སྨན་རྩིས་དྲ་བ། - མན་ངག་ལྷན་ཐབས།

ལེའུ་ཞེ་གཉིས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 10.11.2020
མན་ངག་ལྷན་ཐབས། >>

                                       

  ལེའུ་ཞེ་གཉིས་པ། གཉན་ནད་དོན་སྣོད་སོགས་ལ་བབས་པ་བཅོས་པ།

གཉན་ནད་དོན་སྣོད་ལ་བབས་ནང་ལྷོག་ཅེས། །རྒྱུ་རྐྱེན་གོང་དུ་བརྗོད་ལས་མི་སྤྲོ་ཞིང༌། །འདི་རུ་བབས་རྟགས་གསོ་ཐབས་གཉིས་ཀྱིས་བསྟན། །དེ་ནི་སྲོག་རྩར་བབས་ན་ལུས་མདངས་འཆོར། །འབུར་ཚུགས་བལྟ་ཞིང་ཁ་ལྐུགས་མཆུ་མི་འཛུམ། །ལུས་དགྱེ་ལྟག་པ་རེངས་དང་རྔུལ་ཆུར་འཛག །ཁྲག་ནག་འཁྲུ་སྐྱུགས་བྱུང་ན་བདུན་ལ་འཆི། །མཆིན་བབས་མགོ་ན་ཁ་ཡོ་སོ་དྲེག་ཆགས། །ཉལ་འདུག་མི་ཤེས་ལུས་རྔུལ་མཆིན་རྩ་འབུར། །མིག་དམར་འཁུན་དྲག་མཆིན་དྲི་གྲིས་གཏུབས་སེམས། །སྣ་ཁྲག་བབས་རྗེས་ཤེད་ཉམས་གསུམ་ལ་འཆི། །མཁལ་བབས་གླང་ཐབས་ན་ཞིང་རྐང་པ་ན། །ཐོར་ཕྲན་ལུས་ཁྱབ་གྲང་ཤུམ་བརྐྱང་བསྐུམ་དཀའ། །གྱེན་དུ་མིག་བསྒྲིལ་ཆུ་སྲི་སྐྱིགས་བུ་མང༌། །ཁྲག་འཛག་གཟེར་བ་མི་འཕོ་གསུམ་ལ་འཆི། །སྣོད་བབས་ལྟེ་འོག་གཟེར་འཁྱུག་འབར་འབུར་མང༌། །བ་སྤུ་གྱེན་ལོག་རུས་ཚིགས་མ་ལུས་རེངས། །འཁྲུ་ཞིང་ལུས་རྔུལ་སྐད་འཐམས་སྐོམ་དད་ཆེ། །ཆུ་བསྡམས་ལོང་ཁྲག་འདྲེས་འཁྲུ་བདུན་ན་འཆི། །གང་དུ་བབས་ཀྱང་གྲེ་བ་འགགས་པ་མང༌། །གསོ་ཐབས་སྨན་སྔགས་དཔྱད་ཟས་སྤྱོད་ལམ་ལྔ། །སྨན་ལ་ཐང་དང་ཕྱེ་མ་རིལ་བུ་གསུམ། །ཐང་ནི་སྒོས་ཀྱི་གསང་སྨན་ཕུར་ནག་མོ། །ཕུལ་གསུམ་བསྡུས་ཁུར་གླ་རྩིའི་དྲིས་བསྒྱུར་བ། །ཕོག་མ་ཐོག་ནས་དྲོ་འཇམ་ཡང་ཡང་བཏང༌། །ཕྱེ་མ་དོན་སྣོད་སོ་སོའི་ཁ་འཛིན་དང༌། །སྲིན་སྨན་རྒྱལ་བློན་དམག་མི་མཚོན་ཆར་བཅས། །མྱུར་བར་བཏང་བས་འཕྲལ་དུ་དེ་སྲོག་སྟེར། །དེ་ (རིལ་བུ་ནི་) ཉིད་མར་དཀར་དྲིལ་བ་ཐང་དང་བསྡེབ། །རིལ་བུ་གསང་སྨན་ནུས་ (ཡང་འདི་ལ་མཁས་པ་གཞན་ལུགས་) ལྡན་སྲེག་བྱེད་དེ། །རྒྱལ་པོ་ཡིན་ནོ་བློན་པོ་ཞལ་ཁ་བསྒྱུར། །དམག་མི་ས་བཅུད་ཕོ་མོ་དྭ་བ་དང༌། །རྒྱ་ཚྭ་གཏུམ་ (རྣོ་བའི་མཚོན་ཆ་) པོ་ཐང་ཕྲོམ་ལང་ཐང་རྩེ། །ཤུ་དག་འཛིན་པ་གུ་གུལ་སྤྲུ་མ་ནག  །བྱི་ཏང་མ་རུ་ཙེ་དང་སྒོག་སྐྱ་དང༌། །ཤིང་ཀུན་གཡེར་མ་དྲེས་མའི་འབྲས་བུ་རྣམས། །གཙོ་བོ་ཆ་གཅིག་གཞན་རྣམས་ཆ་ (ཕྲན་རེ་རེ་) མཉམ་སྟེ། །ཞིབ་བཏགས་རིལ་བུ་མར་གྲིལ་ཕུར་ཐང་དབུལ་ (སྦྱོར་སྣོན་ཕྲན་བུ་ངག) ། །ཐུན་ཚད་ནད་སྟོབས་སྦྱར་བས་གཉན་སྲིན་གསོད། །ས་སྟེང་འདི་ཡི་གཉན་ནད་ (དང་སྲིན་) ཐམས་ཅད་ཀུན། །སྦྱོར་བ་འདི་ཡིས་མི་འཇོམས་ཡོད་མི་སྲིད། །འདི་མེད་ (འདི་ཡོད་ན་གཞུང་སོགས་གཞན་དུ་བཤད་པའི་གསང་སྨན་ལ་སོགས་བཟང་བཟང་པོ་མང་པོ་མི་དགོས་) ཁོང་ལྷོག་གསོ་འདོད་སྨན་པ་རྣམས། །དཔའ་བོ་མཚོན་མེད་གཡུལ་ངོར་འཇུག་པ་འདྲ། །དེས་ན་འདི་ནི་ཤིན་ཏུ་གཅེས་པར་བཟུང༌།  །རྒྱ་ཤོག་ (སྔགས་) ག་པུར་གི་ཝཾ་ཆུས་བྲིས་པའི།  །ཡིག་འབྲུ་ཁྱུང་ལྔས་གཏུམས་ལ་ནང་མ་རེར། །ལྔ་ལྔ་བཏང་བས་ཁོང་ལྷོག་འཇོམས་པ་ཡིན། །དཔྱད་ནི་དུགས་དང་བྱུག་པའི་སྦྱོར་བའོ། །བྱེ་བྲག་སྲོག་རྩར་བབས་པ་བཅོས་པ་ནི། །ཕུར་ནག་བསྐོལ་ཁུར་གླ་རྩི་ (ཞིབ་བཏགས་ཕྱེ་མ་) ཞོ་གང་དང༌།  །ཤུ་དག་སྲན་ཙམ་བཏབ་ལ་ཅི་མང་བླུད། །གཟེར་སར་སྤང་སྤོས་ཤུ་དག་གླ་རྩི་ (དྲི་ཆུ་མར་དཀར་སྦྱར་བས་) བྱུག  །གྱོ་མོ་སྲད་ནག་འབའ་ཆ་དྲི་ཆུས་ (ར་བཅོས་པ་) བདུག །མཆིན་བབས་དང་པོ་སྒོས་ཀྱི་གཉེན་པོའི་ཐང༌། །དྲོ་འཇམ་ཡང་ཡང་བླུད་ལ་བྱུག་བདུག་བྱ། །རྒྱལ་བློན་དམངས་སྟེང་གུར་ཀུམ་བསྣན་པ་མཆོག །མགོ་ན་ཨ་རུ་གོ་སྙོད་པི་པི་ལིང༌། །བ་ཤ་ཀ་དང་ག་པུར་བྲན་ལ་ (གོང་དུ་བཤད་པའི་བྱུག་བདུག་བྱ།) བླུད།  །ཡང་ན་གཉེན་པོའི་ཐང་ལ་གི་ཝཾ་བཏབ། །མང་བཏང་ཤི་བ་དུར་ནས་སློང་བར་འགྱུར། །མཁལ་བབས་ (སྒོས་ཀྱི་) ཐང་ལ་སྒ་སྐྱ་ཚནྡེ་བཏབ། །རིལ་ (རྒྱལ་བློན་དམངས་བཅས་ཀྱི་སྨན་ལ་) བུ་མར་ (དཀར་གྱི་) གྲིལ་ (བས་འཇོམས་) ཤུག་པ་སྤང་སྤོས་བྱུག  །ཁྱི་ནག་བྲུན་དང་འཁན་པ་མཛོ་ལྕི་དང༌། །འབའ་ཆ་སྒོག་སྐྱ་བྱ་བྲུན་སྤྲུ་བས་བདུག །སྣོད་བབས་གཉེན་པོའི་ཐང་བཏང་བྱུག་བདུག་བྱ། །ཕུར་མོང་དུ་བ་མ་ཤོར་ནུས་ལྡན་བསྲེགས། །རྒྱལ་བློན་དམངས་བཅས་མར་དཀར་རིལ་བུ་བསྒྲིལ། །ཐང་གིས་འཕུལ་མིད་གླ་རྩི་ཆང་སྦྱར་བཏང༌། །སྨན་རྣམས་གཞན་གྱིས་མ་མཐོང་ནུས་པ་ཆེ། །ཀུན་ལ་ཆུ་སྲི་བྱི་ས་ཤར་ལྟའི་དུགས། །རེངས་ན་བྱུག་པ་གཟེར་སར་དུགས་ཉིད་བསྔགས། །ཞག་ལྔ་མ་འདས་མ་ (གནད་ལ་) ཕུག་གོང་དུ་བཅོས། །ཟས་སྤྱོད་རྗེས་སྐྱོང་གཉན་ཚད་སྤྱི་དང་མཐུན། །ཞེས་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་ཡོན་ཏན་རྒྱུད་ཀྱི་ལྷན་ཐབས་ཟུག་རྔུའི་ཚ་གདུང་སེལ་བའི་ཀཏྤཱུ་ར་དུས་མིན་འཆི་ཞགས་གཅོད་པའི་རལ་གྲི་ཞེས་པ་ལས་གཉན་ནད་དོན་སྣོད་སོགས་ལ་བབས་པ་བཅོས་པའི་ལེའུ་སྟེ་ཞེ་གཉིས་པའོ།།




 

 

མཐའ་མའི་འདོན་ཐེངས་།: 11.11.2020 ཉིན། 10:37 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།