྡེབ་མི་ནུས་ལ། རྩ་དང་ཕྱི་ཡུལ་ཚ་བར་འདུག་ན་ཀླད་པ་ཚ་སྤོས་ཞེས་ཀྱང་བྱ་སྟེ། ཅུ་གང་། གུར་གུམ། ཀ་ར་གདབ། ཡང་ན་ག་པུར། གུར་གུམ། ཀ་ར་སྦྱར་ལ་བྱུག་གོ། ཆུའི་རྡེའུ་འཚམ་པས་སྟེང་ནས་མནན། དེའི་སྟེང་དུ་རེ་བ་མར་གྱིས་བྱུགས་པས་མནན། དེས་ཀྱང་མ་ནོན་ཏེ་ཤའུ་ཟམ་ཐོག་ན། ཀླད་པ་གྲང་སྤོས་ཡིན། ཤའུ་གཞའ་བ་ཡིན་པས་དྲ། ཕྱིན་པ་མཁྲེགས་པོ་མར་དུ་བཙོས་པའི་ཚན་དེ་གསུམ་བརྩེགས་ཀྱིས་ཁ་ཤ་ལ་མ་རིག་པར་གླན། སྲིན་བལ་གྱི་སྐུད་པས་ཐོད་ཐབས་སུ་བཅིང་། དེས་ཀྱང་མ་ཞིག་ན་ཀླད་འཛེར་དེར་གན་གྱི་རྡོལ་པས་བསུར། ཞག་འགའ་ཤ་ཆང་བཅད་ལ་ཉམས་སྨད། ཀླད་པ་དང་། ལྷ་བ་དང་། ཤའི་ཤའུ་གསུམ་ཟམ་ཐོག་ནས། དོམ་མཁྲིས་ཀ་ར་སྦྱར་ལ་ནང་མ་རྐང་ཆག་གཏང་ངོ་། །བཟོ་བྱས་ནས་ནང་མ་གཉིས་གསུམ་གྱི་ནད་པར་ལ། ལྷ་བ་སྨུགས་ལ་དང་ཤིང་། རྣག་སྐ་ལ་རྨ་ཁ་མཐོ་ལ་མཁྲང་ཞིང་སྙོམས་པ་དང་། ནད་པ་སེང་ཞིང་གཉིད་ཆུང་ལ། དང་ག་བདེ་ན་བཞེད་དོ། །སྤྱིར་ཁྲག་མཁྲིས་ཅན་ལ་དགུན་ཡང་བསིལ་གྱིས་བཅོས། རྒན་པ་ལ་རྨ་ཆས་དབྱར་ཡང་དྲོ་བར་བྱ། དབྱར་གྱི་རླན་ཞོ་བརྩིར་བས་བྱ། སྡོ་བསིལ་པར་པ་ཏ་དང་། ཤ་མོ་དང་ལྕམ་པ་སྦྱར་ལ་ཁ་ཞུན་བྱ། དགུན་མར་ཚིལ་དང་སྦང་མ་དང་། སྤོད་ལ་སོགས་པ་ཆ་སྙམས། མི་རྒན་པོ་ཁྲག་ཁྲིས་ཤལ་ཆེ་བ་ཡང་ཡོད། དེ་ལ་ཁ་ཟས་བསིལ་དྲོད་ཆ་བསྙམས་པར་བྱས་གཏང་། ཞག་བཅུ་དྲུག་གམ། ཉི་ཤུ་རྩ་གཅིག་ནམ་ཆང་ཁྱོར་ཚད་ཙམ་ལ་ཉམས་ཚད་དར་མ་གྲང་རླུང་ཤས་ཆེ་བ་ཡང་ཡོད་པས་ཁ་ཟས་དང་རྨ་ཆས་དྲོད་དུ་བྱ། དཔྱིད་ཞོ་དང་སྦང་མས་བྱ། དེ་དག་ནི་ཤའུ་བསྐྱེད་པའི་ཐབས་སོ། །ཁ་ཞུན་དྲོད་ཆེ་ལ་མཐུག་ན་ཤའུ་ཕྱིར་ལ་འཇུ། དབྱར་གྲང་ཆས་སུ་གཏང་། རྨ་དཀྲིས་ཡང་ཆ་སྙོམས་པར་བྱ། སྨན་པས་རྣག་འཕྱེ་བ་ལ་བརྩོན་པས་ཀྱང་ཤའུ་སྐྱེད་པར་འགྱུར་རོ། །རྨ་རབ་ལ་ཞག་བཅུ་དགུ། འབྲིང་ལ་དགུ་ཐ་མ་ཞག་ལྔ་ལ་བསིལ་བསྟེན། དེ་མན་ཆད་ཆ་མཉམ་པ་ཐ་མ་དྲོད་ལ་བཙའ་བས་ཏེ། དེ་ཡང་དྲོད་བསིལ་ཐེད་འགྲོས་སུ་གཏང་ཏེ། རླུང་མཁྲིས་ཆེ་ཆུང་ལ་སོགས་པ་རིགས་པའི་མདས་བསྣུན། བསིལ་དྲོད་གང་གཏང་ཡང་ཁྱོར་ཚར་སུམ་ཡར་གཏང་། རྨའི་ལྕི་བས་མདོར་བསྡུ་ན་དགུན་ཟླ་གསུམ་དང་། དཔྱིད་ཟླ་གསུམ་དྲོད་ཀྱིས་བཅོས། དབྱར་ཟླ་གསུམ་སྙོམས་ཀྱང་དྲོད་ཀྱིས་བཅོས། སྟོན་ཟླ་གསུམ་ཚད་པའི་དུས་ཡིན་པས་བག་ཙམ་བསིལ་གྱིས་བཅོས་སོ། །སྤྱིར་སྦང་མ་ཆང་འགག་པ་དང་། པག་བུ་དྲོད་མ་དང་། སྐྱི་དཀར་བཟང་པོས་གཡོགས། ཤའུ་བརྟག་པ་ནི། རུས་འཛེར་ཐམས་ཅད་རྫོགས་ནས་རྨ་ཁ་ཁོད་བསྙོམས་ལ་མཐའ་མ་ནས། རྨེན་པ་ཆགས་ནས་རྣག་སླ་ན་དར་ཡ་ཀན་མཁྲིས་ཆེ་ན་གདབ། ཡང་ན་ངན་མཁྲིས་སྣ་ཚོགས་སྙོམས་པར་གདབ། རུས་འཛེར་རྫོགས་ནས་ཤས་ཁེངས་ནས་ཤ་སྙོམས་ཐོར་རེ་བྱུང་ན་བཤུལ་ཚིལ་དང་། སྐོམ་རྩི་གཏང་། ཁ་ཞུན་མི་གཏང་དྲག་ཤུལ་མི་བྱ། ཁ་ཟས་བཅུད་ཅན་གཏང་ངོ་། །ལྕགས་གཡའ་ཆགས་པ་ལ་གཉིས་ཡོད་དེ། ཤན་ཕྱེད་ནས་ཆགས་ན་བཟང་། འཆི་ཁར་ཡང་ཆགས་པ་ཡོད། རུས་པ་ལྷ་བ་ཆགས་སུ་མི་གཏུབ་ན་སིངས་པོ་གསར་འཇམ་གཏང་། དེས་ཚ་བ་སྐྱེད་པར་བཟོ་ན་འཕྲོ་བཅད། ཚ་བ་མི་སྐྱེ་ན་ཤ་ཆང་རྒྱུན་དུ་གཏང་། མི་མགོ་སྐམ་ལ་སྨིན་ཕྲག་དོག་པ་རྣམས་རུས་པ་སྲབ་པས་ཞག་བདུན་ནམ། དགུ་འམ། བཅུ་གཅིག་ན་ཆག་སོས། མི་མགོ་ཤ་ཆེ་བ་ལ་སྨིན་ཕྲག་ཡངས་པ་རྣམས་རུས་པ་ཡང་མཐུག་པས་ལྷ་བ་ཡང་མོད་ལ་མོད་ལ་འཆག མྱུར་དུ་མ་ཆགས་ན་མི་ཐུབ་བོ། །དང་ལ་ཤ་བཅུད་ལ་གཏང་། ཚ་བ་ཆེ་ན་རྔ་བྲན་གྱི་ཤ་གཏང་། རླུང་ཆེན་ཡིབ་མ་དང་། ཆང་བཟང་པོ་གཏང་། སྤྱིར་བཟོ་མ་བྱས་པར་ཤ་ཆང་མི་གཏང་། བཟོ་བྱས་ནས་ལུག་ཤ་གསར་པ་གཏང་། རྒན་པ་བཅུད་ཀྱིས་གསོས་ཏེ་ཤ་ཆང་གཏང་། དར་མ་མེའི་ཁམས་ལ་ཟས་ཁྲེའུར་གཏང་། བྱིས་པ་ཆུའི་ཁམས་ལ་ཟས་དྲོད་ལ་བརྟེན། ནད་པ་སྤྱོད་ལམ་གཟབས། ཚ་གྲང་རྩ་ཆུ་ལ་བརྟགས་ལ་བཅོས་སོ། །གཞུག་རྨ་སྐམ་ཐག་ཆོད་ནས་ཤ་ཆང་སྤྲུག་གོ། སྤྱིར་མགོ་རྨའི་དུས་ཤ་རུལ་སུངས་དང་། ཉ། སྒང་(སྒོ་)ང་། མར་རྙིང་། ཞོ། བྲ་ཟན། སྒོག་སྐྱ། གཡེར་མ། ཆང་སྐྱུར་སྦངས། ཤ་གསར་ཆང་གསར་གཏང་ངོ་། །ཕོག་ས་ངན་པ་ནི། སྨིན་མཚམས་མཛོར་པུར་ཕོག་ན་གཉན། དེ་བཅོས་ཉེས་ན་འཆི་བས་སྣ་རྩ་གཏར། ཨན་ཏོང་རུས་བསྲེག ལུག་གི་མཆིན་པ་གཏོང་ངོ་། །ལྷག་པ་དྲང་པོ་ན་ཡར་སོར་བཞི་ན་ཆུ་རྒྱུས་ཐམས་ཅད་ཀྱི་མགོ་ཡིན་པས་གཉན་ཏེ། མིག་འབྲས་དང་། མིག་རུས་ངན་པས་དེ་ལ་སྤྱི་གཙུག་ཏུ་མེ་རྩ་བྱ། རྩེ་ཆུང་གཏར་རོ། །སྤྱི་བོའི་གཙུག་ནི་ཀླད་པའི་བྱ་ཚང་ཞེས་བྱ་སྟེ། རུས་པ་ཆག་ན་མི་འཚོ། རྩ་ཁ་མི་འདྲ་བ་གཉིས་བྱུང་ན། གླགས་ཡོད། ཀོས་ཀོའི་ཀུང་ཀུང་པོ་རུ་ཕོག་ན་གཉན་པས་ཁ་ལྡང་དུ་མི་གཞུག་གོ། མགོ་ཆག་པ་བཅོས་པའི་ཐབས་ནི། ཤ་རུས་བྱེ་བའི་མཚམས་ཚུན་ཆད་ཤ་དྲས་ལ་རུས་པ་བརྡར། ལྷ་བ་རྒྱབ་ནས་བརྡར། དབུས་དལ་བུས་སྦྱངས། བྱི་ཚེ་མིག་མང་དུ་ཕུག་པས་ཀླད་པའི་སྟེང་ནས་ཆུ་སེར་གདོན། བུད་མེད་ཤ་རྩ་དཀར་ལ་རིགས་བཟང་བ། ན་སོ་གཞོན་པ། སྤྱོད་ལམ་དལ་བ། ཁྱེའུ་བྱུང་བའི་ནུ་ཞོ་བླུགས་ལ། ནད་པའི་ཁ་སྣ་རྣམས་ལ་ཀླད་པས་འདེབས་སུ་གཞུག་གོ། སྒོ་གྲུམ་བཅོས་པའི་ཐབས་ལ་ཤའི་ཁ་དྲས་ཁམ་ཆེ་རུ་བྱས་ལ། རུས་པ་བག་ཙམ་གཏང་། ཀླད་པའི་སྟེང་དུ་རུས་འཛེར་འདུག་ན་མི་ལྡོག་པར་དབྱུང་དུ་མི་རུང་། རུས་འཛེར་བཙན་འཐེན་བྱ་རུ་མི་རུང་། རང་བྱུང་དུ་བཞག ཞག་ལྔ་ལོན་པའི་ནང་པར་ག་པུར་དང་། རྒྱ་ཚ། ཀ་ར་གདབ། ཞག་བདུན་ལོན་ནས་འགུལ་འགུལ་འབྱུང་། རུས་འཛེར་ཕྱུང་བའི་ཤུལ་གྱི་ཤ་དང་། ཀླད་པ་སྔོའམ། ནག་ན་རྒྱ་ཚ་དང་། རུ་རྟས་ཀླད་པའི་རུལ་བཅད། ག་ཕུར། ཅུ་གང་། ཀ་ར་གསུམ་གྱིས་ཀླད་པའི་ཚ་བ་གཞིལ། གུལ་གུམ་དང་དོམ་མཁྲིས་ཀྱིས་ཀླད་པའི་དབུགས་འདོན། འོམ་བུས་བར་ཤུན་གྱིས་ཀླད་པའི་ངར་གསོ། ཀླད་པ་མཐོ་ལ་མི་འདེབས་ན་མནན་པ་གང་ལྟར་བྱའོ། །ཧོང་རུལ་བཅོས་པའི་ཐབས་ནི། རུས་པ་གཏིབ་པ་ཡིན་ཏེ། ཤ་དྲས་ལ་སྔ་སྔོ་བརྡར། རུས་འཛེར་རང་བྱུང་དུ་བཞག རུས་པ་གཏིབས་པའི་སྟེང་འོག་ན་ཤའུ་སྐྱེ་བ་ཡང་ཡོད། རུས་འཛེར་བཙན་འདོན་བྱས་ན་རྩ་ཆད་པ་ཡང་ཡོད། ཀླད་པ་ནར་གྱིས་བྱུང་ནས་ཤི་བ་ཡོད་པས་གཟབ་པར་བྱའོ། །གཞན་གོང་དང་མཐུན། ཀླད་པ་དམའ་ན་ཟས་བསྟོད། མཐོ་ན་ཟས་སྨད། ཀླད་པའི་སྤྲི་བཙན་ནས་སྦྲེ་དང་ཀླད་པའི་བར་ན་རྣག་གཞུག་ན་མདོག་སེར་པོར་འོང་། རྣག་གི་མེ་ཏོག་དཀར་པོ་བྱུང་ན་འཇབ་རྩིས་སྤྲི་བཟུང་ལ། གཙག་བུས་སོ་ཡར་བསྟན་ལ་བརྟོལ་ལོ། །ལྷ་འཐེམས་བཅོས་པའི་ཐབས་ལ། ཞག་ལྔའམ་དྲུག་ཚུན་ཆད་རྨ་ཆེ་ཆུང་དང་སྦྱར་ལ་ཤ་དྲ། རུས་པ་བརྡར། སུམ་གཉིས་ཡར་བླང་། ལྷ་བ་འཐེམས་པ་ཡུན་རིང་ནས་ས་བཅད་པའི་ཤུལ་འདྲ་ན་མགོ་ལ་གཏུགས། མགོ་ཆག་ན་བྱི་ཚེ་མིག་མང་དུ་དབུག མཐོང་བརྟོལ་ལ་བཅོས། དེ་ཡང་སྟེང་བླངས་ནས་འོག་སྲབ་མོར་རྒྱ་བར་སྨུག་ལམ་མེ་འདུག་ན་བྱི་ཚེ་མིག་དབུག་མི་དགོས། ཁ་དོག་ནག་པོའམ། སེར་པོར་འདུག་ན་དབུག དེ་ནས་རྣག་ཆུ་གདོན་ཏེ། ཆུ་སེར་ནག་ལ་མང་བའམ། བཅོད་སྡོམ་བྱེད་པ་རྣམས་ནི་ཐོན་ཚད་ཀྱིས་འདོན་ཏེ། ལྷ་བའི་གསོན་ཁྲག་ནི་ཐམས་ཅད་ལ་སྙོམས་པར་འདུག་པ་དང་། དམར་ལ་དངས་པ་དང་། ཞག་སྲོ་མ་ཙམ་ཙིག་ཙིག་འདུག་ན་ཡིན། གཟེར་རྩའི་ཁྲག་ནི་དམར་ལ་མིག་རྡོལ་བ་ལྟར་འོང་། དམར་ལ་འཁྱིལ་བ་དང་། ནག་ལ་རླངས་པ་ཅན་དུ་འོང་། རྩིད་རྩིད་པ་ནི་གཅོད་སྡོམ་ཅན་ཡིན། དེ་ཡང་སྐམ་པའི་ཕྱོགས་སུ་བརྡར། རྨའི་ཁ་ཤ་ཞ་བའི་དངོས་སུ་ཁྲག་གསོན་པོ་དང་སྤྲད། གཞན་གང་དང་འདྲ། ལྷ་བ་སྐམ་ན་ཁང་དུ་ཆང་བཏང་། རྨ་ཁ་རློན་ན་ལུམས་སུ་གཞུག ཚིལ་ལམ་པགས་པས་གཏུམས། ཞག་དགུ་ལོན་ནས་ལྷ་བ་ཁྱེར་ཞེས་བྱ་སྟེ། བཙན་ཁྲག་གིས་ལྷ་བ་ཕྱིར་འཕུར་ནས་མི་སོས་སོ། །བརྡར་ཙམ་ན་ལྷ་མིག་ནས་རྣག་སིབ་སིབ་འདུག་ན་མི་སོས་སོ། །ལྷ་མིག་གི་ཆུ་སེར་རྣག་ཏུ་སོང་ན་མི་སོས་སོ། །ལྷ་མིག་ནས་རྣག་ཏིལ་འབྲུ་ཙམ་འབྱུང་བ་མི་སོས་སོ། །ལྷ་མིག་སྔོ་ལ་བརྡར་ཙམ་ན་སྐམ་ཕྲུལ་ཕྲུལ་འདུག་ན་སྐམ་བྱེར་ཡིན་པས་འཆི། རྨ་ཁ་སྐམ་ན་འཆི། རྩ་ཤེད་ཆུང་ལ་མྱུར་ན་འཆི། དབང་པོ་ཡུལ་ལོག་པར་འཛིན་ཅིང་བླ་འཆོལ་སྨྲ་ན་འཆི། སྐྱུགས་པ་དང་། སྨྱོ་བ་དང་། བླ་བ་དང་། འབོགས་ན་འཆི། དེས་ན་ལྷ་བ་འཐེམས་པ་མྱུར་དུ་བཅོས་དགོས་སོ། །འོན་ཀྱང་སྐམ་བྱེར་ལ་ཚིགས་པ་གསུམ་པ་བསྲེག སྙིང་ཞོ་ཤའི་ཐང་གཏང་ངོ་། །གཤེར་བྱེར་ལ་ཕུར་མོའི་ལོ་མའི་ཐལ་བ། བ་བླ། ལྡོང་རོས་མྱང་རྩི། སྤྲས་ཀྱིས་ལྷ་བ་སྐེམ། ཤ་གསར་ཚོ་ཁུ་གཏང་ངོ་། །ཀླད་པ་གསོ་བའི་ཐབས་ལ། རུས་པའི་གམ་གཏིབ་པས་རུས་འཛེར་གྱིས་སྤྲི་བཙན་ནས་བར་དུ་རྣག་ཞུག་པ་ཡོད། རུས་འཛེར་ཕྱུང་བའི་རྗེས་ལ་སྤྲི་སྔོན་པོ་འབྱུང་བ་ཡང་ཡོད། དེ་ལ་ག་པུར། གུར་གུམ། འདམ་བུ་སྦྱར་ལ་གདབ། སྤྲི་དང་ཀླད་པའི་བར་ནི་རྣག་བརྟོལ། དེ་ནས་ནག་པོ། དམར་པོ། སྔོན་པོ། མང་པོས་འཁྲུགས་ན་ཤའུ་དམར་པོ་སྲེག་གེ་འདུག་ན་ཉེས་མེད། སྤྲི་རལ་ན་དར་ཡ་ཀན་དང་བཅད་འབྱོར། དོམ་མཁྲིས། འོམ་བུའི་བར་ཤུན་གྱི་འདམ་རྣམས་གཏང་། ཀླད་པ་འཛག་ན་མུ་ཏིག་དང་དོམ་མཁྲིས། ཁྱེའུས་འཐུངས་པའི་ནུ་ཞོ་དང་སྦྱར། འཐིམས་སུ་སྟག་ཤ་བསྐུས་ལ་གཏང་། དེས་འཆད་དོ། །ཀླད་པས་ཚ་སྦོས་ནི། རྩེ་ཆུང་དང་ཕྱི་ཡུལ་ཚ། ཟུག་གཟེར་ཆེ་ལ་དང་ག་མི་བདེ། རྨ་ཆེ་ལ་རྣག་མང་། དེ་ལ་ཉ་ར་འབད། རུས་པ་ཉམས་པ་སྐྱུང་ངོ་། །གྲང་སྦོས་ནི་ཕྱི་ཡུལ་ལ་སོགས་པ་གྲང་བའོ། །དེ་ནི་གྲང་རླུང་སྐྱེས་པ་ལས་འབྱུང་ངོ་། །ཤའི་རྨེན་པའི་ཐབས་སུ་པྲོག་པྲོག་པོས་སྐྱེས་ན་མནན་པས་ཀྱང་མ་ནོན་ན་འཁར་བའི་ཐུར་མས་བསྲེག རྩེ་མོ་སྐྱ་ཁྱི་ལེ་བྱས་ནས། ཆུ་འཇིག་པ་འོང་སྟེ། མནན་པས་མ་ནོན་ན་ར་གན་ནམ། ལྕང་མས་བསྲེག བསྲེག་པས་དེ་རྣམས་ཉོལ་ཉོལ་པོར་འགྲོ་སྟེ། འོག་ནས་ཤའུ་གཤའ་མ་སྐྱེའོ། །དཔྱད་བཅོས་བྱ་རུ་མི་རུང་། ཀླད་པ་གཏིབ་ན་གླུམ་གྱི་ཉེའུ་གཏད། ཤ་གསར་ཆང་གསར་གཏང་། རྩ་ཆོད་པ་ལ་གང་དུ་མེ་བཙའ་གདབ། ཁྲག་མ་ཆོད་ན་སྤྲ་བས་བསྲེག་པས་ཆོད། སྤྱི་གཙུག་ནས་མཚོག་མའི་ངོས་སུ་མཚོན་གང་བཅལ་བ་ན་རྩ་གཅིག་ཡོད་དེ། དེ་ཆོད་ན་སྤྱི་གཙུག་ནས་མཚོག་མའི་བར་ཐམས་ཅད་ཚ་ལམ་ལམ་འོང་བས། དེ་ལ་སྤྱི་གཙུག་ཏུ་སྤྲ་བ་གསུམ་བཞག སྤྲུ་བའི་རྩ་བའམ། གྲོ་གའི་རྩ་བའམ། ཟ་འོག་གི་གཞོབ་ཀྱི་ཐལ་བས་བཅད། ཕྱི་འཐམས་ཀྱིས་མནན། རྩའི་གང་འོག་ཏུ་མེ་བཙའ་གདབ། རྣ་བའི་མདུན་རྒྱབ་ཀྱི་རྩ་སྒོར་སྣང་ན་རྩེ་ཆུང་གདབ། ཞུ་མཁན་དང་འོམ་བུའི་དུགས་ཀྱིས་རྩ་བའི་ཚ་བ་གདོན། རྨའི་ཐོ་ཕྱི་གཟེར་ཞིང་རྩ་འཕར་ན་གཏར་ག་བྱས་པས་ཕན་ནོ། །ཡང་ན་བསྲེགས་ན་ཕན་ནོ། །ལྷ་བའི་རྩའི་འོད་དང་། སེར་ཁའི་འོད་ནོར་ཉེན་ཡོད་དེ། ལྷ་རྩའི་འོད་ནི་སྨུག སེར་ཁའི་འོད་ནི་གནག་པར་འོང་། རྩ་ཆོད་ན་གསེར་གྱིས་བསྲོས་ལ་དོམ་མཁྲིས་རྩ་ཁར་གདབ། གཟེར་རྩ་ཆོད་ནས་ཁྲག་ཆུ་མིག་ལྟ་བུར་བྱུང་ན་ཞག་གཉིས་སམ་གསུམ་ན་ལྷ་བ་སྔོ་སོབ་སོབ་ཏུ་སོད་ནས་འཆིའོ། །རྒྱ་རྩ་ཞེས་བྱ་བ་མཚོག་མ་ནས་ལྟག་ཁུང་ཐུག་པ་རྩ་སྦོམ་པོ་གཅིག་ཡོད། རྣ་བའི་མདུན་རྒྱབ་གཉིས་ན་དཔག་བསམ་གྱི་ལྗོན་ཤིང་བཞི་ཡོད། སྤྱི་བོ་ནས་ཡར་ལག་པའི་སོར་མོ་བཀྲམ་པ་བཞིན་ཡོད། དཔྲལ་བའི་ཟུར་གཉིས་ན་ཡར་རྩ་འགྲེང་བུ་གཉིས་ཡོད། དེ་ཆད་ན་བཅོས་ཐབས་མེད་དེ་འཆི། བཙན་པ་སྨན་གྱིས་གསོའོ། །རྨ་ཐོག་ཏུ་རྡོ་ཕོག་པ་དང་། མཐོངས་ཀ་མཁྲང་བའམ། རེ་བཞི་འམ། ཀ་གདུང་ལ་བརྡབས་ནས་ཀླད་པའི་མཚོ་འཁྲུགས་ཏེ་གདང་པ་ལྕི་ལ་མིག་རི་བོང་རྫིས་ནོན་པ་འདྲ་ལ། སྐྱུགས་ཤིང་ཅོལ་འཁྲུལ་མང་ན་རྩེའུ་ཆུང་གཡས་གཡོན་གཏར། སྤྱི་བོ་གཙུག་ཏུ་གསང་དབྱེ། སྐྲ་བྲེག་ལ་སྤོད་སྣ་ཚོགས་དང་། སྤང་སྤོས་དང་མར་སྦྱར་ལ་མགོ་ཁྱབ་པར་བྱུགས། གྲ་ཕྱིན་ལ་འབོལ་ལོག་བཞིན་བྱས་ལ། ཁྲམ་ཤར་བྱས་ཏེ་སྐྱུར་ལ་ཕབ་ལ་གླན། ཞག་བདུན་དར་དང་མེན་ཏྲིས་རྒྱ་རྒྱ་ཆིངས་བྱ། དེའི་སྟེང་དུ་བླ་འབྲིང་དང་སོག་མིག་གིས་རྒྱ་ཆིངས་བྱ། སྒོ་བཞིར་ཕུར་བུས་བསྣོལ་ལ་བརྡེགས། ཞག་བདུན་མི་བཀྲོལ་བ་བཞག རྒྱ་སྲུབས་སུ་མར་དང་ཚིལ་བུ་བཞུ་བས་ཞུན་བྱ། གླ་སྒང་གི་ཕྱེ་མ་གདབ། སྤོས་ཀྱི་ཕྱེ་མ་དང་མར་དང་ཚིལ་བུ་སྦྱར་ལ་བྱུགས། རེ་བལ་གྱིས་འདབ་མ་ཁྱེའུ་ནུ་ཞོ་འཐུངས་པའི་ཆུས་དྲོད་ཕབ་ལ། དེའི་སྟེང་དུ་ཕྱིང་བུ་དྲོད་ཕབ་ལ་དགབ། དེ་ནས་པགས་བུ་དྲོད་ཕབ་ལ་དགབ། དེ་ནས་འཇག་གིས་དཀྲི། ཤ་འཐེམས་དང་རུས་འཐེམས་དང་ལུང་འབུར་རྣམས་ཟླ་བ་གཅིག་གཅིག་གིས་སངས་པ་སྲིད། ན་ཚ་ཆུང་ན་ཐུབ་པ་ཡིན། ཟུག་གཟེར་ཆེ་ན་གས་སྣ་དང་རྩའི་ཡར་སྣ་མར་སྣ་མེ་བཙའ་བྱ། གཙག་ཁ་བསྟན་དང་མེ་རུང་། པགས་པ་མ་རལ་བ་ལ་ཡོན་ཏན་གསུམ་ཡོད་དེ། ཤ་ཡི་དབུགས་མི་འཆོར་བའི་ཡོན་ཏན་དང་། ཁྲག་མ་ཤོར་བས་རུས་པ་ལ་ཁྲག་མི་འཆོལ་བའི་ཡོན་ཏན་དང་། རུས་པ་དང་པགས་པའི་དབུགས་མ་ཤོར་བས་ཤ་དང་ཁྲག་འཚོ། ཁྲག་གིས་རུས་པ་འཚོ། དྲོད་ཀྱིས་བཅོས་པས་ཁྲག་དང་ཆུ་སེར་སྐམ་སྟེ་རང་སྐམ་དུ་གར་སོང་ཆ་མེད་པར་འགྲོའོ། །ཞག་གསུམ་བཞི་ནས་ཁ་ཟས་ཡེན་ལ་གཏད། དེ་ནས་ཤ་ཆང་སྤྲུག་མ་གཏང་། ཚབ་ཆེ་ན་བསིལ་ཁྱེའུར་གཏང་། ལྟོ་ཆེས་ན་རྣག་ཏུ་འགྲོ་ཉན་ཆེ། མེར་མེར་པོར་འོང་སྟེ་བརྟོལ་དུ་མི་རུང་ངོ་། །བྱིས་པའི་མགོ་ཆག་པ་བཅོས་པ་ནི། བྱིས་པ་ནུ་ཞོ་འཐུང་པ་མན་ཆད་བརྡར་དུ་མི་རུང་། སྤྱིར་ཡང་བྱིས་པ་ལ་དྲ་བ་དང་བྲུད་པ་འཚམ་པར་བྱ། རུས་པས་སོ་རྩིགས་སུ་སོང་ན་འཇམ་བཅོས་བྱ། ཞོམ་པ་དང་། གས་པ་དང་། ལྷ་བ་འཐེམས་ན་ཤོ་རེ་བྱས་ལ་རུས་པ་བརྡར། ཀླད་འཐེམས་ཤེས་པར་བྱས་ལ། དེ་ནས་དྲོད་ཀྱིས་བཅོས། དར་དམར་པོ་དང་པགས་བུས་དཀྲི། དྲོད་ཀྱིས་བཅོས། ད་ནི་རྨ་ཁྲོག་པའི་བརྟག་བསྟན་ཏེ། གཡལ་མང་བ་དང་། ལྟག་མིག་བལྟ་བ་དང་། སྐབས་སུ་སྐྱིགས་བུ་འབྱུང་ཞིང་ཡེང་ཡེང་བོ་བྱས་པ་དང་། བྱ་རྨྱང་བྱེད་སྙིང་འདོད་པ་དང་བྱད་སེར་བ་དང་། མིག་སྤྲིན་སེར་ན་ཀླད་པའི་སྟེང་ན་རྣག་ཡོད། ཙག་ཙག་བྱེད་ན་ལྷ་བ་འབྲོས། གྲང་སིབ་སིབ་དང་བྲིང་བྲིང་བྱེད་ན་ལྷ་བ་འབྲོས། འདར་བ་དང་ལུས་གྲང་སིབ་སིབ་འདུག་ན་ཡང་ལྷ་བ་འབྲོས། ཁ་ཁ་ལ་སྐོམ་དད་ཆེ་ན་ཡང་ལྡོག ཟུག་གཟེར་ཆེ་ལ་མཆུ་དམར་ན་ཡང་ལྡོག ཟས་ཡིད་གར་མི་འོང་ན་ལྡོག འདོད་ཆགས་སྤྱད་ན་ལྡོག ཞག་བཅུ་གསུམ་ལོན་ནས་ལྡོག་པ་ཉུང་སྟེ། ཇི་སྲིད་ལོག་ཀྱང་གསོ་རུ་རུང་ངོ་། །མཐེབ་སྐོར་བྱས་པས་མི་བཟོད་པར་ས་ན་སྐྱོན་ཡོད། རྣག་རྩ་དམར་བ་དང་། སེར་བ་དང་། སྡོ་བ་དང་། སླ་བ་དང་། དྲི་མི་ཞིམ་པ་དང་། གཤིན་དྲི་ཆགས་ན་ངན། རྣག་དཀར་ལ་འཇམ་ན་བཟང་། ནད་པ་ན་ཚ་ཆུང་ན་བཟང་། རོ་རྒྱབ་གཟེར་བ་དང་། བཤུལ་ཤ་ན་བ་དང་། ཚིགས་གཞི་ན་བ་དང་། ཕོ་ཁ་འཁོར་བ་དང་། མཁྲིས་པ་སྐྱུགས་ན་འཆི། ལོག་ན་བཅོས་པའི་ཐབས་ལ། སྐྱོན་གང་བྱུང་བའི་ངོས་སུ་ཤ་དྲ། རུས་པ་ཡང་བརྡར། རྩ་མིག་གི་ཆུ་སེར་ཡང་གདོན། རྣག་ཆུ་གང་ནས་འོང་བའི་ངོས་ནས་རྣག་བཙགས། ལྷ་མིག་སྟོང་པ་སྦ་བཅད་པ་འདྲ་ན་དེའི་ལྷ་བ་དེད་ལ་ཁོང་ནས་ཆང་དང་ཤ་གསར་གྱིས་བུད། སློ་དང་སྦང་མ་བསྲེས་པས་ལུམས་བྱ། དྲོད་ཚིལ་དང་པགས་པས་གཏུམས། རྣག་ཁུར་མ་ཆད་པ་འདྲ་ན་ནི་ས་ཅིག་ན་མེད་པར་ཅོལ་ལེ་བ་སྟེ་ཕར་ཆེར་འཆི། ལྷ་མིག་སྔོ་སིབ་སིབ་སོང་ན་ཡང་འཆི། ལྷ་མིག་ནས་རྣག་རིལ་འབྲུ་ཙམ་སྔོ་ཙིག་ཙིག་བྱུང་ན་འཆི། ཤའུ་མགོ་ཆེ་ཞག་གཅིག་གཉིས་ན་སྐྱེ་ན་ཚ་བའི་བད་ཅེས་བྱ་སྟེ་བརྡར་དགོས་སོ། །ཀླད་པའི་རྒྱ་ཐུག་ཏུ་རྣག་ལྷུང་བ་ནི་ཆག་སྟེ་སྲུབས་ཞིག་པ་དང་། རུས་པ་ཆགས་པ་མ་ཚོར་བ་ལས་འབྱུང་སྟེ། ནད་པ་ཁང་ལྕི་ལ་དང་ག་མི་བདེ། གྲང་ཤུམ་དང་སྟོང་སྐྱུགས་བྱེད། རྐང་ལག་བཤལ་ནས་མིག་སེར་ན་ཀླད་པའི་རྒྱ་ཐོག་ཏུ་རྣག་ལྷུང་བ་ཡིན་པས་རྒྱ་སྐྱེག་ལ་ཤ་དྲ། རུས་པ་བརྡར། འོག་གི་གདན་ལ་ཐུག་ཙམ་ན་གཟབས་ལ་སྲབ་མོར་བརྡར། དེ་ནས་རྣག་གི་འོད་བལྟ་བ་སྟེ། ལུ་གུ་ཉལ་བ་ལྟར་སྐྱ་ཁྱིལ་ལེ་འདུག་ན་རྣག་གི་འོད་ཡིན། དེའི་ཐོག་ཏུ་བརྟོལ་བས་ཆོག རྨ་རྩི་གང་དང་འདྲ། ཡང་གཡས་ལྟ་བུ་ལ་ཕོག་པ་ན་གཡོན་ཆག་པ་ཡང་འོང་སྟེ། དེའི་ཐད་ཀར་རྟག་ཏུ་ན་རུ་འོང་། འབུར་གྱིས་བྱུང་ན་ཆག་པ་ཡིན་པས་དྲས་ལ་བརྡར། ཐང་དང་བྱི་ཚེ་མིག་ཚོད་དང་སྦྱར་རོ། །ཀླད་པ་ཚ་སྦོས་ཆེན་པོ་ནི་ཉེན་ཆེ་སྟེ། རྩེའུ་ཆུང་ལ་ཁྲག་ལྕོགས་ཚད་དབྱུང་ངོ་། །དེ་ལ་སྨན་དང་ཁ་ཟས་དྲོད་ཅན་སྦྱར་ན་འཆི། ལྷ་བ་སྐམ་དྲོས་ལ་སྨན་དང་ཁ་ཟས་བསིལ་དུ་གཏང་ན་འཆི། བཅོས་ཀྱང་སྐྱེད་མེད་པའི་ནད་པ་སྤང་། ཁ་ཤ་ཞ་བའི་བཅོས་ཐབས་ལ་སྤྲོད་སྣ་ཚོགས་དང་། བླང་སྒང་དང་། སྤང་སྤོས་མར་དང་ཞོ་སྦྱར་ལ་ལུམས་དང་དུག་བྱ། གཏིང་སྐྱོན་ཆེ་བས་འཕྲལ་དུ་འཆི་བར་བཤད་དོ། །རྨ་ཁ་སྐམ་ལ་ལྷ་བ་བྱེར་བ་རྣག་ཆུ་གཏིང་དུ་སོང་བའི་རྟགས་ཡིན། ཡང་ན་སྐམ་བྱེར་དུ་འགྲོ་བ་ཡིན་ཏེ་ཕལ་ཆེར་འཆིའོ། །རྩ་བྱེར་ལ་གང་དུ་བྱུང་བར་གཏར་སྲེག་དང་བསིལ་དྲོད་ཀྱི་དུག་སྣ་ཚོགས་བྱའོ། །རྡུལ་འདོན་ནི། ད་ནི་རྩ་ཟིལ་གྱིས་མནན་པའི་ཐབས་ལ། སྤྱི་བོའི་གནམ་སྟེང་དང་། དཔྲལ་བའི་འཛུམ་བརྟེན་དང་། རྣ་རྟག་གཡས་གཡོན་ན་རེ་རེ། ལྷག་པའི་ཆུ་མགོ་གཉིས། དེ་རྣམས་བྱར་རམ་སོ་མིག་མ་ཚོར་བའམ། བཅོས་མ་ལེགས་ན་གནམ་རྟེན་ཤོར་ན་ཨ་ཝ་དྷུ་ཏཱི་ཞེས་བྱ་སྟེ། སྲོག་རྩ་དང་རྒྱུ་མ་ལ་འབབ་བོ། །རྣ་རྟག་གི་རྩ་གཉིས་ཤོར་ནས་བཤུལ་ལ་འབབས་པས་བཤུལ་ཤ་རེངས་པས་ལྟག་པ་དགྱེ་བོར་འགྲོ། འཛུམ་རྟེན་ཤོར་ན་གློ་བ་ལ་འབབས། རྣ་བའི་མདུན་ངོས་ཀྱི་རྩ་གཉིས་ཤོར་ན་ཕོ་མཆིན་ལ་འབབ། ལྟག་པའི་ཆུ་མགོའི་རྩ་གཉིས་ཤོར་ན་རྐང་པ་ལ་འབབ་པས་གཟབས་ལ་བཅོས། མ་གཟབས་པ་རྣམས་ལ་རྩ་གཉེན་པོ་རྣམས་ཀླུ་དྲག་པོ་དང་འདྲའོ། །ད་ནི་ཤའི་རྩ་ཟིལ་གྱིས་མནན་ཏེ། ཤ་རྩ་ཆེན་པོ་ལ་མཚོན་ཕོག་པའམ། ཤ་རུས་པས་ཆོད་ནས་ཁྲག་མ་ཆོད་ན་ཕྱིང་པ་སྲབ་མཁྲེགས་ཀྱིས་ཕྱིར་ཐེམ་བྱ། དེའི་སྟེང་དུ་ངར་འཇག་གིས་རྒྱ་ཆིངས་བྱ། རྩ་འོལ་ཁ་བསྒྱུར། ཕྱིས་མེ་བཙལ་བསྲུང་ངོ་། །རུས་པའི་རྩ་ཟིལ་གྱི་མནན་པ་ནི། ཁྲག་གསོན་གཤིན་སྦྲོད། ཀླད་པ་ཟིལ་གྱིས་མནན་པ་ནི། རྣ་བའི་ཕྱི་ནང་དཔག་བསམ་གྱི་ཡལ་ག་བཞི་ཡོད་པས་དེ་ལ་རྩེའུ་ཆུང་གཡས་གཡོན་གཏར་བས་ཐུར་དུ་འབྲོས་མི་ནུས་སོ། །ཀླད་པ་དང་རུས་པའི་བར་གྱི་ཆུ་སེར་ཐོན་ནས་རྩ་ཡང་འབྲོས་མི་ནུས་སོ། །སྨན་དང་ཟས་ཀྱིས་ཁོང་ནས་བུས་པས་རྣག་དང་ཆུ་སེར་གྱེན་ལ་རྒྱུག་ཅིང་གཤེར་བར་འགྱུར། ཟས་ཀྱི་བྱེ་བྲག་གིས་ཚ་གྲང་ཆ་མཉམ། གཟེར་རྩ་ཟིལ་གྱིས་མནན་པ་ནི་རྩའི་མཐའ་མ་བསྐོར་ཏེ་དབུས་ལྟེ་བར་བཞག བཙན་ན་གསེར་གྱི་ཏེལ་པས་བསྲེག ཁོང་ནས་ཟས་དང་སྨན་གྱིས་བུད་དོ། །མན་ངག་འདི་ནི་བྱམས་དང་སྙིང་རྗེ་སྔོན་དུ་སོང་བས་བཅོས་དེ་ལྟ་མ་ཡིན་པའི་སྨན་ནི་གཤིན་རྗེའི་ལག་པ་ན་མཚོན་ཐོག་པ་དང་འདྲ་སྟེ། མི་ན་བ་ན་བར་བྱེད། ན་བ་འཆི་བར་བྱེད་པས་སྨན་མཁན་བྱང་ཆུབ་སེམས་དཔའ་སྙིང་རྗེ་དང་་ལྡན་པས་བྱའོ། །མན་ངག་འདི་ནི་མེ་ཏོག་གི་ནང་ནས་སྦྲང་རྩི་དང་འདྲ་འོ། །གསོ་དཔྱད་བདུད་རྩིའི་ཐིགས་པ་ལས་མགོ་དཔྱད་པདྨ་དྲི་མེད་ཅེས་པ་ལེའུ་རྫོགས་སོ།།

འཕགས་པ་ཀླུ་སྒྲུབ་ནས་བརྒྱུད་པའི་མན་ངག་འདི་ལས་འཕྲོས་པའི་གསོ་དཔྱད་ལ་མིང་འདོགས་མི་འདྲ་བ་དུ་མ་ཞིག་ཡོད་ཀྱང་། ངོ་བོ་འདི་ལས་མེད་གསུངས་སོ། །མཁས་ཤིང་གྲུབ་པ་བརྙེས་པའི་བྱང་ཆུབ་སེམས་དཔའ་རྗེ་བཙུན་ཆེན་པོ་གྲགས་པ་རྒྱལ་མཚན་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་ཀྱིས་གཙུག་ལག་ནས་ཕྱུང་བའི་སྨན་སྦྱོར་དང་། རྒྱུད་སྡེ་ཟབ་མོ་རྣམས་ནས་བཤད་པའི་སྔགས་དང་། རྫས་ཀྱི་སྒོ་ནས་རང་གཞན་རྗེས་སུ་གནང་བའི་ཐབས་སྐྱེས་བུ་དམ་པ་རྣམས་ཀྱི་གསུང་ལས་ཐོས་ཤིང་ཕྱག་ལེན་དུ་མཛད་པ་རྣམས་གདུལ་བྱ་མན་ངག་གིས་དབེན་པ་རྣམས་ཀྱི་དོན་དུ་ཕྱོགས་གཅིག་ཏུ་བསྡེབས་ནས་གསོ་དཔྱད་རྒྱལ་པོའི་དཀོར་མཛོད་ཅེས་མཚན་དུ་གསོལ་བ་འདི་ཡོངས་སུ་རྫོགས་སོ། །འདིས་སེམས་ཅན་རྣམས་ལ་ཕན་པ་རྒྱ་ཆེན་པོ་འགྲུབ་པར་གྱུར་ཅིག། །།

 

མཐའ་མའི་འདོན་ཐེངས་།: 18.07.2019 ཉིན། 3:26 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།