སྨན་རྩིས་དྲ་བ། - མན་ངག་ལྷན་ཐབས།

ལེའུ་ཞེ་གསུམ་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 10.11.2020
མན་ངག་ལྷན་ཐབས། >>

                                                    

ལེའུ་ཞེ་གསུམ་པ། གཉན་ནད་ནང་ཚན་ཁ་མེད་བཅོས་པ།

གཉན་ནད་ཁ་མེད་ཅེས་བྱ་གདུག་པའི་ནད། །རྒྱུ་རྐྱེན་རྟགས་དང་བཅོས་ཐབས་བཞི་ཡིས་བསྟན། །རྒྱུ་རྐྱེན་ངོ་བོ་གཉན་སྤྱི་མཐུན་པ་ལ། །ལུས་ལ་གནས་པའི་གཉན་བྱེད་རྩ་གསུམ་ཡོད། །དེ་ཡང་རླུང་རྩ་སྲིད་རྩ་ཁྲག་རྩ་གསུམ། །རླུང་རྩ་གསེར་གྱི་སྦུ་གུ་ཅན་ཞེས་བྱ། །སྲོག་པ་རྩ་ནས་བསམ་སེར་འབྲེལ་བར་རྒྱུ། །སྲིད་རྩ་དཀར་པོ་བསམ་སེ་ནས་བརྒྱུད་དེ། །ཕོ་མོའི་གསང་བར་འབྲེལ་བས་བདེ་བ་སྐྱེད། །ཁྲག་རྩ་སྲིན་བུ་མེ་རུ་རྩེ་ཁུག་བྱ། །བསམ་སེ་ནས་བརྒྱུད་མཁྲིས་པའི་རྩ་དང་འབྲེལ། །འདི་དག་དཔལ་ལྡན་རྒྱུད་ན་གསལ་མེད་ཀྱང༌།  །སྔ་འགྱུར་བདུད་རྩི་བུམ་པའི་དགོངས་པར་སྣང༌། །གདོན་དང་མི་གཙང་སྤྱོད་ལམ་ལ་སོགས་ཀྱིས། །འཁྲུགས་པས་ལུས་ཀྱི་ལྷན་སྐྱེས་སྲིན་བུ་སློང༌། །མཁལ་མའི་རྩ་དང་སྲིད་རྩ་སོགས་ཞུགས་ན། །གང་ཞུགས་རྩ་ཐད་ཕྱི་ལ་སྐྲངས་འབུར་བྱེད། །མཁལ་རྩར་ཞུགས་ན་མཁལ་རྩ་གཟེར་བ་ལ། །མཁལ་མའི་ཁུང་ལ་ཕུར་པ་བཙུག་པ་འདྲ། །ཆུ་ཁ་སྲི་ལ་རྐེད་པ་ཆད་སྙམ་བྱེད། །ཆུ་ལམ་རྩ་རུ་རྒྱུ་བས་ཆུ་སོ་ན། །འབྲས་བུ་སྐྲངས་ཤིང་ཡང་ན་རྩ་ཆུ་བསྡམ། །ཡང་ན་ཁྲག་དང་ཆུ་སེར་འཛག་པ་ལ། །མགོ་ན་ལུས་འདར་ཀུན་ལ་ཁྲོ་སྙིང་འདོད། །སྨན་པ་ཕལ་ཆེར་རླུང་འཛིན་དྲོ་བཅོས་བསྟེན། ཁ་ཅིག་མཁལ་མའི་ཚ་བར་དོགས་པ་ཡི། །བསིལ་གཏར་ལ་སོགས་ཚ་བའི་བཅོས་བྱེད་ཀྱང༌། །གང་བྱས་ཞག་གསུམ་ཚུན་ལ་སྲོག་ལ་རྒོལ། །འདི་ནི་ཚ་གྲང་ངོས་བཟུང་མི་ཐུབ་སྟེ། །གཉན་ནད་རང་བྱུང་ཁོང་ནས་འབྱུང་བ་ཡིན། །བཅོས་ཐབས་སྒེར་བཅོས་མེད་པར་འཚོ་མི་སྲིད། །དེ་ལ་སྨན་དཔྱད་ཟས་སྤྱོད་བཞི་ཡིས་བསྟན། །དང་པོ་ལྟེ་བ་རྒྱུ་ཞབས་རྩ་སྣ་སོགས། །གཉན་པ་ཀུན་ལ་ཁང་རྙིང་དུད་པ་དང༌། །གླ་རྩི་ཁྱི་ཕག་བྲུན་གྱི་ཐིག་ལེ་བྱ། །གུལ་ནག་ཤུ་དག་གླ་རྩིའི་བསྐོལ་ཐང་བཏང༌། །སྤྱི་སྨན་སུམ་ཆ་དཔའ་བོ་དེའི་བཞི་ཆ། །རྒྱ་ཡི་རིལ་བུ་ནག་རིང་དེ་དང་མཉམ། །གླ་གུལ་ཤུ་དག་གཉན་དུག་སྤྲུ་ནག་རྩ། །ཞིབ་བཏགས་ལོ་བརྒྱད་དྲི་ཆུས་རིལ་བུར་བསྒྲིལ། །ཐུན་གྲངས་མགྱོགས་མྱུར་ནད་སྟོབས་དཔགས་ལ་བཏང༌། །གོས་ཀྱིས་གྲིལ་ལ་ཙོག་པུར་བཞག་བྱས་ལ། །སྨན་དེ་སྐྱུག་ན་གདོང་ལ་ཆུ་གྲང་བརྡེག །མ་ཐུབ་གནམ་ལྕགས་ཟིལ་པའི་བཤལ་གྱིས་སྦྱང༌། །ལོག་གནོན་རྗེས་གཅོད་ཟས་སྤྱོད་ལ་སོགས་པ། །གཉན་ཚད་སྤྱི་རུ་བཤད་བཞིན་ཤེས་པར་བྱ། །ཞེས་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་ཡོན་ཏན་རྒྱུད་ཀྱི་ལྷན་ཐབས་ཟུག་རྔུའི་ཚ་གདུང་སེལ་བའི་ཀཏྤཱུ་ར་དུས་མིན་འཆི་ཞགས་གཅོད་པའི་རལ་གྲི་ཞེས་པ་ལས་གཉན་ནད་ནང་ཚན་ཁ་མེད་བཅོས་པའི་ལེའུ་སྟེ་ཞེ་གསུམ་པའོ།།



 

མཐའ་མའི་འདོན་ཐེངས་།: 11.11.2020 ཉིན། 10:39 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།