སྨན་རྩིས་དྲ་བ། - གསོ་དཔྱད་རྒྱལ་པོའི་དཀོར་མཛོད།

ལེའུ་བཅུ་བདུན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 18.07.2019
གསོ་དཔྱད་རྒྱལ་པོའི་དཀོར་མཛོད། >>


ལེའུ་བཅུ་བདུན་པ། ཤ་དུག་གསོ་བའི་གདམས་ངག་ཧ་ལ་འཇོམས་བྱེད།

ཨོཾ་སྭསྟི་སིདྡྷཾཾ། ཨོཾ་ཨཱཿ་ཧཱུཾ། བཅོམ་ལྡན་འདས་སྨན་གྱི་བླ་མ་ལ་ཕྱག་འཚལ་ལོ། །ཤིན་ཏུ་དྲག་པོ་མི་བཟད་པའི་ཤ་དུག་གསོ་བའི་གདམས་ངག་ཧ་ལ་འཇོམས་བྱེད་ཅེས་བྱ་བ་འདི་ལ། དང་པོ་རྟགས་བརྟག་པ་ནི། འདི་ནི་འཕྲལ་ལ་གསོད་པར་བྱེད་པའི་ནད་ཡིན་ཏེ། གྲེ་བ་ནས་ཟས་དང་། སྨན་དང་ཆུ་མི་ཐར། བག་རེ་ཐར་ཡང་འཕྲལ་ལ་སྐྱུག སྐྱུག་པས་བདེ་བ་སྙམ་བྱེད་ཀྱང་སླར་ལ་ཐུ་བ་ཡིན། སྐད་ཅིག་རེ་རེ་ལ་འགྱུར་ཞིང་ཐུ་རུ་འགྲོ་བའི་ནད་ཡིན། ཤེས་པ་གསལ་ལ་སྙིང་མི་དགའ། ཟོས་མ་འཕྲལ་ལ་ལྡང་བ་ཡང་ཡོད། ཉིན་མཚན་ཕྱེད་དམ། ཉིན་ཞག་གཅིག་གམ། ཞག་གཅིག་ལས་མི་ཐོགས་པར་ལྡང་སྟེ། མིག་མི་ཕྱེད་པར་རྫི་མ་ཕབ་ནས་སླེང་ངེ་བཙུམ་ན་བྱས་ནས་མིག་སྲིབ་པར་འོང་། གྲེ་བ་མི་བདེ་བར་འགགས། ལྕེ་ཆུང་བབས་པ་སྙམ་བྱེད་། ཐུམ་ཐུམ་མིད་ན་བདེ་བ་སྙམ་བྱེད། སྐད་གཅིག་ལ་གྲེ་བ་འཛེར། ལྕེ་སེར་ལ་སྐམ། མིག་མི་གསལ། མི་བཟོད་པ་ཕོ་བར་ཟུག་ནས་སྦོ། རིམ་གྱིས་འདེབས་པའི་སྔ་རྟགས་བཞིན་དུ་མགོ་བོ་ན། རུས་པ་ཁོལ། གྲང་ཤུམ་བྱེད། ཤེས་པ་སྙོམ་མོ། །ཤུ་དག་མི་བཟད་པ་ཚབས་ཆེན་པོ་འོང་ན་དྲི་ཆུ་ཡང་བསྡམ། རྩ་ཡང་ཁྲག་ནད་དང་། རིམ་དྲག་པོ་ལྟར་སྦོ་ཞིང་གྲིམས་ལ་དྲག་ཏུ་འཕར། དྲག་པོ་མི་བཟད་པའི་དུག་ཅེས་བྱ་སྟེ། གསོ་ལོང་མེད་པར་ཀུན་གཞི་འཕོས་པས་མྱུར་དུ་བསྒྲིམ་ལ་གསོ། དེ་ཡང་ཐོག་མར་བདེ་ཞིང་ཟུག་གཟེར་མི་འོང་སྟེ། སྔ་རྟག་ཕྲ་མོ་ཤར་བ་དང་མྱུར་བར་འབོད། དེ་ལ་སྨན་སྦྱར་བ་ནི། ཐོག་མར་སེར་ག་བ་མོ་མ་བྱུང་བའི་དུས་སུ། འོམ་བུའི་ལོ་མ་ཟིལ་པ་ཅན་གཏུམ་ལ་གྲིབ་སྐམ་བྱས་ཏེ། དེ་ཁྲམ་ཁྲུམ་བརྡུངས་ལ་སྲང་རེ་ཙམ་བསྐོལ་བའི་ཐང་གཏང་ངོ་། །དེ་གཅིག་པུས་ཀྱང་འཚོའོ། །སྨན་དེ་རྙིང་ན་ནུས་པ་ཆུང་ངོ་། །སྤང་རྒྱན་དཀར་པོའི་རྩ་བ་འམ།  མེ་ཏོག་གང་རུང་ཀ་ར་དང་སྦྱར་ལ་གཏང་། ལྡུམ་བུ་རེ་རེལ་དང་། ཆིག་ཐུབ་དཀར་པོ་དང་། སྐྱེར་པའི་བར་ཤུན། སྲོ་ལོ་དཀར་པོ། འོམ་བུ། སོ་ཕག་གསར་པ་ཡག་མ་རྣམས་སོ་སོ་རང་རང་རེའི་ཆིག་ཐང་གཏང་ངོ་། །ཐབས་འོག་ས་ཚིག་པ་ཁུ་བ་གྲུང་ལ་གཏང་ངོ་། །ཡང་སྲིན་གྱིས་གྲེ་བ་འགག་པ་ཡིན་པས། སྲིན་བཟློག་པའི་ཐབས་ལ། དང་པོ་ཤ་གང་ལས་བྱུང་བརྟགས་ལ། ཤ་གང་ལས་བྱུང་བའི་བྲུན་ཕུལ་གང་ངམ། བྱེ་ཕྱེད་ཙམ་སྦངས་ལ། དེ་རས་ཚགས་ལ་བཙག་ཏེ་ཁ་ནས་གཏང་ངོ་། །ཡར་མར་མ་ཐར་ན། སེར་ཁ་ན་ར་ཧ་ལྟར་གཏང་། ཆུར་ཁུའམ་ཞོ་གསད་པའམ་འོ་མ་གསད་པ་དང་བསྲེས་ལ་བཏང་། བུ་རམ་དུམ་གཅིག་བཏབ་ནས་ཡང་སྲིན་བུ་ཚད་དུ་འཇུག་པར་འགྱུར་རོ། །སྲིན་ཕྱིས་མི་ལྡང་བར་བྱ་བ་ལ། ཆུ་བཟང་པོ་བྲེ་གང་བསྐོལ་ལ་ཕུལ་གང་དུ་གདུའོ། །འདུས་པ་དང་ཤིན་ཀུན་རིལ་མ་ཙམ་གཅིག་བཏབ་ལ་ཞུ་བ་དང་གཏང་ངོ་། །བྱང་གཡག་གི་ཤ་ལས་བྱུང་ན་ཡུལ་གཡག་གི་བྲུན་ལ་བྱ། ཤ་བ་ལ་བ་ལང་། གནའ་བ་ལ་ལུག དགོ་བ་ལ་ར། རྐྱང་གི་ཤ་ལས་བྱུང་ན་རྟའི་བྲུན་ལ་བྱའོ། །ཡང་ལུག་གཅིག་ལ། རྫ་ལོངས་མ་སྤྱད་པའི་རྫའམ། སོ་ཕག་ཁྲག་ཁྲུམ་དུ་བརྡུངས་ལ་ཆུ་བྲེ་གང་དུ་བླུགས་ལ་བྲེ་ཕྱེད་དུ་གདུ། དེ་ལ་ཡུང་བ་དང་ཨ་རུ་ར་དང་བོང་ང་དཀར་པོ། འོམ་བུ་རྣམས་བརྡུངས་ལ་ཆུ་བྲེ་ཕྱེད་པོ་བཞིན་ཕུལ་གང་དུ་གདུས་ལ་ཁོང་དུ་གཏང་ངོ་། །བདུད་རྩི་འདིས་མ་སོས་པ་གང་ཡང་མེད་དོ། །ཡང་སྲིན་གྱིས་གྲེ་བ་འགག་པ་ལ་ཆུ་རྡོ་གྲང་མོ་དང་། གྲོད་པ་ཆུས་བཀང་བས། ཕོ་བ་དང་བྲང་ལ་བདུག་པས་ཀྱང་སྲིན་ལྡོག་པར་འགྱུར་རོ། །བྱ་ཏ་ངག སྲིན་སྨན་མ་རུ་རྩེ། ཕུར་མོའི་ལོ་མ། གུ་གུལ་དཀར་པོ། སྟག་ཤ་བ། ག་པུར་རྣམས་ཆུ་ལ་སྦྱང་ལ་གཏང་། དེས་ཀྱང་སྲིན་ལྡོག་གོ། སྲིན་བུ་ཤའི་དུག་གི་བྲེད་ནས། སྣོད་ནས་གྲེ་བའི་ནང་དུ་བྲོས་པས། སྲིན་བུ་དང་དུག་གི་རླངས་པས་གྲེ་བའི་སྦུག་འགག་པར་བྱེད་པས་སྲིན་བཟློག་པ་ཁོ་ན་གཅེས་སོ། །སྡིག་བསྡུ་བ་ནི་སྦྲང་རྩི་གཡུང་དང་། ཀ་ར་ཆུ་གཙང་སྦྱར་ལ་ཐོག་མར་གཏང་། དེ་ནས་གོང་གི་སྨན་གཏང་ཡང་ལེགས། ཡང་བླ་(གླ་)རྩིའི་ཆུ་གཏང་ངོ་། །རྐེ་དང་ཕོ་བ་ནམ་ཆུང་ལ། འཁྲུལ་འཁོར་ཆུ་ཡི་གཟེར་ན་བྱ་རྒྱ་མཚོ་ལྕིད་མེད་དུག་ཀྱིས་བདུག གྲང་དུག་མཐའ་དག་བྱ་བ་དང་། སྟེང་རླུང་སྡོམ་ཀྱང་ཕན་པ་ཡིན། དེས་ན་སྲིན་བུ་ལྡོག་པར་འགྱུར། ཞེས་པས་སྐྱུགས་དང་། གཏར་ག མེ་རྩ་མི་བྱ། ལྟོ་བཤལ་འཛུག་པ་དཀའ་བ་ཡིན་ཏེ་མ་ཟུག་ན་སྐྱུག་པ་གཏང་ཡང་ཐུབ་བོ། །ནི་རུ་ཧ་དང་རེང་བུ་སྔགས་སོ། །ཟས་དང་སྤྱོད་ལམ་ནི་དཀར་གསུམ་སྐྱུར་གསུམ། ཤ་རུལ་སུམ་གྲོད་ཀྱི་ཟས་ཐམས་ཅད་སྤངས་ཏེ། ནད་འདི་མེའི་རང་བཞིན་ཡིན་པས་སོ། །ནད་འདི་སྣུམ་པས་སྣུམ་ཅན་གྱི་ཟས་ཐམས་ཅད་སྤངས། ལྕི་སྣུམ་དྲོད་ཀྱི་རང་བཞིན་ས་ཆུ་མེ་ལས་བྱུང་བ་བད་ཀན་མཁྲིས་པ་འདྲེས་པའི་ནད་ཡིན་པས། ཉུངས་མའི་ཐུག་པ་བག་རེ་གཏང་ངོ་། །བསིལ་སྨན་མཐའ་དག་བསྟེན། ཆར་ཆུ་དང་གཡའ་ཆུ་དང་གངས་ཆུ་དང་ས་རྟིང་ཁྲོན་པ་བསིལ་བའི་ཆུ་རྣམས་མཚུང་དང་། མུ་ཟི་བ་ཚ་མེད་པ་རྣམས་སྨན་སྦྱར་བ་དང་། སྨན་དབུལ་བ་དང་། སྐོམ་དུ་གཏང་ངོ་། །དྲུས་ཐུག འབྲས་ཐུག ལྕགས་ཁུ་གཏོང་ངོ་། །མཇུག་ཏུ་དུར་བྱིད་ཀྱིས་གཙོ་བྱས་པའི་བཤལ་གཅིག་གཏང་ངོ་། །ཡང་ན་ཨ་རུ་ར་ཉི་ཤུ་གཅིག་བཅོས་ལ་ཁུ་བ་ཡང་ཡང་གཏང་ངོ་། །ཕྱི་དེས་ནད་འཁྲེན་དང་ནད་རོ་མི་འབྱུང་ངོ་། །དེ་ནས་ཤུ་དག་དང་བཙན་དུག་ཐུན་མོང་དུ་བཅོས་པའི་སྨན་སྦྱར་ནི། བྱ་རྒོད་སྤོས་ཀྱི་མེ་ཏོག་དང་ཉུངས་གཞིའི་མེ་ཏོག་དང་བོང་ང་དཀར་པོ། ཨ་རུ་ར་རྣམས་ཆ་མཉམ། དེ་རྣམས་ཀྱི་ཉིས་འགྱུར་ལྡུམ་བུ་རེ་རལ་གཏང་། དེ་རྣམས་ཞིབ་པར་བཏགས་ལ་གདུས་ཆུས་ཕུལ་ལ་གཏང་ངོ་། །ཡང་ཚ་བཟང་པོ་བུལ་མེད་པ་དང་ཀ་ཏ་དཀར་པོ་མཉམ་པར་ཆུ་ལ་ལྷུར་བྱས་ལ་གཏང་ངོ་། །ཡང་མིའི་དྲི་ཆེན་སྐམ་པོ་དང་ཚ་ལ་ཆ་མཉམ་ནས་ཆུ་ལ་སྦྱར་ནས་གཏང་ན་སོ་འཐོམ་པར་གྱུར་པ་ལ་ཡང་སླེབས་པས་ཆོག་པ་ཡིན་ནོ། །ཡང་ན་ཤུ་དག་མཐེ་བོང་ཙམ་གཅིག་ཆུ་ལ་སྦྱངས་ནས་གཏང་ཡང་ཕན་ནོ། །ཤ་དུག་གིས་གྲེ་བ་འཐམ་པ་ལ། ནད་པ་རང་གི་གོད་ཙ་གཡས་པའི་དྲི་མ་སླ་ངར་དང་ཅིག་བསྡུས་པས་གཏང་པས་ཤིན་ཏུ་ཕན་ནོ། །ཨ་རུ་ར་། བྲག་ཞུན། བོང་ང་དཀར་པོ་གསུམ་ཆ་མཉམ་ནས་ཞིབ་པར་བྱས་ལ་ཆུས་སྦྱར་ནས་གཏང་ན་ཤ་དུག་ངེས་པར་སེལ་ལོ། །ཡང་ན་བོང་བུ་ག་དམར་ཕུབ་ཀྱི་ཁུང་དུ་བགྱིགས་ལ། དེ་ལས་བྱུང་བའི་ཁུ་བ་རས་ཀྱི་བཙག་ལ། ཨ་རུ་རའི་ཕྱེ་མ་བཏབ་ནས་གཏང་ན་གྲེ་བ་འགག་པ་སེལ་བར་འགྱུར་རོ། །ཡང་ན་དུག་གིས་མིད་པ་འཁྲིལ་ནས་ནན་ཆུ་བཟང་པོ་ལ་བོང་ང་དཀར་པོ་བཏབ་ལ་གཏང་ངོ་། །འདི་རྣམས་ནི་སྨན་སླེབས་པས་ཆོག་པ་ཡིན་ནོ། །ཨོཾ་མ་ཧཱ་བྷིས། ཀ་ར་ཙ་བྷིས། ཏི་ལི་བྷིས། ཞེས་པའི་སྔགས་འདིས་དུག་ཐམས་ཅད་ཐུབ་སྟེ། དྲན་པ་ཙམ་གྱིས་ཆོག་གོ། རང་དགོས་ན་འགའ་བཟླས། ནད་པ་གསོ་ན་ཆུ་ལ་སྦྱར་ནས་གཏང་ངོ་། །གསོ་དཔྱད་བདུད་རྩིའི་ཐིགས་པ་ལས། ཤིན་ཏུ་དྲག་པོ་མི་བཟད་པ་ཤ་དུག་གསོ་བའི་མན་ངག ཧ་ལ་འཇོམ་བྱེད་ཅེས་བྱ་བའི་ལེའུ་རྫོགས་སོ།། །།

 

མཐའ་མའི་འདོན་ཐེངས་།: 18.07.2019 ཉིན། 11:13 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།